འབྲོག་རུ་ཆོས་གྲགས།
སྐད་ཡིག་གི་འབོད་སྒྲ།
སྐད་ཡིག་ནི་མི་རིགས་ཤིག་གི་ཟུངས་ཁྲག་ཡིན་ལ། རང་དབང་ནི་མི་རིགས་ཤིག་གི་བདེ་སྐྱིད་ཡིན། ཟུངས་ཁྲག་དང་བདེ་སྐྱིད་མེད་ས་ཞིག་ནས་མི་རིགས་ཤིག་གི་འཆི་གསོན་དེ་ཡང་རང་བཞིན་གྱིས་གསལ་བོ་ཆགས་ཡོད་པ་ཞིག་རེད། དེར་བརྟེན། ཐེངས་འདིར་བོད་ནང་གི་སློབ་ཕྲུག་སྟོང་ཕྲག་མང་པོས་མི་རིགས་འདྲ་མཉམ་དང་སྐད་རིགས་རང་དབང་། ད་དུང་བོད་ཀྱི་སྐད་ཡིག་གི་བདག་དབང་ཕྱིར་སྤྲོད་དགོས་པའི་འབོད་ཚིག་དེ་དུངས་ཞེན་དང་ལ་རྒྱ་ལ་འགྲོགས་ཏེ། རི་བོ་ཧི་མ་ལ་ཡའི་ནང་རོལ་ནས་མཆེད་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མི་རིགས་འདྲ་མིན་གྱི་སྙན་ལམ་དུ་ཐོན་དུས། བོད་མི་རིགས་ནི་སྔར་བཞིན་འཁྲེང་ཞེན་གྱི་ཟབ་ས་ཞིག་ནས། དྲན་གདུང་དང་མིག་ཆུས་མནར་བའི་རེ་བ་ཞིག་གི་ཐུ་འོག་ན་བསྐྱོད་བཞིན་ཡོད་པ་མཐོང་ཐུབ། འདི་ནི་མི་རིགས་འདིའི་ཕ་ས་ཕ་ཡུལ་ནས་རང་གི་སྐད་ཡིག་ལ་རང་དབང་མེད་པས་ཡིན། འདི་ནི་མི་རིགས་འདིའི་རང་ས་རང་ཡུལ་ནས་རང་གི་བདེ་སྐྱིད་ལ་རང་དབང་མེད་པས་རེད།
ཕྱོགས་གཞན་ཞིག་ནས་གླེང་ན། མི་རིགས་ཤིག་གི་སྲིད་འབྱོར་རིག་གསུམ་གང་ཡིན་རུང་། དེའི་ཡར་རྒྱས་ཀྱི་གཞི་རྩ་གཙོ་བོ་ནི་རང་གི་སྐད་དང་ཡི་གེའི་སྟེང་ནས་འགྲོ་དགོས་སྟབས། སྐད་ཡིག་ནི་དཔལ་འབྱོར་དང་། ཆབ་སྲིད། ཆོས་ལུགས། རིག་གནས་སོགས་ཀྱི་རྨང་གཞིར་ཆགས་ཡོད་པ་དེ་ཚང་མས་མཁྱེན་གསལ་ལྟར་རེད། འོན་ཀྱང་། བོད་ཕྱི་ཕྱོགས་སུ་དེའི་ཐད་དེ་ཙམ་གྱིས་དོ་སྣང་མེད་པ་དང་། ཡང་ན་མི་སྒེར་སོ་སོའི་ངོས་ནས་ཀྱང་དེའི་ཐད་འགན་བླངས་ཡོད་པ་ཤིན་ཏུ་ཉུང་ཉུང་ཡིན་པའི་སྣང་བ་ཡང་ཡང་ཡོང་གི་འདུག
སྐད་ཡིག་དང་བྱེས་འབྱོར་བོད་མིའི་འོས་འགན།
ཐེངས་འདིར་བོད་ནང་གི་སློབ་ཕྲུག་སྟོང་ཕྲག་མང་པོས་མ་སྐུལ་དང་བླངས་ཀྱི་སྒོ་ནས་རང་གི་སྐད་ཡིག་སྲུང་སྐྱོབ་བྱ་ཆེད། བསྟུད་མར་ཁྲིམས་མཐུན་གྱི་སྒོ་ནས་ཞི་རྒོལ་ཤུགས་ཆེན་གནང་ཡོད་པ་འདིས་ང་ཚོར་བརྡ་གསལ་བོ་ཞིག་བཏང་ཡོད་པ་རེད། དེར་བརྟེན། ཐེངས་འདིར་ང་ཚོས་སེམས་བསམ་པའི་གཏིང་ནས་ཁོང་ཚོར་གདུང་སེམས་མཉམ་བསྐྱེད་བྱ་རྒྱུ་ཡིན་ཚེ། རིག་གཞུང་སྲུང་སྐྱོབ་ཀྱི་འགན་ཆེན་པོ་ཞིག་མི་ཐུབ་རུང་། མི་སྒེར་སོ་སོའི་ངོས་ནས་རང་ཉིད་ཀྱིས་སྒྲུབ་ཐུབ་པའི་བོད་སྐད་གཙང་མ་ཞིག་བཤད་རྒྱུའི་ཐད་རང་སེམས་སུ་དམ་བཅའ་བརྟན་པོ་འཇོག་དགོས།
ང་ཚོ་ནི་རང་དབང་གི་ཁོར་ཡུག་ན་འཚོ་བའི་བོད་མི་ཏག་ཏག་ཡིན་སྟབས། ང་ཚོས་ཁོང་ཚོར་ལྟད་མོ་བལྟས་བསྡད་ན་ག་ལ་འགྲིག ང་ཚོ་ལ་ཁོང་ཚོ་ལས་ལྷག་པའི་འགན་མང་པོ་ཞིག་ཡོད་ན་འང་། བོད་མི་ཚང་མར་གཅིག་མཚུངས་ཀྱི་འགན་གཅིག་ཡོད་པ་དེ་ནི། བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་བྱ་རྒྱུ་དེ་རེད། དེར་བརྟེན། ང་ཚོ་བོད་མི་རེ་རེར་རང་གི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་འགན་འཁྲི་ཡོད། འགན་འཁྲི་དེ་རང་དབང་ལ་ཁ་གཡར་ནས་གཡུག་ཆོག་པ་ཞིག་མིན་ལ། མང་གཙོ་ལ་ཁག་དཀྲིས་ནས་བསྐྱུར་ཆོག་པ་ཞིག་དེ་བས་ཀྱང་མིན།
སྐད་ཡིག་སྲུང་སྐྱོབ་ཀྱི་གནད་འགག་ནི་སྐད་ཡིག་གི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་དེ་ཡིན།
ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས་བོད་ཀྱི་སྐད་ཡིག་གི་ཁྱབ་ཁོངས་ཆེ་རུ་གཏོང་དགོས་པ་གནད་འགག་ཆེན་པོ་ཞིག་ཆགས་ཡོད། སྔོན་ཆད་ཡིན་ན་བོད་ཀྱི་སྐད་ཡིག་ནི། དགོན་སྡེ་དང་དམངས་ཁྲོད་ན་སྟོབས་ཆེ་ཡང་། སྤྱི་ཚོགས་ཀྱི་དཀྱིལ་སྙིང་དང་སྲོག་ཤིང་ན་ཉམ་ཕྲ་བའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། དེའི་རྗེས་ནས་ ༡༩༨༠ ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གཙོས་ང་ཕོད་དང་ཕུན་དབང་སོགས་ཀྱིས་རྒྱ་ནག་དབུས་གཞུང་ལ་བོད་ཀྱི་སྐད་ཡིག་འདི་བོད་ཀྱི་ས་ཁུལ་ནས་སློབ་སྦྱོང་དང་བེད་སྤྱོད་བྱ་དགོས་པའི་ཁྲིམས་གཞི་གསར་བ་བཟོ་རྒྱུའི་ཐད་སྙན་ཞུ་རིམ་པར་ཕུལ་བའི་བཀའ་དྲིན་ལ་བསྟེན་ནས། བོད་ཀྱི་ས་ཁུལ་ཁག་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནང་བོད་ཡིག་སྦྱོང་དགོས་པ་དང་། དེ་བཞིན་གྲོང་ཁྱེར་དང་རྫོང་ཁག་གྲོང་བརྡལ་སོགས་ཀྱི་ལས་ཁུངས་ཁག་གི་ནང་ཡང་བོད་ཡིག་སྤྱོད་དགོས་པའི་རྩ་ཁྲིམས་བཟོས་ནས་བོད་ཀྱི་སྐད་ཡིག་གི་ཁྱབ་ཁོངས་གང་འཚམས་ཆེ་རུ་བཏང་པ་རེད།
དེ་ནི་རྒྱ་ནག་གིས་བོད་ཁམས་བཙན་བཟུང་བྱས་རྗེས་ཀྱི་བོད་ཡིག་གི་མཆོངས་བསྐྱོད་ཆེན་པོ་ཞིག་རེད། འོན་ཀྱང་། བློ་ཕམ་པ་ཞིག་ལ། ཁ་སང་དེ་རིང་རྒྱ་ནག་གིས་སློབ་གྲྭ་ཁག་གི་ནང་བོད་ཡིག་གི་སློབ་གཞི་གཙོ་བོར་འཛིན་མི་དགོས་པ་དང་། རྩིས་རིག་དང་དངོས་ཁམས་རིག་པ། རྫས་འགྱུར་རིག་པ་སོགས་གཙོས་སློབ་གྲྭའི་སློབ་དེབ་ཁག་གི་ནང་བོད་ཡིག་མི་དགོས་པའི་རྩ་ཁྲིམས་དེ་བཟོས་ནས་ ༢༠༢༠ ལ་སླེབས་དུས་བོད་ཡིག་གི་ཚེ་སྲོག་རྒྱུན་ཆད་པའི་འཆར་གཞི་གཏིང་ནག་དེ་བཏང་བ་རེད།
དེ་རིང་རྒྱ་ནག་གིས་གནད་དོན་དེའི་ཐད་ཆེད་དུ་གསར་འགོད་གསལ་བསྒྲགས་ཚོགས་ནས་ཞིང་ཆེན་རིམ་པའི་སློབ་གསོའི་འགན་འཛིན་བང་ཡེ་པོ་སོགས་ཀྱིས་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གསོའི་བཅོས་བསྒྱུར་ཐད་ཀྱི་དགེ་མཚན་མང་པོ་བཤད་དེ། སྐད་གཉིས་སློབ་ཁྲིད་བཅོས་བསྒྱུར་བྱ་དགོས་པའི་སྐོར་ལ་འགྲེལ་བཤད་མང་བོ་ཞིག་བརྒྱབ་ཡོད་ཀྱང་། རྒྱ་ནག་གི་འཆར་གཞི་དེའི་ཀུན་སློང་ནི་བོད་ཀྱི་སྐད་ཡིག་གི་འཕེལ་འགྱུར་གྱི་ལམ་ཀ་འགོག་པའི་རྒྱུ་རྐྱེན་དེ་ཡིན་པ་ཁོང་ཚོའི་སྐད་ཆའི་རྒྱབ་ལྗོངས་ནས་ཀྱང་གསལ་བོ་ཤེས་ཐུབ་པ་ཞིག་རེད།
སྤྱིར་བཏང་སྐད་ཡིག་ལ་འཕེལ་འགྱུར་མེད་ན་སྐད་ཡིག་གི་ཚེ་སྲོག་དང་ཁྱབ་ཁོངས་ཀྱང་རང་བཞིན་གྱིས་མེད་པར་ཆགས་འགྲོ་བ་དེ་ཆོས་ཉིད་ཀྱིས་ཐག་གཅོད་ཐུབ་པ་ཞིག་ཡིན་པས། ང་ཚོས་བོད་ཀྱི་སྐད་ཡིག་གི་ཁྱབ་ཁོངས་དེ་རྒྱ་ཆེ་རུ་བཏང་ནས། སྲིད་འཛིན་གྱི་ཁྱབ་ཁོངས་དང་། དཔལ་འབྱོར་གྱི་ཁྱབ་ཁོངས། ཚོང་ལས་ཀྱི་ཁྱབ་ཁོངས་སུ་ཤུགས་ཆེན་པོས་དར་རྒྱས་སུ་གཏོང་དགོས། འདི་ནི་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་སྐྱོབ་ཐབས་ཀྱི་སྨན་མཆོག་དེ་ཡིན་པར་འདོད་པས་ང་ཚོའི་ཁྲོད་ཀྱང་། རྒྱུ་ཡོད་ཀྱི་རྒྱུ་དང་། རྒྱུ་མེད་ཀྱི་ཚེགས་བཏོན་ནས་བོད་ཀྱི་སྐད་ཡིག་གི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་དེ་གནད་ཀྱི་དམ་པ་ཞིག་ཆགས་ཡོད།
༢༠༡༠ ༡༠ ༢༢ ཉིན།
བོད་སྐད་ཤེས་ན་བོད་སྐད་ཤོད།
བོད་ཡིག་ཤེས་ན་བོད་ཡིག་ཕྲིས།
སྐད་ཡིག་གི་རང་དབང་། མི་རིགས་ཀྱི་བདག་ཐོབ། གང་ལྟར། རྩོད་མཁན་གྱི་གཞོན་སྐྱེས་དེ་དག་གི་སྙིང་སྟོབས་དང་བདེན་པ་གཏིང་ཟབ་ཡང་། སྲིད་གཞུང་དེས་སྐད་ཆ་མི་གོ་བར་བསམ་དུས་སེམས་པ་སྡུག་ནས་ཡོད། སྐྱོ་ནས་ཡོད། འདབས་ལག་རྒྱས་བཞིན་པའི་བོད་མི་རིགས་ཀྱི་སོན་རྩ་དེ་དག་གི་ཆེད་དུ་་་
སྐད་ཡིག་ནི་མི་རིགས་ཤིག་ཚེ་སྲོག་ཡིན་པས་ང་ཚོའི་ཤི་གསོན་ཡང་འདི་ལ་ཐུག་ཡོད་པས་ང་ཚོས་ཕྱོགས་ཡོངས་ནས་ཤི་འཐབ་རོ་འཐོབ་བྱེད་དགོས་འདོད།
ཅ་ཅག་བོད་ལ་མཚོན་ན།།
གནའ་དེང་ཤེས་བྱའི་གཞི་རྐང།།
སྐད་ཡིག་ཡིན་པར་ཤེས་ཀྱང།།
སྦྱོང་མཁན་མེད་པར་ཅི་རེད།།
བོད་སྐད་སྐད་ཟེར་བཞིན།།
བོད་སྐད་ཤོད་མཁན་ཉུང་འགྲོ།
བོད་ཡིག་བོད་ཡིག་ཟེར་བཞིན།།
བོད་ཡིག་འབྲི་མཁན་ཉུང་འགྲོ།
ཁ་ཡི་ཝུ་བ་ལྟ་བུའི།།
ཁ་ཚིག་སྐམ་པོ་ཞིག་དང།།
ཁ་རླངས་བན་བུན་ཞིག་གིས།།
ཁ་བའི་རང་མདངས་ཤོར་ན།།
སྐད་ཡིག་གླེང་མཁན་གྱིས་ཡིག་ནོར་སྤེལ་སླེབས་དུས། ད་ནི་ཅི་ཞིག་བཤད་བསམ་པ་དང་ཅི་ཞིག་བྱེད་བསམ་པ་ཡིན་ཧ་གོ་རྒྱུ་མི་འདུག སྐུ་མཁྱེན། སྐད་ཡིག་གི་སྐོར་གླེང་མཁན་ཚོས་ཡིག་ནོར་ལ་འཛེམས་ན་ཡག་པོ་འདུག ཡིག་ནོར་སྤེལ་བཞིན་དུའང་སྐད་ཆ་སྦོམ་པོ་བཤད་འོང་དུས། ཁྱད་མཚར་པོ་ཞིག་མཐོང་གི་འདུག སྐད་ཡིག་སྲིུང་སྐྱོབ་ནི་རང་ཉིད་ནས་མགོ་འཛུགས་དགོས་པར་བཤད་ནས། རང་ཉིད་ཀྱིས་མགོ་ནས་གཏོར་སླེབས་ན་ད་གང་ལ་སླེབས་ས་རེད།
མི་ནག་མདུང་ཐུང་ལགས་ཀྱིས་གསུངས་པ་ལྟར།
སྐད་ཡིག་སྲུང་སྐྱོབ་ཅེས་པའི་གླེང་མོལ་དེ་གནང་སྐབས། ཡིག་ནོར་ལ་ངེས་པར་གཟབ་དགོས་པ་ཡིན། ཅི་སྟེ་སྐུ་ཉིད་ཀྱིས་སྐད་ཡིག་སྲུང་སྐྱོབ་ཅེས་གླེང་གིན་གླེང་གིན་ཡིག་ནོར་ལ་ཐུགས་གཟབ་མ་གནང་ན། དེ་ནི་ཁ་བཤད་དོན་ལ་མ་གནས་པའི་གནས་ལུགས་ཡང་དག་ཅིག་རེད། སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན།
རང་ཉིད་ཀྱིས་གང་བྲིས་པའི་བོད་ཡིག་གི་དག་སྡེབ་ཚུན་ནས་འགན་ཁུར་དགོས་ལ། ཡར་རྒྱས་གཏོང་དགོས།
དེ་ནི་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་བྱ་བ་ཞིག་རེད།
དེ་དོན་ཡིག་ནོར་ལ་ཐུགས་སྣང་མེད་མཁན་ཚོས་ལྷག་པར་ཐུགས་ལ་འཇོག་རོགས། དེ་ནི་མི་ཆཱུང་བསེ་རུའི་རེ་འབོད་ཡིན། བོད་སྐད་ཡིག་ལ་བཅངས་པའི་བརྩེ་བ་རྣལ་མ་དེ་ཡང་ཡིན།།
མདོ་སྨད་བོད་ཀྱི་སལ྄ོབ་ཕྲྱུག་རནམས་ནས་བོདཡིག་བེད་སྤྱོད་གཏོང་བའི་རྒྱ་ནག་གཞུང་གི་སྲིད་བྱུས་ངོ་རྒོལ་འདི་ནིན་སྙིང་སྟོབས་ླདན་པའི་རལྦས་ཆེན་གྱི་བྱ་བ་ཞིག་ལ་སོང་སྙིང་ཐག་པ་ནས་རྗེས་སུ་ཡིད་རངས་ཟུ་བཞིན་ཡོད། དེང་སྐབས་བོད་མི་རིགས་ཆགས་འཇིགས་ཀིྱ་སྐབས་འདིར་བོད་ཀྱི་སྐད་ཡིག་བོད་རིགས་ཀྱི་བལ྄་སྲོག་དེ་ཡིན། མིརིགས་རང་གི་ཁྱད་ཆོས་ླདན་པའི་སྐད་ཡིག་བེད་སྤྱོང་གཏོང་དབང་མེད་ན་མི་རིགས་འདྲ་མཉམ་ཟེར་བ་ནི་སྟོང་བཤད་ཞིག་མིན་མོད། དེ་ན་བོད་མི་རིགས་ཀྱི་རྣསམ་ལངས་ཕྱོགས་གཅིག་འ ཛིན་གྱི་སྒོ་ནས་འཐབ་རྩོད་གནང་ན་གྲྱབ་འབྲས་མི་ཐོན་པ་ཅི་ཡོད།