གཤོག་དམར།
སྐྱབས་རྗེ་བླ་མའི་དགྱེས་འཛུམ་མ་གཟིམ་གོང་། །
དཔོན་སློབ་མཉམ་འཛོམས་འདུ་བ་མ་གྱེས་གོང་། །
སྒེར་གཅོད་དཔུང་གིས་བཙན་གནོད་མ་བྱུང་གོང་། །
ང་ཚོ་འདི་འདྲའི་ཉམ་ཆུང་ག་ལ་ཡིན། །
དཔོན་སློབ་གྱེས་བྲལ་ལོ་ཟླ་མ་ཚེས་གོང་། །
རང་ཤག་ཆུང་ཆུང་བཙན་འཕྲོག་མ་བྱས་གོང་། །
རྡོ་རྗེའི་མཆེད་ལྕམ་ཁ་བྲལ་མ་ཡལ་གོང་། །
རང་ཅག་འདུ་བ་འདི་འདྲའི་ཉམ་ཆུང་མིན། །
མཐའ་གཉིས་མ་ལྷུང་འཚོ་བ་མ་བརླག་གོང་། །
སྐྱིད་ཀྱི་འཚོ་ཆས་ཅུང་ཙམ་དབང་ཡོད་གོང་། །
དམར་ནག་དུག་ཆུས་འདུ་བ་མ་ཐོན་གོང་། །
རང་རང་ས་ནས་སྐྱིད་ཀྱི་འཚོ་བ་རོལ། །
ཆོས་རྗེ་བླ་མ་ཆོས་ཀྱི་དབྱིངས་སུ་གཟིམ། །
མཆེད་ལྕམ་འདུ་བ་གྱེས་བྲལ་དུཿཁས་མནར། །
བཙན་ཤེད་དཔུང་གིས་གང་སར་དེད་པ་འདི། །
ཀྱེ་མ་ལས་ངན་འདི་འདྲ་ཅི་ཡི་འབྲས། །
ཉམ་ཆུང་ས་ནས་ཉལ་དབང་མ་བཞག་ཐལ། །
གནས་ལུགས་བདེན་གཏམ་བཤད་པའི་གོ་བ་མེད། །
བཙན་གཏམ་ལྕི་མོས་ས་གཏོར་རྡོ་གཏོར་བྱས། །
གོ་བ་གཞི་ནས་མེད་པའི་གླང་རྒན་ཚང་། །
ཕྱི་མྱི་སྐྱ་བོས་ནང་མྱི་བཙན་གྱིས་དེད། །
ནང་མྱི་སྨུག་པོའི་ཕྱི་ནང་ནོར་བའི་དུས། །
བདེན་གཏམ་ཕྱི་ནང་འཛོལ་བའི་ལམ་ལུགས་པ། །
ཙིཏྟ་ཧེ་རུ་ཀ་ཡི་ཞལ་དུ་བསྟབས། །
སྙིང་དང་འདྲ་བའི་རྡོ་རྗེའི་མཆེད་གྲོགས་ལགས། །
གནས་སྐབས་གྱེས་བྲལ་གྱུར་བའི་ངང་ཚུལ་ལ། །
ཐུགས་སྐྱོ་མ་མཛད་ཆོས་དང་བླ་མ་ལ། །
གསོལ་འདེབས་གྱིས་དང་མི་རིང་མཇལ་བར་ངེས། །
རང་རང་ས་ནས་རང་ཚུགས་མ་ཤོར་ན། །
སྐྱེན་ངན་རླུང་ནག་ཕན་པའི་གྲོགས་པོ་ཡིན། །
དམ་བཅའ་འགྱུར་མེད་རྡོ་རྗེའི་བྲག་རི་ལ། །
ནམ་ཡང་གཞོམ་མེད་བླ་མའི་གདམས་ངག་ཡོད། །
ལྷ་དང་བླ་མའི་བདེན་མཐུ་ཟབ་མོ་ཡིས། །
མཆེད་ལྕམ་འབྲལ་མེད་སླར་ཡང་གནས་འདི་རུ། །
ཟབ་དང་རྒྱ་ཆེའི་ཆོས་ལ་ལོངས་སྤྱོད་ནས། །
ཚོམས་བུ་གཅིག་ཏུ་མངོན་པར་སངས་རྒྱ་ཤོག །
མཆེད་ལྕམ་གྱེས་བྲལ་བྱུང་བའི་ན་ཟུག་ཅིག །
སྙིང་ལ་སླར་ཡང་ལྷུང་བའི་མོད་ཉིད་དུ། །
གུས་སློབ་ཡོང་ཀྱི་གྲྭལ་མཐའ་ཕྲན་ཆུང་པ། །
ཉི་མ་འོད་ཟེར་འབོད་པས་བྲིས་པའོ། །
དུས་རབས་ཉི་ཤུའི་སློབ་གསོ་ལྟར། །
གྲྭ་བཙུན་བསླབ་པ་སློབ་གཉེར་ཡང་། །
སྲོལ་རྒྱུན་མ་ཉམས་གནས་འགྱུར་ན། །
རང་ཚུགས་མ་ཤོར་ཕན་ཡོན་ཡོད། །
་
ལུང་པ་གཅིག་ཏུ་མ་བསྐྲུན་པར། །
ཡུལ་ལུང་སོ་སོར་དགོན་པ་དང་། །
གདན་ས་སྣ་མང་ཡོད་འགྱུར་ན། །
གཞན་སེམས་མ་དཀྲུགས་ཕན་པར་འགྱུར། །