རབ་འབྱོར་ནས།
ཟླ་༩་བའི་ཚེས་༢༠ ཉིན་གྱི་མི་དམངས་ཉིན་རེའི་ཚགས་པར་ཐོག་ལ་བཀོད་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ཚོགས་ཆེན་ཞིག་གི་ཐོག་ལ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་། མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་རིན་ཆང་ཝེ་ཟེར་བ་ནས་རྒྱ་སྐད་ཀྱི་སློབ་གསོ་གཙོ་བོར་འཛིན་པའི་ཐད་ལ་ “རིམ་པ་སོ་སོའི་འགོ་ཁྲིད་རྣམས་ཀྱིས་བློ་ཐག་རྦད་ཆོད་ཀྱིས་ཐེ་ཚོམ་སྣ་ཚོགས་སེལ་དགོས། གྲངས་ཉུང་མི་རིགས་ཀྱི་སློབ་མ་ལ་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་སྐད་ཡིག་གིས་སློབ་ཁྲིད་བྱེད་པ་གཙོ་བཟུང་བྱས་ན། གྲངས་ཉུང་མི་རིགས་ཀྱི་སེམས་ལ་ཕོག་གི་རེད་བསམ་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ལ་གནོད་རྒྱུ་རེད་བསམ་པ། སྤྱི་ཚོགས་ཀྱི་ཞི་ལྷིང་ལ་གནོད་ཀྱི་རེད་བསམ་པ་སོགས་ནོར་འཁྲུལ་བསམ་བློ་འདི་དག་སྤངས་ནས།”ཞེས་སློབ་གསོ་ལམ་ལུགས་འདི་ལག་བསྟར་བྱེད་པ་ལ་གྲངས་ཉུང་མི་རིགས་ཀྱི་སེམས་ལ་ཕོག་རྒྱུ་རེད་ཙམ་ཡང་བསམ་མི་ཆོག་པ་དང་། ཐ་ན་རྒྱ་གཞུང་རང་གིས་ལོ་འདི་གའི་རིང་ལ་རྒྱལ་ཐབས་ཀྱི་དོན་ཆེན་ཡང་ཆེན་དུ་བརྩི་བའི་”ཞི་ལྷིང་ “ལ་ཡང་གནོད་རྒྱུ་ཙམ་ཡང་བསམ་མི་ཆོག་པར་རྒྱའི་སྐད་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་བྱེད་ཕྱོགས་དེ་ལག་བསྟར་བྱེད་དགོས་ཚུལ་བརྗོད་ཡོད། ཁོས་སློབ་གསོའི་བྱེད་ཕྱོགས་དེ་ནི་“ཆབ་སྲིད་ཀྱི་ལས་འགུལ་གལ་ཆེན་ཞིག་དང་། མི་དམངས་ཀྱི་འཚོ་ཐབས་ཀྱི་ལས་གཞི་གལ་ཆེན་ཞིག”ཏུ་བརྩིས་ནས། “བློ་ཐག་ཆེན་པོ་ཞིག་གཅོད་པ་དང་། སྟོབས་ཤུགས་ཆེན་པོ་ཞིག་བཏོན་ནས། (དོན་དག་)དམ་འཛིན་དང་ལེགས་འཛིན། བཟུང་ནས་འབྲས་བུ་ཐོན་དུ་འཇུག་དགོས།”ཞེས་སྲིད་ཇུས་འདི་ལག་ལེན་བྱེད་དུས་གཏན་འཁེལ་བྱས་མེད་ན་ཡང་ལག་ལེན་མ་བྱས་ཐབས་མེད་ཀྱི་གཏམ་བཤད་གཏཽམ་པོ་ཞིག་བྱས་ཡོད།
ད་རེས་ཁྲོམ་སྐོར་བྱས་ནས་ཉིན་གསུམ་སོང་བའི་སྤྱི་ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་སློབ་གསོ་ཐིན་གྱི་ཐིན་ཀྲང་ཝང་ཡུས་པོ་ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས།་བའི་ནང་། རྩ་བའི་སློབ་གསོའི་སྲིད་ཇུས་འདི་སྒྱུར་ཐབས་མེད་ན་ཡང་། སྲིད་ཇུས་ལག་བསྟར་བྱེད་སྟངས་ཐད་ལ་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའི་ཅི་ཆང་ཝེ་ཡི་གཏམ་བཤད་གཏུམ་དྲག་ཅན་དེ་བསྡུར་ན་ཧ་ཅང་ཇེ་འཇམ་དུ་སོང་འདུག ཁོས་རྒྱ་སྐད་གཙོ་བོར་གྱུར་བའི་སློབ་གསོའི་སྲིད་ཇུས་དེ་སློབ་མ་དང་ཕ་མ་རྣམས་ཀྱི་བསམ་འཆར་ལ་ཉན་འཇོག་བྱེད་རྒྱུ་དང་། དེ་ལག་བསྟར་བྱེད་པའི་དུས་ཚོད་སྨིན་མེད་ན་ཨུ་ཚུགས་ཀྱིས་ལག་ལེན་བྱེད་རྒྱུ་མིན་ཚུལ་དང་། མི་རིགས་སྐད་ཡིག་སློབ་གསོ་ལ་འགྲོ་སོང་ཤུགས་ཆེར་གཏོང་རྒྱུ་ཡིན་ཚུལ་བརྗོད་འདུག ཁོས་ད་དུང་བརྗོད་དོན། སློབ་གསོའི་སྲིད་ཇུས་འདི་ལ་བརྟེན་ནས། རྒྱ་སྐད་ཀྱི་ནུས་པ་ཞན་པ་རྒྱུ་མཚན་དུ་བྱས་ནས་ད་ཡོད་དགེ་རྒན་གྱི་ལས་ཀ་ཤོར་རྒྱུ་མིན་ཚུལ་སོགས་ཀྱང་བརྗོད་འདུག (གནས་ཚུལ་འདི་རྒྱ་ཡིག་གི་ཞིན་ཧྭའི་དྲ་ལམ་དུ་ཐོན་ཡོད་པ་པོ་ཞུན་དྲ་རྒྱ་ལ་རྒྱུད་འགོད་བྱས་འདུག)
ཟླ་གཅིག་གི་སྔ་གཞུག་ལ་སློབ་གསོའི་སྲིད་ཇུས་དེ་ལག་བསྟར་བྱེད་སྟངས་ལ་དེ་འདྲའི་འཇམ་པར་གྱུར་བ་ནི་ད་རེས་ཀྱི་སློབ་མ་རྣམས་ཀྱི་ངོ་རྒོལ་གྱི་འབྲས་བུ་ཐོག་མར་མངོན་ཡོད།
ད་དུང་འབྲས་བུ་ཞིག་ནི། སློབ་མ་རྣམས་ཀྱི་ཁྲོམ་སྐོར་དང་སྐད་འབོད་བྱེད་སྟངས་གཟབ་ནན་ཡིན་པའི་སྟབས་ཀྱིས་རྒྱ་གཞུང་གིས་ད་རེས་ཀྱི་ངོ་རྒོལ་ཁྲོམ་སྐོར་འདི་ད་བར་དུ་རྡ་རམ་ས་ལའི་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་མ་ཐུབ་སྟེ། ཁྲོམ་སྐོར་ལ་དྲག་གནོན་དང་དགེ་རྒན་དང་སློབ་མ་འཛིན་བཟུང་བྱས་པའི་གནས་ཚུལ་གོ་ཐོས་བྱུང་མེད། ཡིན་ན་ཡང་། གོ་ཐོས་ལ། རེབ་གོང་ལ་སྤྱི་བདེ་ལས་ཁུངས་ཀྱིས་ངོ་རྒོལ་ཁྲོམ་སྐོར་གྱི་རྒྱབ་ལོགས་ན་དགེ་རྒན་ཡོད་ཅེས་ནས་སློབ་མ་རྣམས་སློབ་གྲྭར་བཀག་སྐྱིལ་བྱས་ནས་འདྲི་གཅོད་བྱེད་ཀྱི་འདུག་ཟེར།
གོམ་པ་གཉིས་པ་དེ་ནི་སློབ་གྲྭ་སོ་སོ་ནས་མཚམས་འཇོག་རྒྱུ་རེད་ཟེར། སློབ་མས་སློབ་མཚམས་འཇོག་པ་དང་བཟོ་བས་ལས་མཚམས་འཇོག་པ་ལས་ལྷག་པའི་ཆབ་སྲིད་ཀྱི་ནུས་པ་ཐོན་པ་ཞིག་ཉེ་རབས་རྒྱ་ནག་གི་ལོ་རྒྱུས་སྟེང་དུ་མཐོང་དཀོན་པོ་རེད་ལ།
སློབ་མཚམས་
བྱ་ཐབས་འདི་ནི་ངོ་མ་རླབས་ཆེན་རེད། འདི་ནི་ཤེས་རིག་དང་མི་རིགས་ཀྱི་བག་ཆགས་སད་པའི་རྟགས་མཚན་དགའ་འོས་པ་ཞིག་རེད། བོད་ནང་གི་བོད་རིགས་གཞོན་སྐྱེས་ཚོས་ཐོབ་ཐང་འདི་བཞིན་མུ་མཐུད་རྩོད་ཀི་རེད། ནུས་པ་ཞིག་ཏན་ཏན་ཐོན་གི་རེད། རྩོད་ལུགས་འདི་འདྲ་ཁྱུང་ཆེན་ནམ་མཁར་འཕུར་བ་དང་འདྲའོ།།