བདེ་པོ་འཚོ།
ཉི་མའི་དྲོད་ཁོལ་ས་གཞི་གང་སར་ཁྱབ་ཅིང་བྱ་བྱེའུ་དང་སྲོག་ཆགས་སྐྱེས་ལྡན་ཚང་མར་གསོན་ཤུགས་རྒྱས་དུས། ངས་ཀྱང་ཉི་མ་གསར་བར་བྱ་བ་གལ་ཆེན་ཞིག་སྒྲུབ་ཐུབ་པའི་ཡིད་ཆས་ཤིག་དང་ལྷན་དུ་ཁ་ཁུ་སིམ་པའི་གནས་འདི་ནས་བློ་རྩེ་གཅིག་ཏུ་བསྒྲིམས་ཏེ་དཔེ་ཆར་ལྟ་བཞིན་པའི་སྐབས་སུ། ཁ་པར་ལས་འཕྲིན་ཐུང་འབྱོར་བའི་འཕྲིན་བརྡ་གཅིག་རྗེས་གཉིས་མཐུད་དུ་སླེབས་བྱུང་། མདུན་ཅོག་སྟེང་གི་ཁ་པར་ནང་བལྟས་པ་ན། ཨ་ཕས་གསུངས་པའི་སྐད་ཆ་དག་བང་བསྒྲིགས་ནས་འདུག ངས་དལ་བུར་གྱིས་སྐད་ཆའི་ཕྲེང་དུམ་རེ་རེ་བཞིན་ཉན་པས་མིག་ནང་ནས་མཆི་མ་དབང་མེད་དུ་ཤོར་བྱུང་། རྒྱུ་མཚན་ནི། ལོ་ངོ་དུ་མ་ཞིག་གི་རིང་ལ། རྒྱང་རིང་གི་ཕ་མ་གཉིས་ཀྱི་ཁ་ཏ་བསླབ་བྱ་དང་གཏན་ནས་ཁ་བྲལ་ནས་དེ་རིང་གཞི་ནས་ཐོས་པས་སོ།
ཨ་ཕས། བུ་མོ་ཁྱེད་རང་བདེ་མོ་ཡིན་ནམ། ཁྱེད་ད་ལྟ་དྲ་ཐོག་ན་ཡོད་མེད་ཨ་ཕས་མི་ཤེས་ཀྱང་ཨ་ཕས་དེ་རིང་ཁྱེད་ལ་སྐད་ཆ་ཉུང་ཉུང་ཞིག་བརྗོད་ན་འདོད། དང་ཐོག་ཁྱེད་ཀྱིས་གསང་སྟབས་ངང་རང་འདོད་ལྟར་ཕ་མ་དང་སྤུན་མཆེད་སུ་ལའང་མ་བཤད་པར་རང་ཐག་བཅད་དེ་གཞན་ཡུལ་འགྲིམས་སོང་བའི་ཉིན་དེར། ཨ་ཕས་ཁོང་ཁྲོ་མེ་ལྟར་འབར་ན་ཡང་། རྗེས་སུ་བསམ་བློ་བཏང་ན། ད་གཞི་ནས་ཁྱེད་ཀྱིས་བདམས་པའི་ལམ་བུ་དེ་ནོར་མེད་པ་རྟོགས་སོང་ཡང་། ཆ་རྒྱུས་མེེད་པའི་ས་མཐའ་ན། ཁོར་ཡུག་གི་གནས་སྟངས་དང་གནམ་གཤེིས་ཀྱི་འགྱུར་ལྡོག སྤྱི་ཚོགས་ཀྱི་གནས་བབ་དང་མི་གཤིས་སྣ་ཚོགས་ཡིན་སྟབས། ཁྱེད་ཀྱིས་བྱ་བཞག་ཆེ་ཆུང་ཀུན་ལ་གཟབ་དགོས། ཐ་ན་གོམ་གང་སྤོས་ཀྱང་མནོ་བསམ་བཏང་སྟེ་སྤོ་དགོས།
ལྷག་པར་དུ་གྲོགས་པོ་ངན་པ་དང་འགྲོག་མི་ཉན། གྲོགས་ངན་ནི་ཆུའི་ནང་དུ་དུག་འདྲེན་པ་དང་གཅིག་ཡིན་པས་གྲོགས་ཀྱི་སླུ་འོག་ཏུ་ཚུད་དུ་མ་འཇུག བཤེས་གཉེན་བཟང་པོ་བརྟེན་དགོས། དགེ་རྒན་ནི་ཤེས་བྱ་ཀུན་གྱི་འབྱུང་ཁུངས་ཡིན་སྟབས། དགེ་རྒན་བཟང་པོའི་རྗེས་སུ་སྙེགས་དགོས་ལ། དེ་གཉིས་ནི་སློབ་མ་ཞིག་གི་མི་ཚེའི་ནང་ཆེས་གལ་ཆེ་བ་ཞིག་ཡིན།
མ་ཟད་ད་ལྟའ་ནི་གནའ་བོའི་མཁྲེགས་འཛིན་གྱི་ལྟ་བ་ལས་བརྒལ་ཏེ་ཕྱིའི་རྣམ་པ་དང་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་ནི་ཕྱིའི་ཚུལ་ཙམ་ཡིན་ལ། དེ་ནི་ཡོད་ཀྱང་རུང་ལ་མེད་ཀྱང་ཆོག མི་ཞིག་གི་རྒྱན་ཆ་དང་ནོར་བུ་ངོ་མ་ནི་ནང་གི་ཤེས་བྱ་ཡོན་ཏན་དང་ཀུན་སྤྱོད་རྣལ་མ་དེ་ཡིན། རྒྱུ་ནོར་ནི་ཁྱེེད་ཀྱི་ཡིན་པ་མི་སྲིད་པའི་དངོས་པོ་ཡིན་སྟབས། དེ་བེད་སྤྱོད་མ་ཤེས་ན་མེ་ཤུལ་ཐལ་རྡུལ་དང་གཅིག་ཏུ་སྣང་། དཔེར་ན། འུ་ཚོའི་སྡེ་བའི་བའི་ཨ་ཁུ་བློ་བཟང་ཚང་ལ་རྒྱ་སྒོར་འབུམ་བརྒྱ་ཡོད་སྐད་ཀྱང་། རང་གི་བུ་ཕུག་གཅིག་ཀྱང་སློབ་གྲྭར་བཏང་མེད་པ་མ་ཟད། མེ་ཏོག་ལྟ་བུ་མོ་ལོ་ཆུང་དག་ཀྱང་ནར་མ་སོན་གོང་མི་ཚང་གཞན་ལ་མནའ་མར་སྤྱིན་པ་རེད། དེར་བརྟེན་ཨ་ཕས་ཁྱེད་མིང་སྲིང་ཚོའི་ཆེད་དུ་བྱ་བ་ཆེ་ཆུང་ཅི་ཞིག་སྒྲུབ་དགོས་ཀྱང་བསྒྲུབ་ངེས་ཡིན་ལ་སྒྲུབ་ཀྱང་ལོས་དགོས་ཟེར།
དེའི་མཚམས་སུ་ངས་སྐད་ལན་ཏུ། ཨ་ཕ་ལགས་ང་དྲ་ཐོག་ན་ཡོད། ཁྱེད་བདེ་མོ་ཡིན་ནམ། ཞོགས་ཇ་འཐུང་ངམ། དཀའ་ལས་ཁག་གམ་ཞེས་དྲིས་པས། ཨ་ཕས་དེ་མ་ཐག་ཏུ་གཅེས་ཕྲུག་མ་ཁྱེད་དྲ་ཐོག་ལ་ཐོན་དང་ནས། ང་བདེ་མོ་ཡིན། ད་གཞི་ནས་ཞོགས་ཇ་དང་གུང་ཚིགས་གཉིས་གཅིག་ཆོག་ཏུ་འཐོང་བཞིན་ཡོད། ཞོགས་པ་སྔ་བོ་ནི་ཚོང་ཆེས་བཟང་དུས་རེད། སྒོར་བཅུ་ཡིན་ན་ཡང་ཁྱེད་མིང་སྲིང་ཚོའི་སློབ་སྦྱོང་གི་འགྲོ་གྲོན་ཁ་སྣོན་ཙམ་ལ་སྐུར་རྒྱུ་རེག་ན་སྙམ།
ད་ལྟ་ངས་ཟ་མ་བཟའ་ཞོར་དུ་ཁྱེད་ལ་སྐད་ཆ་འགའ་བཤད་པ་ཡིན་གཅེས་ཕྲུག་མ། ཁྱེད་ཚོར་འཚོ་བའི་དཀའ་ངལ་རེ་མེད་ན་ངེད་ཕ་མ་གཉིས་ཀྱིས་ཅི་ཞིག་སྒྲུབ་ནུས་པ་དེ་བསྒྲུབ་ངེས་ཡིན། གཙོ་བོ་མི་ཡུལ་ལུང་པར་ཡོད་པའི་བུ་མོ་ཁྱེད་ལ་སེམས་ཁྲལ་ཆེ། ཟས་ཞིན་པོ་ག་དུས་ཟས་ན་ཁྱེད་རང་དྲན་ལ་གོས་ཡག་པོ་ཅི་ཞིག་གྱོན་ཡང་ཁྱེད་དྲན་བཞིན་ཡོད་ཅེས་སྐད་ཆའི་མཇུག་འཁྱོང་མ་བྱུང་། ཕ་མས་བདག་ལ་བཅིངས་བའི་ཡིད་ཆེས་ཀྱི་རེ་ལྟོས་དང་རང་གི་དངོས་ཡོད་གནས་སྟངས་གཉིས་ལྡོག་ཕྱོགས་སུ་འགྲོ་བཞིན་པ་རྟོགས་སོང་ལ་རང་གི་ཕྲག་སྟེང་ན་གཞན་ལས་ལྷག་པའི་འོས་འགན་ཞིག་ཡོད་པའང་ཤེས་སོང་།
ལོས་ཡོད། ལས་འགན་ལྕི་མོ་ཡོད་པ་རེད། ཧ་ལས་པའི་ཡག་པོ་བྲིས་གནང་འདུག མུ་མཐུད་བྱས་ནོར་འཁྱུགས་ཡོང་མ་འཇུག མག་པ་འཚོལ་དུས་གཟབས། སྐྲའི་བཟུང་ནས་མི་འདྲུད་མཁན་ཞིག པོད་པ་ཞིག མ་མཐར་ཡང་བོད་ཙུག
སྐད་ཆ་འཕྲོ་མ་རྣམས་ཨ་མྱེས་གནམ་ཡོང་ན་བཤད་ཀི་རེད།
རྩོམ་ཐང་ཡག་པོ་བྲིས་གནང་འདུག བུད་མེང་སྤྱིའི་རྒྱན་ཆ་རེད། འུ་ཚོའི་སྡེ་བའི་ཨ་ཁུ་བློ་བཟང་ཀློའི་ཀློའི་ནག་རེད།
སེམས་གཏམ་དམར་རྗེན་མ་ཞིག་བརྗོད་འདུག ཕ་བཟང་བུ་མོ་འབད་བརྩོན་བྱོས་ང་ཁྱེད་ཀྱི་ཨ་ཕ་མིན་ན་ཡང་མ་འོངས་པའི་་་་་་་་་་་་ཡིན་པའི་ཆ་ནས།
རང་ཡག་པོ་དང་མཁས་བོ་ཡོད་པ་མཚོན་བྱེད་ལ་གཞན་གྱི་བྱ་སྤྱོད་ལ་མིང་འབོད་ཀྱིས་མི་བཟང་མི་ཡག་པར་བཤད་སྟངས་ནི། འཇིག་རྟེན་ཕར་བཞག། ཐ་ན། རང་གི་རུ་ཁ་ཁྱིམ་མཚེ་ཙམ་ལ་ཡང་ལག་འཇུ་བྱེད་མི་ཤེས་བའི་དུད་འགྲོ་རང་ཡིན་པས། དེ་འདྲའི་ཕྱོགས་ལ་གཟབ་ཙམ་གནང་དགོས། གོ་བ་ཨེ་བྱུང་རྐྱལ་སྟོང་མ།
ངོ་མ་ཡག་པོ་བྲིས་འདུག ཁྱོད་ལ་ཡག་པོ་ཟིག་ཡོང་རྒྱུའི་རེ་བ་སྔོན་མ་ནས་ཡོད།