དེ་རིང་ངོ་དེབ་སྟེང་གི་རྩོམ་ཡིག་ཅིག་བཀླགས་ཚར་རྗེས་སླར་ཡང་གསར་འགྱུར་དེ་འཚོལ་དགོས་པར་གྱུར། ངས་རྩོམ་ཡིག་འདི་མཐོང་བ་ཐེངས་གསུམ་པ་དེ་ཡིན་བསམས་བྱུང་། ཐོག་མར་བསྟན་འཛིན་རྡོ་རྗེ་ལགས་ཀྱི་ངོ་དེབ་དང་དེའི་རྗེས་སུ་མཁས་པ་ཚེ་རིང་ཤཱཀྱ་ལགས་ཀྱི་ངོ་དེབ་གཉིས་རེད། ད་ཡང་བསྐྱར་བརྟགས་སྐབས་མཁས་པ་ཚེ་རིང་ཤཱཀྱ་ལགས་ཀྱིས་འདི་ལ་མཆན་ཐུང་ཞིག་ཀྱང་བཞག་འདུག མཆན་ཐུང་དེར། “བོད་མིའི་ནང་ཁུལ་དུ་སྐད་འཕྲིན་ནི་ཧ་ཅང་གྲགས་ཆེ་ཡིན་པ་དང་། བོད་ནང་གི་གྲོགས་པོ་དག་དང་ལྷན་དུ་སྐད་འཕྲིན་འདི་སྤྱོད་རྒྱུ་ལས་གཞན་པའི་འདམ་ཁ་མི་འདུག” ཅེས་བྲིས་འདུག ད་དུང་བོད་མི་འོད་ཟེར་ཚེ་རིང་ཞུ་བ་ཞིག་གིས་རྩོམ་ཡིག་འདི་བཀླགས་པ་ལ་བརྟེན་ནས་སྐད་འཕྲིན་སྒོ་བརྒྱབ་པ་ཡིན་ཞེས་ཀྱང་གསུངས་འདུག དེ་ལྟར་ན་རྩོམ་ཡིག་འདི་ནི་སྐད་འཕྲིན་གྱི་སྐོར་ལ་ཡིན་པ་དང་། རྩོམ་ཡིག་སྤེལ་ས་ནི་ Slate.com ཞེས་པའི་དྲ་རྒྱ་དེ་ཡིན་པ་རེད། རྩོམ་ཡིག་འདི་འབྲི་མཁན་ནི་ Nathan Freitas ཞུ་བ་ཡིན་པ་དང་། རྩོམ་ཡིག་འདི་ ཟླ་བ་འདིའི་ཚེས་ ༦ ཉིན་སྤེལ་འདུག
འདིར་བཤད་པའི་གནད་དོན་མང་པོ་ཞིག་ནི་ང་ཚོ་ལ་འབྲེལ་བ་ཆེ་བ་མ་ཟད། ང་ཚོས་སྐད་འཕྲིན་སྤྱོད་མཚམས་མ་བཞག་ཀྱང་སྐད་འཕྲིན་དུ་སྐད་ཆ་བཤད་སྐབས་གཟབ་གཟབ་བྱེད་རྒྱུར་ཕན་ངེས་པའི་ཆ་ནས་འདིར་རོབ་ཙམ་བསྒྱུར་ཡོད། འོན་ཀྱང་བྲེལ་སྟབས་ཀྱིས་བསྒྱུར་པ་དང་། འཕྲུལ་རིག་གི་བརྡ་ཆད་ལ་རྒྱུས་མངའ་མེད་སྟབས་འགྱུར་ནོར་བ་དང་གོ་མི་བདེ་བ་སོགས་ཡོད་ཚེ་དགོངས་འགལ་མེད་པ་ཞུ་ཞིང་། ཟུར་གསལ་འབྲེལ་ཐག་ལ་བསྣུན་ནས་མ་ཡིག་ལ་གཟིགས་པ་དང་བསྐྱར་བཅོས་ཡོང་བའི་རེ་བ་ཞུ་བ་ཡིན། མ་ཡིག་
འཛམ་གླིང་ཁྱོན་གྱི་མི་རྣམས་ཀྱིས་དྭང་བླང་གི་ཐོག་ནས་རྒྱ་ནག་གི་མེ་ཡི་ལྕགས་རི་ལ་མགོ་འབུལ་བྱེད། ཅིའི་ཕྱིར།
འདས་པའི་ལོ་ཤས་ནང་། རྒྱ་ནག་གི་བཟོ་གྲྭ་ཊེན་སེན་ཊི་ (Tencent)ཞེས་པས་བཟོ་སྐྲུན་བྱས་པའི་ལག་འཁྱེར་ཁ་པར་གྱི་འཕྲིན་གཏོང་མཉེན་ཆས་སྐད་འཕྲིན་(Weixin)ཞེས་པ་དེ་རྒྱ་ནག་ནང་ཁུལ་ཙམ་དུ་མ་ཟད་འཛམ་གླིང་ཁྱོན་ཡོངས་ལ་འཕེལ་རྒྱས་གནམ་ལ་སྙེག་པ་ཞིག་བྱུང་། རྒྱ་ནག་ནང་ཁུལ་གྱི་ལག་འཁྱེར་ཁ་པར་སྤྱོད་མཁན་ས་ཡ་ ༥༠༠ ལ་མཚོན་ན། འཕྲིན་གཏོང་མཉེན་ཆས་ WhatsAppདང་། Viber། Line། Twitter། Facebook བཅས་ནི་གཏན་འགོག་གམ་ཡང་ན་ཡང་ཡང་འགོག་རྐྱེན་སྤྲད་པ་ལ་བརྟེན་ནས། སྐད་འཕྲིན་མཉེན་ཆས་ནི་ལག་ཁྱེར་འཕྲིན་གཏོང་ཆེད་བེད་སྤྱོད་བྱེད་རྒྱུར་ལྷག་ཡོད་པའི་མཉེན་ཆས་ཁྲོད་ཀྱི་གཅིག་ཏུ་གྱུར་ཡོད། འཛམ་གླིང་ས་ཁུལ་གཞན་དུ་ཡོད་པའི་ལག་འཁྱེར་སྤྱོད་མཁན་ས་ཡ་ ༡༠༠ ལྷག་ལ་མཚོན་ན། ཧ་ཅང་སྤྱོད་བདེ་བའི་ཉམས་མྱོང་དང་། གྲགས་ཆེ་བའི་ཁྲོམ་བསྒྲགས། དེ་བཞིན་ “འཕྲིན་གཏོང་དང་ཁ་བརྡ་བྱེད་པ་རིན་མེད་ཡིན་པའི་”ཁས་ལེན་བྱས་པ་དེ་དག་ལ་བརྟེན་ནས་ཐག་རིང་ན་གནས་པའི་ཕྱི་སྡོད་རྒྱ་མི་རྣམས་ཀྱིས་མཉེན་ཆས་འདི་མ་ལེན་ཐབས་མེད་ལྟ་བུ་ཞིག་ཏུ་གྱུར་ཡོད། དེ་བཞིན་འཛམ་གླིང་ཁྱོན་གྱི་སྐད་འཕྲིན་འདིའི་རྟེན་གཞི་གཞན་ཞིག་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡིན་པ་དང་། ཁོང་ཚོས་སྐད་འཕྲིན་བརྒྱུད་ནས་སྔར་བྱུང་མ་མྱོང་བའི་ཚོད་ཅིག་ཏུ་ཧི་མ་ལ་ཡའི་རི་རྒྱུད་ཕན་ཚུན་དུ་ཧ་ལམ་དུས་མཚུངས་སུ་འབྲེལ་བ་མཐུད་པ་བྱུང་བ་རེད།
རྒྱ་ནང་གི་མཉེན་ཆས་སྤྱོད་མཁན་རྣམས་ཀྱིས་མེ་ཡི་ལྕགས་རི་ལ་འགོས་ནས་ཕྱིར་ཐོན་ཐབས་བྱེད་པ་དེའི་དོད་དུ། འཛམ་གླིང་ཕྱི་རོལ་གྱི་མི་རྣམས་ཀྱིས་ཕར་སྒོ་འགྲམ་དུ་བཅར་ནས་སྒོ་བརྡུངས་བཞིན་ནང་དུ་འཇུག་རོགས་ཞུ་བཞིན་ཡོད། WhatsAppདང་། Twitter ལྟ་བུའི་མཉེན་ཆས་ཀྱིས་བྱེད་པ་ཇི་བཞིན། ཁྱེད་ཀྱིས་སྐད་འཕྲིན་(Wechat)བརྒྱུད་ནས་བརྡ་འཕྲིན་གཏོང་ཐེངས་རེ་རེ་ལ་བརྡ་འཕྲིན་དེ་དག་རྒྱ་ནག་གི་བཟོ་གྲྭ་ཊེན་སེན་ཊི་ (Tencent)ཡིས་བཀོད་འདོམས་བྱས་པའི་ཡིག་མཛོད་མ་སྒམ་དེ་བརྒྱུད་ནས་འགྲོ་བཞིན་ཡོད། གནད་དོན་ཕལ་མོ་ཆེ་ལ་ཆ་བཞག་ན། ཡིག་མཛོད་མ་སྒམ་ནི་རྒྱ་ནག་ནང་ཁུལ་དུ་གནས་བཅས་ཡོད་ཅིང་། སྐབས་མང་པོར་ཧྲང་ཧེར་རྟེན་གཞི་བྱས་པའི་ཡིག་མཛོད་ལྟེ་གནས་དག་ན་ཡོད། ཡིན་ན་ཡང་། རྒྱལ་ཁབ་འགའ་ཞིག་ལ་ཡུལ་ལུང་དེའི་ནང་ས་གནས་ཀྱི་མ་སྒམ་དེ་འཛུགས་གཉེར་བྱས་ཡོད། ཡིག་མཛོད་མ་སྒམ་འདི་དག་ནི་རྒྱ་ནག་གི་ཁྲིམས་དང་སྒྲིག་གཞི། ཤུགས་རྐྱེན་བཅས་ཀྱིས་བསྙབས་ཆོག་ཆོག་ཏུ་ཡོད་ལ། མ་སྒམ་འདི་དག་བརྒྱུད་ནས་བསྐྱོད་བཞིན་པའི་ཡིག་ཚགས་ཚང་མ་ལ་རྒྱ་ནག་གིས་ལྟ་རྟོག་དང་སྟངས་འཛིན་བྱེད་ཆོག་ཆོག་ཏུ་ཡོད་པ་རེད།
སེམས་ཁྲལ་ཐོག་མ་དེ་གང་རེད་ཟེར་ན། རྒྱ་ནག་གིས་བརྗོད་གཞི་བྱེ་བྲག་པ་དང་ཚིག་འབྲུ་བྱེ་བྲག་པ་ཞིག་ལ་སྟངས་འཛིན་བྱེད་དགོས་པའི་དགོས་འདུན་དེ་རྒྱ་ནག་གི་ས་མཚམས་བརྒལ་ནས་འགྲོ་རྒྱུའི་མགོ་ཚུགས་གི་རེད། The Citizen Lab ཞེས་པའི་ཚོགས་པ་འདིའི་ཨེ་ཤ་ཡའི་འཕྲིན་གཏོང་གླེང་མོལ་སྐོར་ལ་ཞིབ་འཇུག་བྱས་ནས་བསྟན་དོན་ལྟར། སྟངས་འཛིན་བྱེད་པའི་གལ་གནད་ཀྱི་ཚིག་འབྲུ་དེ་དག་ནི་ས་ཁམས་ལ་ལྟོས་ཏེ་སྣ་ཚོགས་པ་ཞིག་ཡིན། གལ་སྲིད་ཁྱེད་རང་གིས་ཧོང་ཀོང་སློབ་མའི་ལས་འགུལ་གྱི་མིང་ཚིག་ “Occupy Central”དེ་བརྗོད་བྱར་བྱས་ཏེ་པེ་ཅིང་ནས་སྐད་འཕྲིན་བརྒྱུད་ཁྲིན་ཏུའི་ཁུལ་གྱི་མི་ཞིག་ལ་བཏང་བ་ཡིན་ན་དེ་ཕལ་ཆེར་འགོག་གི་རེད་ལ། དེ་མཚམས་ཁྱེད་ཀྱི་ལོ་རྒྱུས་ལའང་རྟགས་བརྒྱབ་ཡོད་པ་རེད། གལ་སྲིད་ཁྱེད་ཀྱིས་བརྗོད་བྱ་དེ་ག་རང་སྐད་འཕྲིན་བརྒྱུད་དེ་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་མི་ཞིག་ལ་བཏང་བ་ཡིན་ན། ཁྱེད་རང་གི་སྐད་དེ་ཕལ་ཆེར་འཕྲོད་འགྲོ་གི་རེད། འོན་ཀྱང་ཁྱེད་ཀྱི་ལོ་རྒྱུས་ལ་རྟགས་འདེབས་རྒྱུ་ཧ་ལམ་གཏན་འཁེལ་བ་ཞིག་རེད།
སེམས་ཁྲལ་གཉིས་པ་དེ་ག་རེ་རེད་ཟེར་ན། རྒྱ་མིའི་མི་སེར་ཡིན་མིན་གང་ལྟར་ཡང་རྒྱ་ནག་ཕྱི་རོལ་ན་ཡོད་པའི་སྐད་འཕྲིན་སྤྱོད་མཁན་རྣམས་ཀྱི་ཁ་བརྡ་རྣམས་ནི་ཟིན་ཐོར་འདེབས་པའམ་རྟོག་ཞིབ་བྱེད་ཆོག་ལ། མ་འོངས་པར་དེ་དག་ནི་སྤྱོད་མཁན་ཁོ་རང་ཚོ་ལ་རྒོལ་ཆེད་བེད་སྤྱོད་བྱེད་ཀྱི་རེད། གལ་སྲིད་ཁྱེད་རང་ཨ་རིའི་གྲོང་ཁྱེར་ སཱན་ ཧྥ་རན་སི་སེ་ཁོ་(San Francisco)ཞེས་པའི་ནང་ཡོད་པར་ཆ་ཞོག ཁྱེད་ཀྱིས་ བོད་ཀྱི་རང་ལུས་མེར་སྲེག་གམ་ཡང་ན་ཡུ་གུར་བའི་སྡེ་ཁག་ལ་ཤ་ཞེན་བྱེད་མཁན་གྱི་སྐད་འཕྲིན་ཚོགས་པ་ཞིག་ལ་ཞུགས་པ་དང་། ཚོགས་པ་དེའི་ཚོགས་མི་འགའ་ནི་བོད་དམ་ཡང་ན་ཤིན་ཅང་། རྒྱ་ནག་བཅས་སུ་ཡོད་པ་ཡིན་ན། དེ་ནས་ཁྱེད་ཀྱི་སྐད་འཕྲིན་བཏང་བ་ཡོད་ཚད་དང་། ཁྱེད་རང་ཚོགས་པ་དེའི་ནང་ཞུགས་བཞིན་པ་བཅས་ནི། རྒྱ་ནག་གཞུང་གི་དབང་འཛིན་པ་རྣམས་ཀྱིས་བཀའ་ཁྲོལ་ལག་འཁྱེར་སྤྲད་པའི་ཊེན་སེན་ཊི་ (Tencent)ཞེས་པ་འདིས་སྟངས་འཛིན་བྱས་པའི་ཡིག་མཛོད་མ་སྒམ་ལྟེ་བ་དེ་ལ་བརྒྱུད་སྤྲོད་བྱེད་ཀྱི་རེད། ཁྱེད་ཀྱི་སྐད་འཕྲིན་ཁ་བྱང་རྩིས་ཁྲ་དེ་ནི་ཁྱེད་ཀྱི་ཁ་པར་ཨང་གྲངས་ངོ་མ་དང་། སིམ་འཛིན་བྱང་(SIM card)ལ་མཐུད་ཡོད་པའི་རྒྱུ་མཚན་གྱིས། ཁྱེད་ཀྱི་ཁ་པར་ནང་གི་ཁ་བྱང་ལག་དེབ་དེ་སྐད་འཕྲིན་མཉེན་ཆས་ཀྱིས་སྔོག་བཤེར་བྱེད་ཐུབ་ཅིང་། དེ་ནས་ཁྱེད་ཀྱི་མིང་ངོ་མ་དང་། ཁྱེད་ཀྱི་སྡེ་ཁག་ཚང་མ་ནི་ རྒྱ་ནག་གིས་ ཨ་ཡེ་སི་ (Islamic State) དང་ (al-Qaida) ཨལ་ཁེ་དྷ་ལྟར་གནོད་ཅན་དུ་བརྩི་བའི་གོང་གསལ་ཚོགས་པ་དག་ལ་ཤ་ཞེན་བྱེད་མཁན་ཡིན་པར་རྟགས་རྒྱག་གི་རེད། ད་རྒྱ་ནག་གི་ཐོངས་མཆན་ཐོབ་རྒྱུ་བཀྲ་ཤིས་བདེ་ལེགས་རེད།
སེམས་ཁྲལ་གསུམ་པ་དེ་ག་རེ་རེད་ཟེར་ན། མཉེན་ཆས་འདིའི་རིགས་ནི་དམིགས་འབེན་དུ་བཟུང་བའི་ཡོ་ཆས་དེའི་ནང་གི་ཡིག་ཚགས་ཡོད་ཚད་སྡེབ་འདོན་དང་ཡང་ན་དྲ་བའི་ནད་འབུ་ནང་འཇུག་ཆེད་སྤྱད་ཆོག་པ་དེ་རེད། སྤྱི་ཚོགས་བརྒྱུད་ལམ་གྱི་མཉེན་ཆས་ཕལ་མོ་ཆེ་ཇི་བཞིན། ཀུ་ཤུའི་ཁ་པར་( iPhone)དང་ཨན་ཌི་རིའོ་ཌི་(Android)ནང་བཅུག་པའི་སྐད་འཕྲིན་མཉེན་ཆས་ལ་ཡང་། ཁྱེད་རང་གི་ཁ་པར་གྱི་སྒྲ་འཛིན་ལྡེ་མིག་(microphones)དང་པར་ཆས་ཁ་འབྱེད་པ། ཁྱེད་ཀྱི་སྡོད་གནས་རྗེས་འདེད་གཏོང་བ། ཁྱེད་ཀྱི་ཁ་བྱང་ལག་དེབ་དང་པར་རིགས་ལ་སྔོག་བཤེར་བྱེད་པ་བཅས་ལ་ཆོག་མཆན་ཆ་ཚང་ཡོད་པ་རེད་ལ། ཁྱེད་ཀྱི་ཡིག་ཚགས་འདི་ཚོ་ཚང་མ་ག་དུས་ཡིན་ཡང་ཁོང་ཚོའི་ཡག་ཚགས་མ་སྒམ་ནང་ཕབ་བཤུ་བྱེད་ཆོག་ཆོག་ཡོད་པ་རེད། འདི་ལྟ་བུའི་ནུས་པ་ནི་དྲ་འབུའི་གནོད་འཚེ་ ཪེ་ཊེ་(RAT) ཟེར་བ་(Remote Access Trojan)ཐག་རིང་ནས་ལས་འཇུག་བྱེད་ཐུབ་པ་དེ་གཏོང་བ་ལ་ཧ་ཅང་སྟབས་བདེ་པོ་ཡོད་པ་རེད། ནམ་རྒྱུན་དེ་དག་ནད་ཡམས་འགོས་ཟིན་པའི་པི་ཌི་ཨེ་ཧྥི་ (PDF) ཡིག་ཆ་བརྒྱུད་ནས་གློག་ཀླད་ནང་སིམ་འཛུལ་བྱེད་ཀྱི་རེད། སྐད་འཕྲིན་ལ་ཆ་བཞག་ན། སྤྱོད་མཁན་གྱིས་ ནུས་པ་འདི་དག་ལ་དང་ལེན་ཞུ་བ་དང་། དེ་བཞིན་“དཀོན་མཆོག་གི་རྣམ་པ་”ཅན་གྱི་སྤྱི་ཚོགས་བརྒྱུད་ལམ་ཀུན་སློང་བཟང་པོ་ཡིན་སྲིད་པ་གང་ལ་ཡིད་ཆེས་བྱས་པ་དང་མཉམ་དུ་མ་ཤེས་པའི་ཐོག་ནས་རང་རང་གི་ཁ་པར་ཐོག་ནས་དགྲ་ཟླ་མཐོ་ས་རྒྱ་ནག་གི་དྲ་དམག་འཁོར་བཅས་ལ་ལྟག་སྒོ་སླ་མོ་ཞིག་ཕྱེས་ཡོད་པ་རེད།
ཁ་པར་བཟོ་གྲྭ་ Huawei དང་ Xiaomi ནས་ཐོན་པའི་ལག་ཁྱེར་ཁ་པར་གོང་ཁེ་པོ་དང་སྙིང་རྗེ་པོ་ཡིན་པ་དེ་དག་རྒྱ་གར་དང་ས་ཁུལ་གཞན་དུ་བཙོང་བཞིན་ཡོད་ལ། དེ་དག་གི་ནང་དུ་རྒྱ་ནག་གི་་གློག་ཀླད་མཉེན་ཆས་མཁོ་ལག་སྤྲོད་ཆས་(cloud services)ཡོད་ཡོད་ཡིན་པ་རེད། དེ་ལྟར་ཁ་པར་དང་མཉེན་ཆས་མཉམ་རུབ་ཀྱི་ཐོག་ནས་ ད་ཆ་རྒྱ་ནག་གི་རྒྱང་བསྲིངས་འཕྲིན་གཏོང་འདིའི་སྙོབ་ཚད་དང་ཤུགས་རྐྱེན་དེ་ཧ་ཅང་རྒྱ་ཆེར་བསྐྱེད་པ་ཞིག་འཛམ་གླིང་གིས་མཐོང་བཞིན་ཡོད་ལ། དེ་ཡང་སྤྱོད་མཁན་རྣམས་ཀྱིས་རང་མོས་ཀྱིས་འདམས་ནས་དེའི་ཆ་ཤས་བླངས་པ་ལ་བརྟེན་ནས་སྟོབས་ཅན་དུ་གྱུར་པ་ཞིག་རེད། ད་དྲི་བ་ཨ་མ་དེ་ནི། རྒྱ་ནག་གི་མཉེན་ཆས་ལྟེ་གནས་འདི་དག་གི་རྒྱབ་ན་ཡོད་པའི་རྒྱ་ནག་གི་བཟོ་གྲྭ་དག་ལ་རྒྱའི་མི་སེར་མིན་པའི་འཛམ་གླིང་གི་བཀོལ་སྤྱོད་པ་རྣམས་ཀྱི་སྒེར་གྱི་ཐོབ་དབང་སྲུང་སྐྱོབ་བྱེད་པའི་ཁྲིམས་མཐུན་གྱི་འོས་འགན་དང་ཁྲོམ་རྭའི་འདུ་ཤེས་ཤིག་ཡོད་དམ། ཁོང་ཚོས་མ་བསྐུལ་དྭང་བླངས་སམ་ཡང་ན་རང་འགུལ་གྱི་ཐོག་ནས་ཡིག་ཚགས་ཡོད་ཚད་རྒྱ་ནག་སྤྱི་བདེ་ལས་ཁུངས་སམ་ཆ་འཕྲིན་ལས་ཁུངས་ལ་སྤྲོད་རྒྱུ་ཡིན་ནམ། ང་ཚོས་གང་མགྱོགས་ སྐད་འཕྲིན་ལ་བཀྲམས་པའི་ “སྒེར་བདག་གི་”ཡིག་ཚགས་ཀྱི་རྐྱེན་བྱས་ཏེ་ཕྱི་རྒྱལ་བའི་བཀོལ་སྤྱོད་མཁན་རྣམས་འབེན་དུ་བཟུང་བའམ་ཁྲིམས་ལ་སྦྱར་པ་དེ་འདྲ་མཐོང་རྒྱུ་ཡིན་ནམ། མཐའ་མ་དེར་རང་སྐྱོན་ཤེལ་སྒོར་འཆར་བའི་དཔེ་ཐོག་ནས་ཞུས་ན། རྒྱའི་མི་སེར་ཞིག་གིས་ WhatsApp དང་ Google བེད་སྤྱོད་བྱེད་པ་དང་། ཨ་རིའི་མི་སེར་ཞིག་གིས་ སྐད་འཕྲིན་བེད་སྤྱོད་བྱེད་པ་གཉིས་བསྡུར་ན། སྒེར་གྱི་ཐོབ་དབང་ལ་ཕོག་པའི་ཤུགས་རྐྱེན་ཐད་གཞི་རྩའི་མི་མཚུངས་ས་དེ་འདྲ་ཡོད་དམ།
མི་ཚང་མ་ལ་ཕན་ཚུན་འབྲེལ་མཐུད་ཆེ་བ་ཡོང་བ་དང་དེ་བཞིན་ཤེས་བྱ་རྣམས་ལ་རིན་མེད་དང་ཚད་བཀག་མེད་པའི་སྒོ་འབྱེད་བྱེད་དགོས་པར་འདོད་པ་དང་ཆབས་གཅིག་ཏུ། ཁོང་ཚོའི་སྒེར་གྱི་ཐོབ་དབང་དང་བརྩི་མཐོང་ཡང་སྲུང་སྐྱོབ་བྱེད་རྒྱུ་ལ་བདག་གཅེས་བྱེད་རྒྱུར་འདོད་པ་ཡོད་མཁན་གྱི་འཛམ་གླིང་གི་སྤྱི་ཚོགས་ཁྲོད་དུ་ཡོད་པའི་ང་ཚོ་ལ་ཆ་བཞག་ན། གཞི་རིམ་གྱི་གནད་དོན་འདི་དག་ལ་ངེས་པར་དུ་སློབ་སྦྱོང་བྱེད་པ་དང་གོ་རྟོགས་འཕེར་བ། ལས་འགན་སྒྲུབ་པ་བཅས་བྱེད་དགོས། སའི་གོ་ལའི་སྟེང་གི་འབྱུང་འགྱུར་གྱི་མི་དུང་ཕྱུར་ ༥༠ ནི་རང་དབང་གི་ས་ཁུལ་ལས་བཙན་གནོན་འོག་གི་ས་ཁུལ་ཞིག་ཏུ་འཚོ་གནས་བྱེད་པར་ཁ་ཕྱོགས་ཡོད་ལ། ང་ཚོས་ཏན་ཏན་ཁོང་ཚོ་ “རང་དབང་དང་ཚད་བཀག་མེད་པའི་ཁ་ཕྱོགས་”ཤིག་ལ་འབྲེལ་འདོད་པའི་འདུན་པ་དེས་ཁོང་ཚོ་སྣང་བརྙན་གྱི་ལྟ་སྲུང་བཙོན་ཁང་ཞིག་ཏུ་མི་ཆུད་པ་ངེས་པར་བྱེད་དགོས།
ཤ་ཚའི་བསམ་པས་སྐད་འཕྲིན་གྱི་ཉེན་ཁའི་རང་བཞིན་སྐོར་ལ་གསལ་བཤད་དགའ་རབ་ཅིག་གནང་འདུག་པར་རྗེས་སུ་ཡི་རངས་ཞུ།
རྩོམ་ལེགས་པར་བྲིས་པར་དགའ་བསུ།
་
“ངས་རྩོམ་ཡིག་འདི་མཐོང་བ་ཐེངས་གསུམ་པ་དེ་ཡིན་བསམས་བྱུང་།” ཐེངས་ཞེས་པར་བོད་སྐད་ཡིག་ལ་འགྱུར་སྟངས་གླེང་ན། སྔོན་བོད་ཡུལ་ཡོངས་དང་ད་ལྟའི་ལ་དྭགས་སོགས་སུ། ཐེངས་པར་ཞེས་པར་ལན་ཞེས་བཀོལ། ལན་གཅིག་ཕྱིར་འོང་བ་སོགས་མང་དུ་ཡོད། དེས་ན། སྔར་གྱི་བོད་སྐད་དུ། “ངས་རྩོམ་ཡིག་འདི་མཐོང་བ་ལན་གསུམ་པ་དེ་ཡིན་བསམས་བྱུང་།” ཞེས་དགོས་སོ།
་
ཐེངས་ཞེས་པའི་མིང་ཚིག་འདི་འབྱུང་སྟངས་ལ་དཔྱད་ན། སྔོན་བྲིས་དཔེ་ཆ་རྣམས་ན། ཐང་གཅིག་དང་། ཐང་འགའ་སོགས་སྣང་། བོད་ཁ་སྐད་མང་པོར་ཨ་ཡིག་ཨེ་ཡིག་དང་། ཨེ་ཡིག་ཨ་ཡིག་ཏུ་འགྱུར་ཚུལ་མང་དུ་ཡོད། དེས་ན། ཐང་ཞེས་པ་ཐེང་ལ་གྱུར་ཅིང་དེ་ལ་ཡང་འཇུག་ས་ཡིག་ཡོད་ཀྱང་། ས་ཡང་འཇུག་ཏུ་འབོད་པ་གསལ་པོར་མི་གོ་ཡིས། ཡང་འཇུག་ས་འབྲི་དགོས་པའི་རྒྱུ་མཚན་ཡོད་དམ། ཞེས་སོ།
རྒན་འཇམ་དཔལ་ཐུགས་བདེན། དེང་བཀའ་བསྟན་གྱི་དཔེ་གང་ཞིག་ན་ཚིག་གང་ཡོད་མེད་འཚོལ་བདེ་སྟབས་ངས་བཙལ། ཐེངས་ཞེས་པ་མང་པོ་མི་འདུག འོན་ཀྱང་མེད་པའང་མ་རེད། སྨན་གྱི་བསྟན་བཅོས་དག་ནའང་མཆིས། ཡང་གཤམ་གྱི་ལུང་ཚིག་ན་གསལ་བ་ལྟར་རེད།
“དེ་ནས་ས་ར་ཧས་བྱན་མོ་ལོ་བཅོ་ལྔ་ལོན་པ་ཞིག་ཡོད་པ་ཁྲིད་ནས་ཡུལ་གཞན་དུ་ཕྱིན་པ་དང་། དགོན་པ་གཅིག་ཏུ་འདུག་ནས། ཁྱོས་སྒྲུབ་པ་བྱེད་ཆུང་མས་བྱན་བླངས་ཀྱིན་བསྐྱལ་བ་དང་། ཐེངས་ཅིག་ལ་ཕུག་གི་ཚོད་མ་ཟ་ཟེར་ནས་ཆུང་མས་མ་ཧེའི་ཞོ་དང་ལ་ཕུག་སྦྱར་ནས་འདྲེན་དུ་ཕྱིན་པ་དང་། ཏིང་ངེ་འཛིན་ལ་བཞུགས་འདུག་པས་མ་བླང་བར་ལོག དེ་ནས་ས་ར་ཧ་པས་ལོ་བཅུ་གཉིས་ཀྱི་བར་དུ་ཏིང་ངེ་འཛིན་དེ་ལས་མ་བཞེངས། དེ་ནས་བཞེངས་ཏེ། ལ་ཕུག་གི་ཚོད་མ་ག་རེ་བྱས་པས། བྱན་མོ་ན་རེ། ཁྱེད་ལོ་བཅུ་གཉིས་སུ་ཏིང་ངེ་འཛིན་ལས་མ་བཞེངས་པས་ད་ལྟ་ག་ན་ཡོད། ད་ནི་དཔྱིད་ཀྱི་དུས་སུ་སོངས་ནས་མེད་དོ་ཞེས་སྨྲས།” འདི་བསྟན་འགྱུར། རྒྱུད། གེ་ ནས་དྲངས། བསྟན་འགྱུར་དཔེ་བསྡུར་མ་ཞེས་པ་དེ་ཡིན། ཤོག་གྲངས་ ༤༢༨ རེད་ལགས།
དགེ་རྒན་རབ་་གསལ་མཆོག་གིས་བློ་སྐྱེད་མཛད་པར་བསྟོད་པར་འོས། སྔར་དུས་ནས་ཀྱང་དེ་འདྲ་བྱུང་ཡོད་པ་ལ་བློ་གྲོས་གསར་པ་བྱུང་། “ཏིང་ངེ་འཛིན་ལ་བཞུགས་འདུག་པས་མ་བླང་བར་ལོག” ཅེས་པའི་བྱ་ཚིག་ བླང་བ། ཞེས་པར་དཔྱད་དགོས་སྙམ། དེ་ཡང་། སློང་། བསླངས། སླང་། སློངས། ཞེས་པ་དང་། ལེན། གླངས། བླང་། ལོངས། ཞེས་པ་ལས་སྔ་མ་དེ་དགོས་པར་བསམས། དིང་སང་ཡི་གེ་ཟུར་མ་ཕྱིན་པར་སྐད་རྒྱབ་པ་ལྟ་ཅི། འབྲི་བ་ན་ཡང་དེ་ལྟར་འབྲི་བས། ཟུར་ཕྱིན་པར་འདོན་དགོས་པ་དེ། བོད་མིང་ཚིག་དག་པ་འོང་བ་་ལ་མེད་རུང་དུ་མཐོང་། བོད་གཞོན་སྐྱེས་ཀུན་ལ་སྦྱོར་ཀློག་སློབ་པའི་དུས་ལ། གཅིག་ ཅེས་པ་དཔེར་ན། ག་འོག་ཅ། ཅ་ཀི་གུ་ཅི་ ཅི་ག་ ཅིག་ ཅེས་པ་མ་ཡིན་པར། གཅིག་ གི་སྔོན་འཇུག་ག་ལ་དབྱངས་ཡིག་མེད་པས། ཚེག་མེད་པར་གཅིག་ཡོད་པས་། ག་དང་ཅ་གཉིས་ལ་ཨི་ཡིག་མཉམ་པར་ཐོབ་པར་བྱས་ཏེ། གཅིག ཅེས་འདོན་དགོས། ང་ལོ་བཅུ་གསུམ་བཅུ་བཞིའི་སྐབས་སུ། ཆོར་འབད་པ་སྦལ་ཏི་ཞིག་དང་གཏམ་གླེང་དུས། དེ་ཡིས་བཞི་ལ་བ་ཡིག་ཀྱང་འཐོན་པ་ལྟར་སྔར་བོད་མིང་ཚིག་ཀུན་ཡི་གེར་དབབ་པ་ན། དེ་ལྟར་འདོན་པར་སེམགས། སྔོན་འཇུག་ལྔ་དང་། མགོ་ཅན་རྣམས་ལ་སྒྲ་ཟུར་ཚུལ་ཁྱད་པར་མེད་པ་དང་། སྔོན་འཇུག་ཡི་གེ་ཀུན་མིང་གཞིའི་མགོར་བརྩེགས་མ་ཐུབ་པ་འདོན་ཚུལ་ལ་ཁྱད་མེད་པར་མ་ཟད། ད་ཡིག་སྔོན་འཇུག་ས་མགོ་དང་། ར་མགོར་འབོད་པས་འབྲི་བ་ན་ཡང་། སྐྱེ་དགུ་ལ་སྐྱེ་རྒུ་དང་། དཔལ་ལ་སྤལ་དང་། དཔའ་གོང་བ་ལ་སྤ་གོང་བ། སྤར་ལ་དཔར་ཞེས་པ་ཡོངས་གྲགས་སུ་མཐོང་། ཨིན་ཡིག་ཏུ་བོད་ཚིག་ཡི་གེ་ཇི་བཞིན་པར་འབྲི་བ་ལ་སྔོན་འཇུག་དང་མགོ་ཅན་གྱི་ཡི་གེ་ལ་ཁྱད་ཅི་ཡང་མེད་པར་འབྲིའོ།
མཇུག་ཏུ། གྲུབ་ཆེན་ས་ར་ཧ་པ་སྟེ། མདའ་བསྣུན་ཞབས་ལོ་བཅུ་གཉིས་སུ་ཏིང་ངེ་འཛིན་ལ་བཞུགས་པ་དང་། ཨ་རི་ཡུལ་དུ་བྱུང་བའི་གཏམ་བརྒྱུད། རི་པ་ ཝན་ ཝིང་ཀ་ལེ། ལོ་ངོ་ཉི་ཤུ་ཐམ་པ་གཉིད་ལ་ཤོར་བའི་སྒྲུང་སྙན་པོ་དེ་གཉིས་སྒོ་ཀུན་ནས་མཚུངས་སོ།
ཁ་ཐུག་ཕན་ཐོགས་ཅན་གྱི་འགྱུར་རྩོམ་ཞིག་རེད་འདུག
འོང་བ་་ལ་མེད་རུང་དུ་མཐོང་། ཞུས་དག་ འོང་བ་་ལ་མེད་མི་རུང་དུ་མཐོང་།
སྐད་འཕྲིན་བེད་སྤྱོད་བྱེད་སྐབས་གཟབ་གཟབ་མ་བྱས་པས་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་དང་གཅེར་རྡུང་ཉེས་ཆད་བཅད་སྐོར་ཡང་ལན་རེར་ཐོས་མྱོང་མོད། སྐད་འཕྲིན་སྐོར་ལ་གཟབ་དགོས་པའི་རྩོམ་ཡིག་ཀྱང་ལན་འགར་མཐོང་མྱོང་། འོམ་ཀྱང་སྐབས་རེར་ཕྱི་སྡོད་པ་ཚོ་ལས་ནང་དུ་འདུག་མཁན་ཚོའི་བློ་ཁོག་ཆེ་ཙམ་གྱིས་རྒྱ་གཞུང་ལ་གནོད་པའི་པར་རིས་དང་སྐད་ཆ། མཆན་ཡིག་མང་པོ་ཡང་བཏང་ཡོང་གི་འདུག
དགེ་རབ་ཀྱིས་རྩོམ་ཡིག་བོད་བསྒྱུར་གནང་པར་བཀའ་དྲིན་ཆེ་ཞུ། འོན་ཀྱང་བོད་མི་ཚོར་འགྱུར་བ་ཐེབས་པར་ལོ་ངོ་བཅུ་གྲངས་རེ་དགོས་ངེས་རེད། དེ་བས་རྩོམ་ཡིག་འདི་ཡང་བཀླགས་ཚར་མ་ཐག་སྙིགས་དུང་དུ་
ཕེན་ངེས་མ་ཡིན་ནམ།
སེམས་དཀར་ཁ་ཏ་གནང་བར་བཀའ་དྲིན་ཆེ། འོན་ཏེ། ཅིག་བྱེད་མི་ཉན། ཉིག་བཤད་མི་ཉན་ཞེས་གཟབ་གཟབ་བྱེད་རྒྱུ་མང་དྲགས་ན། བར་སྐབས་ཤིག་ལ། རང་ཕྱོགས་ནས་ཅི་ཡང་བྱེད་མི་ཐུབ་ཅིང་གང་ཡང་བྱ་མི་ཕོད་པ་ཞིག་ཏུ་འགྱུར་ཉེན་ཆེ་ལ། གཞན་ཕྱོགས་ནས་གནད་དོན་ཕྲན་ཚེགས་རེ་ཡང་ཆེན་པོ་ཞིག་ཏུ་བཟོ་ཉེན་ཡོད། དཔེར་ན། ལོ་རབས་དགུ་བཅུའི་སྨད་དང་དུས་རབས་ཉེར་གཅིག་པའི་མགོ་སྟོད་ནས་བཟུང་པེ་ཅིན་ཉེ་འགྲམ་གྱི་ནང་སོག་ཁུལ་དུ། སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་རབས་ལོ་རྒྱུས་ཙམ་བཤད་ན་ཁ་བྲལ་བའི་ཉེས་མིང་བཏགས་ཏེ་ནག་ཉེས་ཤིག་ཏུ་བསྒྱུར་གྱིན་ཡོད། ད་ཆ་ནང་སོག་མངའ་ཁུལ་ཁག་ཏུ་གཞིས་སྡོད་ཡུལ་མི་ལས་ཕྱོགས་ཡོང་ཧན་མི་ཚོ་བཙན་པོར་གྱུར་ཏེ། ནང་སོག་དག་ལ་ཐུབ་ཚོད་དང་བརྙས་བཅོས་ཚད་ལས་བརྒལ་བ་བྱེད་ཀྱི་ཡོད། བོད་པ་སྤྱི་ཡོངས་ནས་ད་དུང་དེ་ཙམ་ལ་སླེབས་མེད་པ་ངལ་རྩོལ་དང་རྟུལ་ཕོད་ཅིག་གིས་ཡིན་པར་འདོད། དེ་བས་ཅུང་བློ་རྒྱ་དང་སྤོབས་པ་བསྐྱེད་དེ་རང་ཉིད་ཀྱི་མངོན་འདོད་དང་སྨྲ་བརྗོད་དག་ཐལ་མི་དྲགས་པ་ཞིག་ནས་བསྒྲུབ་རྐྱང་དང་གློད་རྐྱང་བྱས་ན་ཡག་གི་རེད།
མ་གཞི་བོད་པ་ཚང་མས་རྒྱ་གཞུང་གིས་འགོག་དགོས་པའི་སྐད་ཆ་རྐྱང་བཤད་ནས་བསྡད་ཡོད་པ་མ་རེད། རྒྱ་གཞུང་གིས་འགོག་མི་དགོས་པ་དང་། ཐ་ན་ཡ་ཙམ་ཡང་བྱེད་དགོས་པའི་དོན་དག་མང་པོ་བཤད་ནས་བསྡད་ཡོད་པ་རེད། སྐད་འཕྲིན་ནི་དེ་འདྲ་མ་རེད་དམ། རྒྱ་གཞུང་གིས་གནས་ཚུལ་འགའ་རེ་འགོག་གི་ཡོད་པ་བདེན་སྲིད་ན་ཡང་། སྤྱི་སྒེར་གྱི་གནས་ཚུལ་བཤད་མང་པོ་ཞིག་སྤེལ་བ་དང་བཤད་པ་ཇི་འདྲའི་སྟབས་བདེ་བ་ཞིག་འདུག ང་ཚོ་དོགས་དགོས་ས་ཉུང་ཉུང་ཞིག་གི་དོན་དུ་དོགས་མི་དགོས་ས་མང་པོ་ཞིག་ལ་ཞེད་སྣང་བྱེད་དགོས་དོན་ཅི་ཡོད།
དགོངས་དག ཚིག་ནོར་ཞིག་ཤོར་སོང་། “ཐ་ན་ཡ་ཙམ་ཡང་བྱེད་དགོས་པའི”ཞེས་པ་”ཐ་ན་ཡ་ཙམ་ཡང་བྱེད་མི་དགོས་པའི་”ཞེས་པ་ཡིན།
viber དང་Skype དང་lineཟེར་བ་འདི་ཚོ་བོད་ནང་དུ་བེད་སྤྱོད་ཐུབ་གི་ཡོད་རེད། གདོང་དེབ་དང་googleབེད་སྤྱོད་ཐུབ་གི་མི་འདུག ཡིན་ན་ཡང་བོད་ནང་གི་མི་མང་པོས་QQདང་སྐད་འཕྲིན་མ་གཏོགས་གཞན་བེད་སྤྱོད་བྱེད་ཤེས་གི་མི་འདུག སྐད་འཕྲིན་འདི་བེད་སྤྱོད་བྱེད་མ་དགོས་ན་ཡག་ཤོས་རེད།
བསྒྱུར་བ་བོ་ལགས་སུ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། མ་རྩོམ་དེར་ལྟ་འདོད་བྱུང་། བོད་ཕྱི་ནང་གི་སྐད་འཕྲིན་ནམ་微信འདི་བཀོལ་སྟངས་འདི་ཚབ་ཆེན་རེད། དེང་སང་གོ་ཚོད་ལ་རྡ་སའི་སྲིད་དོན་པ་ཚོས་ཚོགས་པ་གང་མང་ནང་བོད་ཕྱི་ནང་ཀུན་དུ་འབྲེལ་མཐུད་དང་། ད་དུང་རིག་གཞུང་དང་ཆབ་སྲིད་བགྲོ་གླེང་ཟེར་ནས་བོད་ཕྱི་ནང་གི་མཉམ་འབྲེལ་ཚོགས་པ་དེ་ཚོས་གཟབ་དགོས་ས་མང་བར་འདོད། མ་གཞི་སྐད་འཕྲིན་འདི་འབྲེལ་ལམ་འཛིན་བྱེད་དུ་ཡག་པོ་འདུག དེ་ལས་བགྲོ་གླེང་ཟེར་བ་དང་། གཏམ་བཤད་ཟེར་བ་སོགས་ཚོགས་པ་མང་པོ་བཟོས་ནས་སྐད་ཆ་ཤོད་པ་དེ་ཚོ་ངས་གླེན་རྟགས་ཤིག་ཏུ་མཐོང་སོང་། ད་མི་བཤད། མ་རྩོམ་དེ་འཚོལ་དུ་འགྲོ