~~ རྟ་དབྱངས་ཀྱིས། ~~
ཞོགས་པའི་ཉི་གཞོན་མཐོན་མཐིང་མཁའ་དབྱིངས་སུ་འཆར་དུས།
བདག་གིས་རྣ་བ་ཀྲོག་ཀྲོག་ཁྱོད་རང་ལ་གཏད་ཡོད།
ཉི་རྩེ་ས་ལ་ཤར་བའི་སྔ་དྲོ་ཡི་དུས་སུ།
བདག་གིས་མིག་ཟུང་ཀེམ་ཀེམ་ཁྱོད་རང་ལ་ཅེར་ཡོད།
དཀར་གསལ་ཟླ་འོད་འཕྲོ་བའི་མཚན་མོ་ཡི་དུས་སུ།
གཞུང་བཟང་བུ་མོ་ཞིག་གི་ངག་འཇམ་ལ་རེ་ཡོད།
ཀྭ་ཡེ་སྐད་འཕྲིན་ཁྱེད་རང་འཇིག་རྟེན་འདིར་འཁྲུངས་པས།
བདག་གི་སེམས་ནི་རྟ་ཕོ་གཤོག་ཐོགས་དང་འདྲ་བྱུང་།
གངས་ཅན་མཐོ་སྒང་གསར་བུ་གསར་མོ་ཡི་ཚོགས་ལ།
དགའ་སྤྲོའི་དུང་བ་བརྗོད་སའི་སྟེགས་བུ་ཞིག་བསྐྲུན་འདུག
འཛུམ་དམུལ་འོད་མདངས་འཁྱུག་སའི་མེ་ལོང་ཞིག་སྤྲད་འདུག
རི་བོ་གངས་ཅན་རྒྱ་མཚོའི་ཕ་རོལ་གྱི་ཕ་རོལ།
ལ་ལུང་མང་བོའི་གྲོགས་དག་གཞི་ཁྱིམ་འདིར་འཛོམས་ནས།
རང་རང་སོ་སོའི་དྲན་གཞི་ཕ་སྐད་ལ་བརྒྱུས་ནས།
གླུ་གར་གཞས་གསུམ་གཏོང་བའི་ངང་ཚུལ་འདི་སྤྲོ་བ།
དེ་ལས་ཡིད་སྤྲོ་བ་ཞིག་ལ།
ཚོགས་པ་འདྲ་མིན་སྣ་ཚོགས་བསྐྲུན་པ་དང་།
ཕ་སྐད་གཙང་མ་དང་དག་མ་བཤད་པ།
གལ་སྲིད།
སྦྲགས་སྐད་བཤད་པ་དང་།
ཚོགས་པའི་སྒྲིག་ལམ་དང་འགལ་ན།
ཆད་པ་གཅོད་པ།
ཕན་ཚུན་གྱི་སེམས་ལ་གནོད་པའི་སྐད་ཆ་བཤད་ན།
རྒྱང་ཕུད་གཏོང་བ།
སྐད་འཕྲིན་ཡ། སྐད་འཕྲིན།
ཁྱེད་ནི་ཅི་འདྲིའི་ཡ་མཚར་བ་ཞིག་དང་།
ཅི་འདྲའི་ངོ་མཚར་བ་ཞིག་རེད་ཨང་།
བོད་རིགས་སྤུན་ཟླ་ཚོ།
ས་ཕྱོགས་གང་དུ་ཕེབས་ཀྱང་།
ས་ཆ་གང་དུ་སོང་ཡང་།
མི་ལོ་ཅི་ཙམ་ཕྱིན་ཀྱང་།
སྐད་འཕྲིན་གྱི་གུར་ཁང་ནང་དུ།
སྐད་འཕྲིན་གྱི་ཚོགས་པའི་ནང་དུ།
སླར་ཡང་འཕྲད་པ་དང་།
ལྷན་དུ་འཛོམས་པས།
ལྷན་འཛོམས་གླིང་ཞེས་བཏགས།
དེ་ཡིས་ག་ལ་ཚད།
བོད་ཀྱི་ཟམ་པ་དང་།
གངས་རིའི་རླུང་རྟ།
སྡེ་ཆེན་རྩེད་ར་དང་།
མཐོ་སྒང་འདུ་ར།
མདའ་རྫོང་རྩེད་ར།
སྦྲ་ཁྱིམ་རྩེད་ར།
ཀུན་མཐུན་རྩེད་ར།
བརྩེ་བའི་འདུ་ར།
ཕ་སྐད་གཙང་མ།
སྙན་ངག་གི་ཕ་ཁྱིམ།
མཁས་པའི་ཞལ་ལུང་།
ཕྱོགས་ཐོན་ཚོགས་པ།
གསར་འགྱུར་གླིང་།
སྐད་ཡིག་གླིང་།
རྒྱལ་རབས་གླིང་།
སྙན་ངག་གླིང་།
སློབ་གྲོགས་གླིང་།
ཞེ་མཐུན་གླིང་།
སྤུན་གྲོགས་གླིང་།
སྙིང་གཏམ་གླིང་།
མཛའ་མཐུན་གླིང་།
མཐུན་སྒྲིལ་གླིང་།
ད་རུང་།
སྒྲ་མཛོད་ཁང་དང་།
དགའ་ལྡན་གླུ་ཁང་།
གཡང་སྡེ་ཕྱུག་མོ།
ནང་མི་སྤུན་ཟླ།
གངས་རིའི་དགོད་སྒྲ་སོགས།
མང་པོ་མང་པོ་ཞིག་ཡོད།
འོན་ཀྱང་།
མི་བསམ་མེད་འགས།
ཁྱེད་ལ་གཤེ་གཤེ་གཏོང་བ་དང་།
ཁྱེད་ལ་དམོད་དམོད་རྒྱག་པ།
ཁྱེད་ལ་ཁ་རྡུང་གཏོང་བར་ཡང་བྱེད།
བདག་ལ་མཚོན་ན། དེ་ལས་ལྡོག་སྟེ།
སྐད་འཕྲིན་ཁྱེད་ལ་བཀའ་དྲིན་ཆེ་ཞུ་ན་འདོད།
བཀའ་དྲིན་ཆེ།
བཀའ་དྲིན་ཞུ་འདོད་ན་སྐད་འཕྲིན་གསར་གཏོད་པ་གུང་ཁྲན་ལ་ཞུ། ཆབ་སྲིད་ཀྱི་དགོས་དམིགས། དྲྭ་རྒྱའི་གསང་མྱུལ་བ་སྐད་འཕྲིན་གྱིས་སྒེར་གྱི་ཡིག་ཆ་བརྐུ་བཤུས། རྗེས་འདེད་གཏོང་བ་བཅས་ཡིན།
བདེ་སྤྱོད་ཚད་ལས་བརྒལ་མི་རུང་ཞིང་། བདེ་སྤྱོད་མེད་དུས་ངེས་པར་དྲྭ་སྒོ་རྒྱོབས། སྐད་འཕྲིན་ལེགས་པར་མཐོང་ན། བདེ་སྤྱོད་རན་པོ་གྱིས། བརྟག་ཞིབ་མེད་པར་མ་བསྟོད། གུང་ཁྲན་ཚང་གི་དཔལ་འབྱོར་མང་དུ་འཕེལ་བའི་གྲོགས་དན་དུ་འགྱུར།
རྒད་པོ། བརྩེ་བའི་འདུ་ར་ཚང་བརྗེད་འདུག་ག། ལག་པའི་ཕྱི་ནང་གང་ལ་བུད་སོང་། སྦྲ་ཁྱིམ་སྨིག་པོ་སེམས་ངོ་མེད་པ་ཅི་ཡིན།
དགྱ་དངོས་ལ་དགའ་བའི་བོད་མི་ཚོ་རང་རྩ་ལ་ཐུག་དུས་བོད་པའི་ལར་ཞེན་ཟེར་བ་དེ་རང་ཡལ་རེད། སྐད་འཕྲིན་ཟེར་བར་སྤྱོད་བདེ་སྟབས་བདེ་ག་ཚོད་ཅིག་ཡོད་རུང་། བོད་མི་རིགས་ཀྱི་གཤེད་གཏེ་དགྱ་དམར་ཚང་གི་ཐོན་ཟོག་ཆེན་པོ་ཞིག་ཡིན་པས་ནམ་ཡང་བེད་སྤྱོད་མི་བྱེད།
དུས་དང་རྣམ་པ་ཀུན་ཏུ་དགྱ་དམར་གྱི་ཐོན་ཟོག་བློས་མི་ཐོངས་ཤིང་། དགྱ་དམར་ལ་ཤུགས་ཀྱིས་མོས་གུས་བསྟོད་གསུམ་བྱེད་མཁན་རྟ་དབྱངས་ལྟ་བུས། ལག་དམར་གྱི་མཚོན་ཆ་ལྟ་བུ་སྐད་འཕྲིན་ལ་བཀའ་དྲིན་ཞུ་ཕོད་ཀྱང་། སྐད་འཕྲིན་བརྒྱུད་ནས་ཉེས་མེད་སྤུན་ཟླ་མང་པོར་ཚད་བརྒལ་གྱི་དཀའ་ངལ་བཟོས་པ་དེར་བསམ་ཤེས་ཅི་ཡང་མི་ཐུབ་པ་དེ་ནི་ཡ་མཚན་ཞིག་རེད།
དགྱ་ཞེས་འབྲི་སྲོལ་འདི་གསར་སྟོད་ཞིག་ཡིན་ཚོད། ཚིག་མཛོད་སོགས་ན་རྒྱ་གར་རྒྱ་ནག་ཞེས་བྲིས་ཡོད་པ་ལས་དགྱ་ཞེས་བཀོད་མི་འདུག། འདིར་མཆན་གསུམ་པ་རྒྱང་མིག་ལགས་ཀྱིས་དགྱ་དམར་ཟེར་དུས་དེང་གི་ཀྲུང་གོ་བའི་དམར་པོའི་སྲིད་ཚོགས་བཤད་བཞིན་པ་འདྲ། དེ་ཡིན་ན་སྲིད་ཚོགས་དེའི་ནང་ལ་རྒྱ་མི། བོད་མི། སོག་པོའི་མི་སོགས་མདོར་ན་མི་རིགས་༥༦་གི་ཚོགས་མི་ཡོད་ཚོད། ད་དུང་ངེད་ཅག་མཐོ་སྒང་བས་གོ་ལའི་མི་ཁྲོམ་ལ་ངོམ་འཕྱར་བྱེད་པའི་རྒྱལ་བ་རིན་པོ་ཆེ་ནས་ཡང་སྔོན་ཁོང་དམར་པོའི་སྲིད་ཚོགས་ལ་ཞུགས་རྩིས་བྱས་ཡིན་ཞེས་གསུང་བ་ཞིག་དྲན་སོང་།