སྦྲ་ནག་དོན་གྲུབ་ཚེ་རིང་།
བོད་མི་རིགས་འདི་གསོན་དགོས་ན། མི་རིགས་རང་གི་སྐད་ཡིག་གིས་གོ་གནས་ཤིག་འཛིན་ཐུབ་དགོས།
དེ་ཡང་ཉིན་རེ་ཉིན་རེའི་འཚོ་བའི་ནང་འཛིན་ཐུབ་དགོས། བསམ་ཚུལ་འདི་འདྲར་བརྟེན།
རྒྱུན་བཀོད་ཀྱི་དྲ་ལམ་ཁ་ཤས་ཤིག་གི་ལས་རྟགས་དང་མིང་སོགས། བོད་ལུགས་སུ་བཟོ་ཐུབ་ན་བསམ་ནས།
བོད་ལུགས་སུ་བཟོ་བཀོད་བྱས་ཏེ་མིང་བཏགས་ཡོད། འོན་ཀྱང་། ཀུན་ལ་འདོད་པ་ཡོད་ན་ང་ཚོའི་སྐད་ཡིག་སྲུང་སྐྱོབ་ལ་ཕན། སྤྱིར་འདི་དག་ལ་བོད་ཕྱི་ནང་གཉིས་སུ་མིང་འབོད་སྟངས་མི་འདྲ་མོད།
གུས་བས་འདི་ལྟར་བཏགས་ན་བསམ།
(Blog) ཟིན་བྲིས། འདི་ཡོངས་ཁྱབ་རེད།
( Facebook)ངོ་དེབ། འདི་ལ་གདོང་དེབ་ཟེར་མཁན་ཡང་འདུག་མོད། ཁྱད་པར་ཆེན་པོ་མཐོང་མ་སོང་།
( Twitter)དྲུག་འགྱུར། འདི་ལ་འཕྲུལ་སྒྲའམ། འཕྲིན་སྒྲ་སོགས་འདྲ་མིན་འདོད་ཀྱང་དོན་ལ་མི་གནས། དྲུག་འགྱུར་ཞེས་བཏགས་ན་བཟང་སྙམ། དྲུག་འགྱུར་ནི་ཅོ་ཀའི་དྲུག་འགྱུར། ཅོ་ཀ་ནི་བོད་རང་ན་མ་གཏོགས་མེད་པའི་བྱེའུ་ཞིག་ཡིན། ཅོ་ཀ་ནི་བྱེའུ་སྐྱ་ལེབ་ལེབ་ཞིག་ཡིན་། དཔྱིད་དུས་ཅོ་ཀས་དྲུག་འགྱུར་དགུང་ལ་བསྟོད། ཅོ་ཀས་སྐད་སྣ་ཚོགས་འབྱིན་པས་ད་ལྟའི་དྲ་ལམ་ (Twitter) གྱི་བྱེད་ལས་དང་མཚུངས། དེར་བརྟེན། དྲུག་འགྱུར་ཞེས་བཏགས་ན་རན་པར་མཐོང་།
བསམ་ཚུལ་འདིའི་ཟུར་དུ་ལས་རྟགས་རེ་བཟོས་ཡོད་པས། ཡོངས་ཁྱབ་ཏུ་བེད་སྤྱད་བཏང་ཆོག
ཕན་ཐོགས་ཡོད་ངེས་་ཐུགས་རྗེ་ཆེ།
ངས་ blog ཟེར་བ་འདི་དྲ་དེབ་ཏུ་བསྒྱུར་ཡོད། འགྲིག་མིན་མི་ཤེས། དེ་ནི་དབྱིན་ཚིག་དེ་བསྡུས་ཚིག་ཅིག་ཡིན་པ་དང་། དེ་ཡང་ web log ཞེས་པ་ནས་བསྡུས་པར་གྲགས། དྲ་བའི་ཐོ་དེབ་ལྟ་བུ་ཞིག་ཡིན་སྟབས་དྲ་དེབ་ཅེས་བསྒྱུར་བ་ཡིན། ཉིད་ཀྱིས་ཇུས་འགོད་བྱས་པ་ནི་ཧ་ཅང་དགའ་བ་འཕེལ་བ་ཞིག་འདུག་པས་ཐུགས་རྗེ་ཆེ་ཞུ
རྟགས་འདི་ཚོ་བོད་ཡིག་ནང་བཟོས་པ་ལེགས། ད་གནད་འགག་ངོ་མ། དེ་དག་ཟིན་བྲིས་ནང་ཇི་ལྟར་བཀོལ་སྤྱོད་བྱ་དགོས་རེད། དཔེར་ན་ twitter ལྟ་བུར་ཆ་བཞག་ན། ཁོ་རང་ཚོའི་ལས་རྟགས་དང་རང་བཞིན་གྱིས་ཤར་ཡོང་གི་འདུག དེའི་ཚབ་ལ་བོད་ཡིག་འདི་ཇི་ལྟར་འཇོག་དགོས་སམ
འདི་དག་དངོས་གནས་ཡག་པོ་རེད།
སྐད་ཡིག་སྲུང་སྐྱོབ་བྱ་ཐུབ་མིན་དེ་སྐད་ཡིག་བེད་སྤྱོད་ཡོད་མེད་ལ་རག་ལས་ཆེན་པོ་ཡོད་སྟབས།
ཚང་མས་འདིའི་ཐད་ཤུགས་རྒྱག་རོགས་ཞེས་ཞུ་འདོད་བྱུང་ལ་ང་རང་ངོས་ནས་ཀྱང་དེའི་ཐད་རང་ནུས་ཡོད་ཚོད་ཀྱིས་ཤུགས་རྒྱག་བཞིན་པ་ཡིན།
སྦྲ་ནག་དོན་གྲུབ་ཚེ་རིང་ལགས།
སྐུ་ཉིད་ཀྱི་གློག་འཕྲིན་ང་ལ་བསྐུར་ན་འགྲིག་ས་རེད་དམ།
ངའི་གློག་འཕྲིན་ཁ་བྱང་ནི choedak007@gmail.com ཡིན།
དགོངས་ཚུལ་ལ་རྒྱབ་སྐྱོར་ཡོད། དུས་དང་བསྟུན་ནས་འདི་འདྲ་ཞིག་ངེས་པར་དུ་གནང་དགོས་པར་གདའ། ད་དུང་མུ་མཐུད་ཅིག འདི་ལྟ་བུ་མང་ཙམ་ཡོད་ན་བསམ་བཞིན་ཡོད།
རེད་རེད། ངོ་མ་ཡག་པོ་འདུག ཤེས་བྱ་གང་ཡོད་ཚང་མ་བོད་སྐད་ནང་དུ་བསྒྱུར་ཐུབ་ན་ཅི་མ་རུང་། མི་རེ་ངོ་རེ་ནས་ཤུགས་བརྒྱབ་ན་དཔེ་ཡག་པོ་འདུག
བསམ་ཚུལ་གསར་བ་དང་། ཐབས་ཤེས་རྣོན་པོ་རེད།
དངོས་ནས་ཁ་ཚ་དགོས་གཏུགས་ཟེར་བ་དེ་རེད།
བོད་མི་ངོ་རེ་ནས་འདི་ལྟའི་བསམ་ཚུལ་ལ་ནུས་པ་རྩལ་འདོན་དགོས་རྒྱུ་དང་།
རང་རང་ས་ནས་རྒྱབ་སྐྱོར་དང་མཐུན་འགྱུར་ཡང་བྱེད་དགོས་པར་འདུག
གོང་གསལ་བསམ་ཚུལ་རྣམས་ཕན་ཐོགས་ཅན་རེད།
འོན་ཀྱང་ངའི་བྱས་ན། གོང་གསལ་རྣམས། ཡོངས་གྲགས་མིང་ཆགས་ཟིན་པས། སྒྲ་འགྱུར་མ་གཏོགས། དོན་འགྱུར་བྱེད་མི་ཉན། དོན་འགྱུར་མང་དྲགས་ན། བོད་སྐད་དཀའ་རུ་བཏང་བའི། ཕྱོགས་སུ་འགྲོ་ཉེན་ཡོད།
བོད་སྐད་ཀྱི། དམིགས་བསལ་ཁྱད་ཆོས། འདོན་འདོད་ན།
Telephone = ཊེལ་ཁ་དཔར།
Cell phone = སེལ་ཁ་དཔར།
Fax = ཕེག་སེ་དཔར།
E-mail = ཨི་འཕྲིན།
Twitter = ཊུ་ཡིཊ་འཕྲིན།
ལྟ་བུར་འབྲི་དགོས་ཏེ། འདི་དག་ཐོག་མ་བཟོ་མཁན་བོད་པ་མིན་ལ། སྐད་ཀྱི་ཁུངས་ཐོན་པ་དང་། འདི་ཤེས་པས་གཞན་སྐད་ཕྱེད་ཤེས་ཚར་བའི་ཁྱད་ཆོས་གསུམ་ལྡན་ཡོད་འདུག མུ་མཐུད་ནས་དཔྱོད་རོགས།
ད་ཁྱེད་ཚོ་མཁས་པ་རྐྱང་རྐྱང་ལ་ལྐུག་པོ་ཚོ་ནི་ཟེར་ག་ལ་རུང་མོད་མཚམས་མཚམས་སུ་ལྐུག་པའི་བཟོ་ལྟ་ཡང་འདུག འབྲོག་པའི་ཁྱི་ཟུག་པ་བཞིན་ཚང་མས་གཅིག་ཁ་གཅིག་ལ་གཏད་ནས་སྐད་རྒྱག་གིན་འདུག དེང་སྐབས་ང་ཚོས་མིང་ཚིག་གསར་པ་བཟོ་མ་ཤེས་ནས་ལུས་ཡོད་པ་མ་རེད། མིང་ཚིག་གསར་པ་བཟོ་ཤེས་མཁན་མང་ཐག་ཆོད་འདུག ང་ཚོ་ལ་མེད་པ་དེ་བོད་ཁྱོན་ཡོངས་ལ་མིང་ཚིག་གཅིག་གྱུར་ཁྱབ་སྤེལ་བྱེད་པའི་ནུས་པ་མེད་ནས་སྡུག་ཐུག་ཡོད་པ་རེད།
བོད་སྐད་མིང་ཚིག་གསར་པ་འགྲིགས་པོ་དེ་འདྲ་བཟོ་ཤེས་ན་ཡག་པོ་འདུག། དེང་སང་བཟོ་གྲ་ནས་ཉིན་རེའི་ཉིན་རེའི་ཅ་དངོས་གསར་པ་འཐོན་དང་འཐོན་བཞིན་ཡོད་པ་རེད།། མ་ཚད་ཤེས་རིགས་ལས་ཁུངས་ཀྱིས་གསར་དུ་བསྒྲིགས་བཞིན་པའི་ཐ་སྙད་གསར་བཟོ་ལས་ཀ་ལ་རམ་འདེགས་སུ་ཆགས་ཀྱི་རེད།།
ཐབས་ལམ་འདི་འདྲ་ལ་བརྟེན་ནས་བོད་ཡིག་དང་བོད་སྐད་སྲུང་སྐྱོབ་བྱ་རྒྱུ་ནི་ཡང་དག་པའི་ལམ་ཞིག་རེད། ཚང་མས་ཤུགས་རྒྱྒ་རོག
བོད་ཡིག་ལ་བར་སྟོང་འཇོག་ནས་སྲུང་སྐྱོབ་བྱ་དགོས་ཞེས་པ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་མ་ཟད་དགོད་བྲོ་བའི་ཚུལ་ཞིག་མཐོང་འདུག
ཀ་རྡོ་རབ་འབྱམས་པ་ལགས།
ཁྱེད་ཀྱིས་མིང་ཚིག་གསར་པ་བཟོས་པ་འདི་དག་མང་ཆེ་བ་ལ་བོད་ལ་ད་ལྟ་ཡོངས་གྲགས་ཀྱི་མིང་ཚིག་གསར་པ་ཡོད་པ་རེད། དེ་དག་ནི་འདི་ལྟར།
Telephone = ཁ་པར།
Cell phone =ལག་བཟུང་ཁ་དཔར། ཡང་ན་ལག་ཁྱེར་ཁ་པར།
Fax = དངོས་འཕྲིན། ཡང་ན་བརྙན་སྐྱེལ།
E-mail = གློག་ཡིག
Twitter = ད་ལྟ་ཡོངས་གྲགས་བེད་སྤྱོད་བྱས་པ་མ་མཐོང་རུང་གལ་ཏེ་ཊུ་ཡིཊ་འཕྲིན་ཞེས་བསྒྱུར་ན་ཊུ་ཡིགས་འཕྲིན་ཞེས་གློག་རྒྱུའི་ཉེན་ཁ་ཡོད་རེད། རྒྱུ་མཚན་ནི་མང་པོ་ཞིག་གི་རྗེས་འཇུག་ག་དང་ཡང་འཇུག་ས་གཉིས་བསྡུས་པ་ལ་ཊ་ཡིག་འབྲི་སྲོལ་འདུག
ན་ནིང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་སྤྲད་པའི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་པའི་སྐོར་གྱི་ཡིག་ཆའི་ནང་རིག་གནས་ཞེས་པའི་ཚབ་ཏུ་ལེགས་བྱང་ཞེས་དང་ལོ་རྒྱུས་ཀྱི་ཚབ་ཏུ་བྱུང་རབས་སོགས་མིང་ཚིག་གསར་བཟོ་བཟོས་པ་རྒྱུན་དུ་བེད་སྤྱོད་མི་བྱེད་པའི་མིང་ཚིག་མང་པོ་ཞིག་བཀོད་ནས་དེ་ལ་གུག་རྟགས་ནང་རྒྱ་ཡིག་གིས་མཆན་བཀོད་དེ་སྤྲད་འདུག
རྒྱ་ནག་གིས་བོད་གཞུང་ལ་ཁྱེད་ཚོས་ཁྲིམས་འགལ་གྱིས་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་དགག་པ་བརྒྱག་པའི་རྒྱུ་མཚན་ནི་ཁོ་ཚོས་བོད་ཡིག་དེ་དག་གི་གོ་བ་ཡག་པོ་མ་ལོན་ནས་དེའི་ཤུགས་ལ་རང་བཙན་རྩོད་ཀྱི་ཡོད་པ་རེད་དགོངས་པ་ཡོད་པ་འདྲ།
བོད་ལ་གནའ་ནས་རིག་གནས་ཞེས་པའི་མིང་ཚིག་ཡོད་བཞིན་དུ་བཙན་བྱོལ་བོད་གཞུང་གིས་དེ་ལ་མིང་ཚིག་གསར་པ་ལེགས་བྱང་ཞེས་བཅོས་ཏེ། གལ་ཏེ་ལེགས་བྱང་ལ་རྒྱ་ཡིག་གིས་རིག་གནས་ཞེས་པའི་མཆན་མ་བཀོད་ན་རྒྱ་མི་དགོས་བོད་པས་ཀྱང་འདིའི་དོན་ཅི་ཡིན་མི་ཤེས་པ་ཁོ་ཐག་ཆོད།
དུས་བབ་གསར་འགོད་པ་ཁ་ཅིག་གིས།
སྔར་བསམ་འཆར་བཏོན་ཟིན་པ་དང་། ད་ལྟ་བསམ་ཚུལ་ཤོད་ས་མེད་པ།
World Cup = འཛམ་གླིང་ཕོར་པ་ལ། འཛམ་གླིང་བུམ་པ་དང་།
Celebrate = སྲུང་བརྩི་ལ་སྲུང་གཙི།
འབྲི་མཁན་དེ་ཚོའི་ཀླད་པ་ནས་ལྗང་དྲི་ཁ་བགྱིད་མི་འདུག་གེ།
བསམ་ཚུལ་འདི་དག་སྐད་ཡིག་སྐྱོར་བྱེད་ཀྱི་ཚབ་ཏུ་བརླགས་བྱེད་ཀྱི་རྒྱུ་རུ་མི་ཆགས་པའི་ངེས་བ་མེད་དེ། ཐོན་དངོས་གསར་བ་ཡོད་ཚད་བོད་ཡིག་གི་མིང་བཏགས་དགོས་ན་ཤིན་ཏུ་དཀའ་ཞིང་གནས་ཚུལ་དེས་བོད་རིགས་ནང་ཁུལ་གོ་བརྡ་མི་འཕྲོད་པའི་རྒྱུ་རུ་འགྱུར་ངེས་ཡིན། ད་ལྟའི་བོད་ཀྱི་གནས་བབ་འོག་བརྡ་ཆེད་ཅི་འདོད་དུ་བཀོད་བསྐྱོད་བྱེད་པའི་རང་དབང་མེད་པས། བྱེ་བྲག་པའི་མིང་ཚིག་འདི་དག་བོད་སྤྱི་ཡོངས་སུ་ཁྱབ་པ་དཀའ་མ་ཟད་མི་རེ་དང་ལུང་ཚན་རེས་མིང་ཚིག་གསར་བ་རེ་བཟོསཞིང་། མཐར་སྐད་རིགས་སྣ་ཚོགས་སུ་ཆགས་པས་བོད་སྐད་ཀྱི་ཁྱབ་ཁུང་ཉུང་དུ་བཏང་ཉེན་ཆེ། ང་ཚོའི་བོད་པ་ལྟ་ཅི་རང་བཙན་ཡོད་པའི་སྔོན་ཐོན་རྒྱལ་ཁབ་རྣམས་ཀྱིས་ཐོན་དངོས་གསར་བ་དག་ལ་མིང་གིས་མི་འདངས་བའམ། བཏགས་ཀྱང་དགོས་བ་མེད་པས་འཇར་མན་དང་རྒྱ་གར། ཧྥ་རན་སི་དང་སི་པན་སོགས་མཛམ་གླིང་གི་རྒྱལ་ཁབ་ཀུན་གྱིས་དབྱིན་སྐད་དམ་ཐོན་དངོས་གསར་བ་ཡོང་ཁུང་གི་ཐ་སྙད་དེ་བཀོད་བཏང་བཞིན་ཡོད། དཔེ་ནང་ཆོས་ལེགས་སྦྱར་ནས་དར་བས་ལེགས་སྦྱར་གྱི་སྐད་མང་པོ་བོད་དུ་ཞུགས་པ་བཞིན་དང་། jamp, cafe, coke pepsi སོགས་འཛམ་གླིང་ཀུན་གྱིས་བཀོད་སྤྱོད་བྱེད་ཅིང་འཛམ་གླིང་གི་སྤྱི་སྐད་ཡིན་པ་བཞིན་ནོ། གང་ལྟར་བསམ་བློ་དེ་ལྟར་བཏང་ཞིང་ངལ་བས་བྲིས་བ་ཐུགས་རྗེ་ཆེ།
སྐད་ཡིག་སྲུང་སྐྱོབ་བྱེད་སྟངས་ནི་བོད་མིས་ནང་ཁུལ་དུ་དུས་རྒྱུན་བོད་སྐད་གཙང་མ་བེད་སྐྱོད་བཏང་ཞིང་རང་གི་བུ་ལ་དེ་བཞིན་སློབ་ན་བོད་སྐད་ཉམས་པའི་གནས་མེད་དེ། རྗེབ་བསེ་མི་རིགས་ལོ་ངོ་ལྔ་བརྒྱའི་རིང་དུ་ཡོ་རབ་ཁུལ་དུ་འཁྱམས་ཤིང་སྡོད་གནས་དང་། གཅིག་གྱུར་གྱི་ཚོགས་པ་ངེས་གཏན་མེད་ཀྱང་ད་ལྟའང་ཁོང་ཚོའི་སྐད་ཡིག་མ་ཉམས་ཤིང་བེད་སྐྱོད་བྱེད་བཞིན་ཡོད། དེ་ལྟར་བྱེད་ཐུབ་པའི་རྒྱུ་མཚན་ནི་ཁོང་ཆོས་ནང་ཁུལ་དུ་རང་སྐད་བེད་སྤྱོད་བྱེད་པས་རེད་ལགས།
ཁྲ་གླག་སྤྱང་གསུམ་གཉིས་པ་ཞིག་གང་སར་ཡོང་གི་འདུག འོན་ཀྱང་སྐྱོན་ཆེ་བ་རང་བཟོས་མི་འདུག ཟ། ངོ། རྟགས་གཉིས་པ་དེ་ཁེ་མཚར་ཆགས་འདུག བེད་སྤྱོད་གཏོང་ཐུབ་ས་མ་རེད། འོན་ཀྱང་དྲུག་འགྱུར་ཟེར་བ་དེ་ཡག་པོ་འདུག སྒྲ་དོན་གཉིས་ཀ་འདྲ་པོ་ཆགས་འདུག དེ་མིན་འཕྲུལ་སྒྲ་ཟེར་ན་གོ་དོན་ལོག་པ་ཆགས་ཀྱི་འདུག འཕྲུལ་ཆའི་རིགས་ཤིག་ལས་བྱུང་བའི་སྒྲ་རང་མཚན་པ་ཞིག་གོ་ཡི་འདུག དེ་ནི་མིང་བཏགས་མ་ཞེས་པ་རང་རེད།
འོན་ཀྱང་དེ་ལ་གནད་འགག་གཉིས་རེད། གཅིག་ཁང་གསར་གྱིས་བཤད་པ་ལྟར། རྟགས་དེ་འདྲ་རེ་བཟོས་ན་དྲ་རྒྱ་ནང་ག་འདྲ་ནང་བཞག་དགོས་སམ། གཉིས་པ་དེ་ཀརྡོས་བཤད་པ་ལྟར། འདི་དག་དོན་སྒྱུར་བྱེད་པ་མང་དྲགས་ན་དཀའ་ངལ་གཞན་ཞིག་འཕྲད་སྲིད་པ་དེ་རེད།
དྲྭ་གྲོགས་རྣམ་པ་ལགས།
blogལ་”ཟིན་བྲིས་”དང་”དྲ་དེབ་”ཅེས་བསྒྱུར་བ་ལས། “དྲྭ་རྩོམ་”མམ་ཡང་ན་”དྲྭ་ཡིག་”ཅེས་བསྒྱུར་ན་ལེགས་པར་སེམས།
གོང་དུ་བཀོད་པའི་དྲྭ་རྩོམ་མཚོན་བྱེད་ཀྱི་རི་མོ་”ཟ་”ཡིག་དེ། ངས་ཐོག་མར་མཐོང་དུས་དེ་ནི་ཟ་མ་དང་འབྲེལ་བའི་དྲ་རྩོམ་དང་རི་མོ་ཞིག་ཡིན་པ་རེད་དྲན་སོང་། དེས་ན་དྲྭ་རྩོམ་མཚོན་བྱེད་ཀྱི་རི་མོ་དགོས་ན་རི་མོ་གཞན་ཞིག་བྱས་ན་ལེགས་སམ་སྙམ།
ཤྲྰི་ལགས།
འོན་ཀྱང་ངའི་བྱས་ན། གོང་གསལ་རྣམས། ཡོངས་གྲགས་མིང་ཆགས་ཟིན་པས། སྒྲ་འགྱུར་མ་གཏོགས། དོན་འགྱུར་བྱེད་མི་ཉན། དོན་འགྱུར་མང་དྲགས་ན། བོད་སྐད་དཀའ་རུ་བཏང་བའི། ཕྱོགས་སུ་འགྲོ་ཉེན་ཡོད།
དང་།
Twitter = ཊུ་ཡིཊ་འཕྲིན།
ལྟ་བུར་འབྲི་དགོས་ཏེ། འདི་དག་ཐོག་མ་བཟོ་མཁན་བོད་པ་མིན་ལ། སྐད་ཀྱི་ཁུངས་ཐོན་པ་དང་། འདི་ཤེས་པས་གཞན་སྐད་ཕྱེད་ཤེས་ཚར་བའི་ཁྱད་ཆོས་གསུམ་ལྡན་ཡོད་འདུག མུ་མཐུད་ནས་དཔྱོད་རོགས།
Twitter = ཊུ་ཡི་ཊི་འཕྲིན་ཞེས་ན་མི་འགྲིགས་སམ།
ལེགས་ལ་ལེཊ་བྲིས་ན་ནོར་བའི་ཁུངས་ཅིག་འདི་རེད་ཤྲྰི་ལགས།
སྦྲ་ནག་པ། ཐུགས་རྗེ་ཆེ། ད་ང་ཚོས་ལག་ལེན་ལ་འཁྱོལ་བ་ཞིག་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེ་རིང་ནས་Twitter ལ་ཅོ་གའི་དྲུག་འགྱུར་། དེ་བཞིན་དུ་རྟགས་རེ་དང་། མིང་རེ་བཏགས་ནས་ལག་ལེན་བྱོས་ཤིག
ད་ཁྱེད་ཚོའི་ཁྱི་ཁ་དེ་གཅིག་བཙུམ་དང་ན་ཆོག་གམ། ག་དུས་ཡིན་ན་ཡང་མི་ཞིག་གིས་གསར་གཏོད་དང་ཡར་རྒྱས་ཀྱི་ལམ་བུ་གཏོད་མ་ཐག་དེ་ལ་དགག་པ་རྒྱག་རྐྱང་བྱེད། ད་དུང་ཤ་ཟའི་སྐད་འདྲ་བ་མང་བོ་ཞིག་རྒྱག་བཞིན་དྲ་ངོས་གང་ས་རྫོད། གལ་སྲིད་ངོ་མས་འདུག་མི་ཐུབ་ན་གསང་སྤྱོད་ནང་ལ་རྒྱུགས་དང་དེ་ན་ཁྱོད་ཚོར་མཁོ་བའི་དངོས་པོ་ཡིད་ཚིམས་པ་ཞིག་བདོག
སྦྲ་ནག་དོན་འགྲུབ་ཚེ་རིང་ལགས་ཀྱི་ངོ་སོ་བསྟོད། ད་དུང་མུ་མཐུད་དུ་ལམ་ལ་ཆས་རོགས།
མང་མོས་འདོད་པ་ལྟར་དྲུག་འགྱུར་ཞེས་འདིར་བཀོད་ཡོད་།
https://twitter.com/tibetantsampa
ད་དུང་བཟོ་བཀོད་མི་འདྲ་བ་ཁ་ཤེས་ཀྱང་ཡོད་པས་། འདིར་གཟིགས་ http://www.facebook.com/profile.php?id=100000287822501#!/album.php?aid=21211&id=100000287822501&ref=mfགཞན་ཡང་རྣམས་པ་ཚོའི་རང་རང་གིས་དགོས་མཁོ་ལྟར་གསུང་དང་བདག་གིས་གང་ཐུབས་ཀྱིས ་་ དྲུག་འགྱུར་་། ལ་ཡིག་གཟུགས་དང་། ཆེ་ཆུང་། ཡང་མཚོན་མདོག་སོགས་གང་ལེགས་ཀྱི་དྲ་རྟགས་བཟོས་ནས་ཕུལ་ཆོག་། རང་ཉིད་ཀྱི་བོད་ཡིག་གིས་ཤེས་ཚད་ཧ་ཅང་སྐྱོུ་ཡང་། ང་ཚོའི་རང་གིས་མི་རིགས་ཀྱི་ངོ་བོ་ཉག་ཕྲ་བས་སྐབས་འདིར་། ཐ་སྙད་གཅིག་གམ་མིང་ཚིག་གཅིག་ཡིན་ཡང་། རང་གིས་བོད་སྐད་གཙང་མར་གནས་ཐུབ་ན་བསམ་པས་ལྷགས་བསམ་་སླད་མེད་ཀྱིས་ཚོར་བ་ཞིག་གི་དེད་དེ་འདིར་བ་ཡིན།
༸གོང་ས་མཆོག་གི་བོད་ཡིག་དྲ་ཚིགས་ཐོག་ལ་twitterལ་འཕྲུལ་སྒྲ་ཞེས་བཀོད་འདུག་ལ། འཕྲུལ་སྒྲ་བེད་སྤྱོད་གཏོང་མཁན་དག་གིས་ཀྱང་ཕན་ཚུན་འཕྲུལ་གྲོགས་ཞེས་འབོད་པ་ལ་བལྟས་ན། འཕྲུལ་སྒྲ་ཟེར་བ་གཏན་ལ་འཁེལ་ཟིན་འདུག མཁྱེན་རྒྱས་རྣམ་པ་ཚོས་རང་རང་གིས་བློ་ན་གང་ཤར་གྱིས་འགྲེལ་པ་བརྒྱབ་ནས་ཚིག་གསར་བཟོ་བ་ཁོ་ན་མ་བྱས་པར། ཕར་བསྟུན་ཚུར་མོས་གྱིས་ཡོད་ཟིན་པའི་ཚིག་དེ་བེད་སྤྱོད་དང་དར་ཁྱབ་བཏང་ན་ཚོགས་བསགས་ཆེ་བ་འདུག ང་ཚོ་བོད་ཡིག་སྤྱོད་མཁན་ཚོ་རང་རང་གི་ལྟ་བ་བཤད་པར་དགའ་བ་དང་གཞན་གྱིས་བཟོས་ཚར་བ་ཞིག་ཁས་མི་ལེན་པ་དང་དེར་མ་ཡིན་པ་ཞིག་བཤད་ནས། བསྟུན་མཁས་དང་རྒྱུན་འབྱམས་ལ་རྗེས་ཞུགས་བྱ་འདོད་མེད་པའི་མཁྲེགས་ལྟ་དེས་མིང་ཚིག་གསར་བཟོ་དང་མཉམ་སྤྱོད་བྱེད་པར་དཀའ་ལས་ཧ་ཅང་ཆེན་པོ་འདུག དེ་འདྲ་རེད་འདུག་པས། དངོས་གནས་རྒྱལ་ཁབ་གཞན་དག་དང་སྐད་རིགས་གཞན་དག་ཚོས་སྤྱི་སྤྱོད་མིང་ཚིག་གང་འདྲ་བྱས་ནས་གཏན་འབེབས་དང་ཁྱབ་སྤེལ་བྱེད་ཀྱི་ཡོད་མིན་ལ་སྡོམ་ཞིག་བརྒྱབ་ནས་བཅུད་ལེན་རྔམ་འཐུང་ཞིག་བྱེད་རན་དག་ཆོད་འདུག་ག
འཕྲུལ་སྒྲའི་ཚིག་དེ་འདི་ན་འདུག http://www.gyalwarinpoche.com/newsdetail.php?recordID=32 ང་ཚོས་རང་གི་ཐོས་པ་བསགས་ཕྱིར་དང་ཡོན་ཏན་གྱི་རྩལ་ལག་རྒྱས་ཕྱིར། བོད་གཞུང་དང་སྐུ་སྒེར་སོགས་པའི་བོད་པའི་དྲ་ཚིགས་ཁག་མང་ཙམ་བསྔོགས་པ་དང་དེ་ལས་འཕྲིན་གསར་དང་ཚིག་གསར་དག་དང་ལེན་དང་བཀོལ་སྤྱོད་བྱེད་དགོས་འདུག ཉིན་ལྟར་དབྱིན་ཡིག་སོགས་པའི་དྲ་ཚིགས་བལྟས་མཐར་ཡང་བོད་ཡིག་ནང་ཉམས་ཞིབ་ཙམ་ཡང་མ་བྱས་པར་རང་གི་མཐོང་སྣང་བཞེད་ཕྱོགས་སོགས་པས་ཚིག་གསར་གཏན་འབེབས་གནང་གིན་བཞུགས་ན་ཅང་འགྲིག་ས་མ་རེད་ད། དེ་ལས་ཡོད་པ་དག་ཁོག་ལ་ཆུད་པ་བྱས། མེད་པ་དང་གོ་བསྡུར་བློ་འདྲི་བྱས་ན། བོད་ཡིག་དེ་སྐྱོབ་ཐུབ་ས་རེད། བོད་ཡིག་ཚིག་གསར་ངོས་ནས་འཆད་ན་ད་ཆ་གསར་གཏོད་ལས་ལག་ལེན་གལ་ཆེ་བ་འདུག
འཕྲུལ་སྒྲ་ཞེས་ན་གོ་དོན་ཅི་ཡང་མེད་ལ་། དོན་གྱི་ཆ་ལ་ནོར་འགྲོ་ས་ཡང་མང་།
འོ་ན་
འཕྲུལ་སྒྲ་སྣ་ཚོགས་གྱིས་ང་ཚོ་གཉིད་ལ་བསླངས་།
ཟེར་ན་ཅི་ཞིག་ལ་གོ་བ་ལེན་རྒྱུ་ཡིན། དྲུག་འགྱུར་ནང་གི་དགོང་ཚུལ་དག་གིས་ང་ཚོ་གཉིད་ལས་པསླངས་། ཞེ་གོ་ཡིན་ནམ། འཕྲུལ་མཁོར་གྱི་སྒྲ་སྣ་ཚོགས་ཀྱིས་ང་ཚོ་གཉིས་ལས་པསློངས་། ཞེས་གོ་རྒྱ་ཡིན།
ཡང་ན་འཕྲུལ་སྒྲ་ཞེས་བ་དེ་ཁོ་ནས་མིང་ཚིག་གིས་གོ་དོན་མ་ཆོད་པར་(twitter)ཞེས་དབྱིན་ཡིག་གི་སྐྱོར་མ་རྒྱག་གི་ཡིན།
སྐུ་སྒེར་ཡིག་ཚང་ནས་བཀོད་པ་དག་ཚད་ལྡན་དུ་འཛིན་དགོས་པ་ངེས་པ་མེད་ལ། སྐེར་སྒེར་ཡིག་ཚང་ནས་ཀྱང་དགོང་ཚུལ་བསྡུས་ལེན་གནང་གི་ཡག་གི་རེད་བསམ་། གོང་ས་མཆོག་གིས་མཚན་ཁྱེར་ནས་ཡིག་ལོག་ཚིག་ལོག་དང་མིང་དོན་ལ་མི་གནས་སོགས་བཀོད་ན་ཡག་པོ་མི་འདུག། དཔེར་ན་ སྐུ་སྒེར་ཡིག་ཚང་གིས་་བྱུང་འཛིན་ཞིག་གི་ཁ་བྱང་ལ། ཏ་ལའི་བླའི་དགེ་རྩ་ཞེས་བཏག་ལྟ་བུ་རེད་།
འོ་དུང་ཅི་ཞིག་བརྗེད་འདུག་། བོད་ཡིག་ཚིག་གསར་ལག་ལེན་གྱི་ཆ་ནས་བཤད་ནས་། དབྱིན་ཡིག་གིས་ལྷན་པ་མ་རྒྱབ་ན་ཡག་། དེ་ནི་ཚིག་གསར་དེ་སྐད་ཡིག་གི་ཁྲོད་རང་ཚུག་མི་ཐུབ་པས་ངན་ཆགས་ཞིག་རེད།
བོད་ཀྱི་ཟླ་མིང་སྐྱོབ་ཚུལ་ཅིག་ནི།
༡ བོད་ཟླ་དང་པོ། མཆོ་ཟླ། ལ་ མཆུ་ཟླ་དང་པོ།
༢ བོད་ཟླ་གཉིས་པ། དབོ་ཟླ། ལ་ དབོ་ཟླ་གཉིས་པ།
༣ བོད་ཟླ་གསུམ་པ། ནག་ཟླ། ལ་ ནག་ཟླ་གསུམ་པ།
༤ བོད་ཟླ་བཞི་པ། ས་ག ལ་ ས་ཟླ་བཞི་པ། ༼ག་མེད་པ་༽
༥ བོད་ཟླ་ལྔ་པ། སྣྲོན་ཟླ། ལ་ སྣྲོན་ཟླ་ལྔ་པ།
༦ བོད་ཟླ་དྲུག་པ། ཆུ་སྟོད། ལ་ སྟོད་ཟླ་དྲུག་པ། ༼ཆུ་འདི་དང་པོའི་མཆུ་དང་སྒྲ་ཉེ་བས་བཞག༽
༧ བོད་ཟླ་བདུན་པ། གྲོ་བཞིན། ལ་ བཞིན་ཟླ་བདུན་པ། ༼གྲོ་ལས་བཞིན་འདི་རྗོད་བདེ་བས་༽
༨ བོད་ཟླ་བརྒྱད་པ། ཁྲུམསཟླ། ལ་ ཁྲུམས་ཟླ་བརྒྱད་པ།
༩ བོད་ཟླ་དགུ་པ། དབྱུག་ཟླ། ལ་ དབྱུག་ཟླ་དགུ་པ།
༡༠ བོད་ཟླ་བཅུ་པ། སྨིན་ཟླ། ལ་ སྨིན་ཟླ་བཅུ་པ།
༡༡ བོད་ཟླ་བཅུ་གཅིག་པ། མགོ་ཟླ། ལ་ མགོ་ཟླ་བཅུ་གཅིག
༡༢ བོད་ཟླ་བཅུ་གཉིས་པ། རྒྱལ་ཟླ། ལ་ རྒྱལ་ཟླ་བཅུ་གཅིག
མདོར་ན།
༡ མཆུ་ཟླ་དང་པོ།
༢ དབོ་ཟླ་གཉིས་པ།
༣ ནག་ཟླ་གསུམ་པ།
༤ ས་ཟླ་བཞི་པ།
༥ སྣྲོན་ཟླ་ལྔ་པ།
༦ སྟོད་ཟླ་དྲུག་པ།
༧ བཞིན་ཟླ་བདུན་པ།
༨ ཁྲུམས་ཟླ་བརྒྱད་པ།
༩ དབྱུག་ཟླ་དགུ་པ།
༡༠ སྨིན་ཟླ་བཅུ་པ།
༡༡ མགོ་ཟླ་བཅུ་གཅིག
༡༢ རྒྱལ་ཟླ་བཅུ་གཅིག
ཅེས་པ་ལྟ་བུ་ཞིག་བྱུང་ན། སྐད་ཡིག་གཞན་ཞིག སྦྱངས་ཟིན་པའི། བོད་ཕྲུག་ལ། བོད་སྐད་ལ་ཟླ་མིང་། མི་འདུག་སྙམ་པའི། དྭོགས་པ་སེལ་དང་། ཟླ་མིང་འདི་དག་མ་ཉམས་ཆེ་སྤེལ་ཐུབ་པ་དང་། དེང་དུས་བོད་དགེ་བགྲས་སོང་ཚོས་ཀྱང་། བློ་མི་འཇགས་པའི་དཀའ་ངལ་སེལ་བ་སོགས། ཁྱད་ཆོས་གསུམ་ལྡན་ཡོད་པས། འཛིན་གྲྭ་དང་གཉིས་བོད་སྐད་སློབ་དེབ་ནང་ལ། བཅུག་ཐུབ་ན་སྙམ་པའི་རེ་བ་དང་བཅས། དང་ཐོག་འདིར་སྤྱན་འབུལ་ཞུས་པ་ཡིན།
ཟླ་མིང་དངོས་དེ་བེད་སྤྱད་བྱེད་རྒྱར་རྒྱབ་སྐྱོར་ཡོད་། གཞན་དུ་ན་ང་ཚོའི་བོད་རང་གིས་ཐུན་མོང་མ་ཡིན་སྐད་དང་དེས་ཁྱེད་ཆས་ཚང་མ་ཡལ་འགྲོ་བར་བཞིན་འདུག།
༡ མཆུ་ཟླ་དང་པོ།
༢ དབོ་ཟླ་གཉིས་པ།
༣ ནག་ཟླ་གསུམ་པ།
༤ ས་ཟླ་བཞི་པ།
༥ སྣྲོན་ཟླ་ལྔ་པ།
༦ སྟོད་ཟླ་དྲུག་པ།
༧ བཞིན་ཟླ་བདུན་པ།
༨ ཁྲུམས་ཟླ་བརྒྱད་པ།
༩ དབྱུག་ཟླ་དགུ་པ།
༡༠ སྨིན་ཟླ་བཅུ་པ།
༡༡ མགོ་ཟླ་བཅུ་གཅིག
༡༢ རྒྱལ་ཟླ་བཅུ་གཅིག
ཡག་པོ་འདུག་། བེད་སྤྱོད་གང་ཐུབ་བྱེད་རྒྱ་ཡིན།