བོད་ཀྱི་སྐད་ཡིག་དང་དེང་རབས་ཀྱི་འཇིག་རྟེན་གཉིས་བར་ཧ་ལམ་སྐྱེ་བ་སྔ་ཕྱི་དང་འདྲ་བའི་ཁྱད་པར་ཞིག་ཡོད་པ་འདྲ། ད་དུང་ང་མ་ཉལ་གོང་དེར། བོད་གཞུང་གིས་ བོད་ཀྱི་སྐད་ཡིག་རིག་གནས་དང་བཅས་པ་ཆག་འཇིག་ལ་ཐུག་ཡོད་ཅེས་གསུངས། ཡང་ཡང་གསུངས། ལོ་ནས་ལོ་བསྟུད་དེ་གསུངས། སུམ་ཅུའི་དུས་དྲན་རེ་རེ་ནས་དེ་ཐོས། བཀའ་སློབ་གསུང་ཆོས་རེ་རེ་ནས་དེ་ཐོས། ངའི་སེམས་ལ་དེའི་བག་ཆགས་མཐུག་པོ་ཞིག་བཞག་ཡོད། ང་དེ་ལྟར་ཉལ། མ་ཉལ་གོང་དེར་བོད་ཀྱི་སྐད་ཡིག་ལ་སེམས་ཁྲལ་བྱེད་བཞིན་ཉལ། སྐད་ཡིག་དང་འབྲེལ་བའི་རྩོམ་ཡིག་ཅིག་འབྲི་ཞོར་ཉལ། སྔས་མགོ་ན་ས་པཎ་གྱི་གསུང་འབུམ་ཡང་ཡོད། དེབ་དམར་པོ་པོད་གསུམ་ཅན་པ་དེ་ཡོད། ང་གཉིད་མཐུག་པོ་ཞིག་ཁུག
སང་ཞོགས་ཡར་ལངས་སྐབས་ ཆུ་ཚོད་དགུ་པ་ཏག་ཏག་རེད། ཁྲུས་ཁང་དུ་འཛུལ། ང་ཡང་རང་ཉིད་ལ་ཡིད་མི་ཆེས་པ་ཞིག་ཏུ་གྱུར། ངའི་མིག་འདི། འདི་ངོ་མ་ཡིན་ནམ། ང་ལ་སྐྲའི་ལན་བུ་རིང་པོ་ཞིག་སྐྱེས་འདུག་ལ། དེ་དག་ནི་དཀར་པོ་དཀར་རྐྱང་རེད། ངའི་གདོང་ལ་སྙེར་མས་གང་འདུག ང་རང་ལ་ཡིད་མི་ཆེས་པར་གྱུར། ལོ་ཐོ་ལ་བལྟས། ལོ་འདི་ ༢༠༡༠ ལོ་རེད། ཨོ་ཙི། ང་ཉལ་ནས་ད་བར་མི་ལོ་སུམ་ཅུ་ཏག་ཏག་འགོར་འདུག ངའི་གཉིད་མཐུག་པོ་དེ་མི་ལོ་སུམ་ཅུའི་ཡུན་ལ་བསྡད་འདུག ད་ངའི་སྐད་ཡིག་དེ་ཤི་ཟིན་ཡོད། ཏན་ཏན་ཤི་ཟིན་ཡོད།
ང་ཁྲུས་ཁང་ནས་ཐོན་ཏེ་ཅོག་ཙེར་བསྡད། གློག་ཀླད་དེ་ཁ་ཕྱེས། ཨོ་ད་ཡིན་ན་འདུག འདྲ་མི་འདྲ་བཅོ་བརྒྱད་འདུག དྲ་རྒྱ་ཟེར་བ་ཞིག་སླེབས་འདུག དེའི་ནང་ན་ད་ཡོད་ཚད་ཚང་མ་འདུག ལམ་རིམ་ཆེན་མོ་འདུག བཀའ་འགྱུར་བསྟན་འགྱུར་འདུག གསུང་འབུམ་མང་པོ་འདུག ད་ཡིན་ན་ཆུ་ལོག་རྒྱུགས་པ་ནང་བཞིན་འདུག ནང་དོན་ལ་མི་དགའ་ན་ཡང་སྐད་ཡིག་ལ་དགའ་སོང་། སྐད་ཡིག་གི་ཆུ་ལོག་རྒྱུགས་འདུག ཆུ་ལོག་དེ་མདོ་དབུས་ཁམས་གསུམ་ཡོད་ཚད་ལ་རྒྱུགས་འདུག དགའ་བ་ལ། ད་ཡིན་ན་ཉན་རྒྱུ་འདུག ད་ཡིན་ན་ཀློག་རྒྱུ་འདུག ད་ཡིན་ན་མིག་སྟོང་གིས་བཀླགས་ཀྱང་མི་ཚར་བ་ཞིག་འདུག ད་ཡིན་ན། འདུག གཟིགས་དང་། འདི་ཚོ་ལ་གཟིགས་དང་།
ཆུ་ལོག་རྒྱུག་གི་ཡོད་དུས་ངེས་པར་དུ་བརྟག་དགོས། སྟོད་ཀྱི་གངས་རི་དཀར་པོ་དེ་ཞུ་གི་ཡོད་པ་མིན་འགྲོ།
དེང་སྐབས་གོ་ལའི་ཚ་དྲོད་དང་གོ་ལ་གཅིག་གྱུར་ཞེས་པའི་ཞེད་སྣང་ཚ་བོ་གཉིས་འདུག
གོ་ལའི་ཚ་དྲོད་ཀྱི་ཤུགས་རྐྱེན་དེ་འཛམ་གླིང་གི་སྣེ་གསུམ་པ་དེར་བསླེབས་འདུག་ཟེར།
གོ་ལ་གཅིག་གྱུར་གྱི་ཤུགས་རྐྱེན་དེ་ཡང་འཛམ་གླིང་གི་སྣེ་གསུམ་པ་དེར་བསླེབས་ཡོད་ས་རེད།
ཆུ་ལོག སྐད་ཡིག གོ་ལའི་ཚ་དྲོད། གོ་ལ་གཅིག་གྱུར།
ཚན་རིག་པ་ཞིག་གིས་སྐད་ཡིག་གི་ཆུ་ལོག་འདིར་བརྟག་དཔྱད་ཡང་དག་ཅིག་བྱེད་དགོས་པ་འདྲ། ཆུ་ལོག་འདི་རྒྱུག་རྐྱེན། ཆུ་ལོག་འདི་རྒྱུག་སྟངས། ཆུ་ལོག་འདི་རྒྱུག་ས། ཆུ་ལོག་འདིའི་རྒྱུག་ཡུན། མ་འོངས་པར་ཆུ་ལོག་འདི་བྲུག་རྒྱུ་རེད་དམ། ཡང་ན། ཆད་རྒྱུ་རེད།
སྟོད་ཀྱི་གངས་རི་དཀར་པོ་དེ་མུ་མཐུད་ནས་ཤེལ་གྱི་མཆོད་རྟེན་བཞིན་བརྟན་རྒྱུ་རེད་དམ།
སྐད་ཡིག་གི་ཆུ་ལོག་རྒྱུགས་སྟངས་འདི་ལ་བསམ་བློ་གཏོང་རྒྱུ་འདུག
ཆུ་ལོག་འདི་གོ་ལའི་ཚ་དྲོད་ཀྱི་དབང་གིས་བྱུང་བ་མིན་པ་འདྲ། ཆུ་ལོག་འདི་གོ་ལ་གཅིག་གྱུར་ལ་བརྟེན་ནས་བརྡོལ་འགོ་ཚུགས་འདུག་དྲན།