སྐར་ཁུང་ནི་ཁ་བརྡ་ཚང་གིས་གསར་དུ་ཕྱེ་བའི་ལེ་ཚན་ཞིག་སྟེ། ལེ་ཚན་འདི་ལ་བརྟེན་ནས་བོད་དོན་དང་འབྲེལ་བ་དང་། ང་ཚོའི་རྒྱུན་ཤེས་དང་འབྲེལ་བ་དང་། ང་ཚོའི་མི་ཚེ་དང་འབྲེལ་བའི་ཤེས་ཡོན་གསར་པ་རེ་དང་། གླེང་གཞི་གསར་པ་རེ། ལྟ་ཚུལ་གསར་པ་རེ་ཁ་བརྡའི་ནང་ལ་འདྲེན་ཨེ་ཐུབ་བསམ་པ་ཡིན། སྔོན་མ་ཁ་བརྡའི་ནང་ལ། བརྗོད་གཞི་བོད་སྐད་ཡིག་དང་ཆོས་རྒྱུད་ཀྱི་དོན་དག་རེ་བྱུང་སྐབས་དེ་ལ་མཆན་བུ་གྲངས་མང་ཡོང་བ་དང་། དེ་ལས་བརྒལ་བའི་བརྗོད་གཞི་ཡོང་དཀོན་པ་དང་། ཡོང་ན་ཡང་མཆན་བུ་འདེབས་མཁན་དཀོན་ཚུལ་དང་། དེ་ནི་ང་ཚོའི་ཤེས་རྒྱའི་ཁྱབ་ཁོངས་དོག་རྟགས་ཤིག་ཡིན་ཚུལ་གྱི་བསམ་ཚུལ་འདོན་མཁན་ཞིག་བྱུང་ཡོད།
ཁ་བརྡའི་ཐོག་གི་རྩོམ་པ་པོ་མང་ཆེ་བ་ལ་མཚོན་ན། ང་ཚོས་སེམས་ཁུར་བྱེད་ས་དང་དགའ་སྣང་བྱེད་ས་ནི་ང་ཚོའི་ཕ་ཡུལ་དང་ཕ་སྐད། ཕ་ཆོས་ཡིན། ང་ཚོས་དེ་དག་ལ་ཅི་ཙམ་གྱིས་དགའ་སྣང་དང་སེམས་ཁུར་བྱེད་པ་དེ་ཙམ་གྱིས་དེ་དག་ལ་ཤེས་རྟོགས་བྱེད་པ་དང་གླེང་མོལ་བྱེད་པ་ཡང་རང་བཞིན་ཡིན། ཁ་བརྡའི་རྩོམ་སྒྲིག་པའི་ངོས་ནས་དེ་ལ་སྐྱོན་ཆ་མཐོང་གི་མེད་ན་ཡང་། ང་ཚོའི་ཤེས་རྟོགས་དང་གླེང་མོལ་རྒྱ་ཇེ་ཆེར་གཏོང་དགོས་པ་ཞིག་མཐོང་གི་ཡོད།
ང་ཚོའི་ཤེས་རྟོགས་དང་གླེང་མོལ་རྒྱ་ཇེ་ཆེར་གཏོང་པ་ལ་སྐད་ཡིག་གཞན་པའི་ཐོག་ནས་དཔེ་ཀློག་དང་དྲ་ཀློག བགྲོ་གླེང་ཚོགས་འདུ་ལ་འགྲོ་བ་མང་པོ་ཞིག་བྱེད་དགོས་ཀྱི་འདུག་ཀྱང་། ང་ཚོ་རྩོམ་སྒྲིག་ཚོགས་ཆུང་འདུས་པའི་དྲ་གྲོགས་མང་པོ་ཞིག་ལ་དེའི་སྐད་ཡིག་གི་ནུས་པ་དང་དུས་ཚོད་བཅས་གང་ཐད་ནས་མཐུན་རྐྱེན་འདང་ངེས་པ་ཞིག་ཡོད་པ་མ་རེད། དཀའ་ངལ་འདི་ཡོངས་སུ་སེལ་ཐུབ་པ་ཞིག་མིན་ན་ཡང་ཆ་ཤས་ཙམ་རེ་ང་ཚོས་འབད་བརྩོན་བྱས་ན་སེལ་ཐུབ་རྒྱུ་རེད་སྙམ། ད་ལྟ་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་ངོས་ནས་འབད་བརྩོན་ཞིག་བྱེད་འདོད་པ་ནི་དབྱིན་ཡིག་དང་རྒྱ་ཡིག་གཉིས་གཙོ་བོར་གྱུར་བའི་སྐད་ཡིག་གཞན་པའི་ནང་ན་ཡོད་པའི་རྩོམ་ཡིག་ང་ཚོ་དྲ་གྲོགས་རྣམས་ཀྱིས་ཀློག་འོས་ཆེ་བ་འགའ་རེ་དུས་དང་དུས་སུ་བོད་ཡིག་ཏུ་བསྒྱུར་ནས་ཁ་བརྡ་ལ་སྤེལ་བའི་ཞོར་དུ་ཁ་བརྡ་ལ་ད་ཕན་ཐོན་ཟིན་པའི་དོན་གནད་ཅན་གྱི་ལེགས་རྩོམ་རེ་ཟུང་སྐྱར་སྤེལ་བྱེད་འདོད་པ་ཡིན།
ང་ཚོས་རྩོམ་ཡིག་ལེགས་འདེམས་ཡོང་ཆེད་དབྱིན་ཡིག་དང་རྒྱ་ཡིག་གི་ཀློག་རྒྱ་ཅན་གྱི་གྲོགས་པོ་སྐོར་ཞིག་ལ་ང་ཚོས་རང་གི་ཤེས་རྒྱ་སྐྱེད་པ་ལ་ཀློག་འོས་ཆེ་བའི་རྩོམ་ཡིག་ང་ཚོར་ངོ་སྤྲོད་བྱེད་རོགས་ཞེས་སྐྱབས་འཇུག་ཞུས་ཡོད། ཁོང་ཚོས་ཀྱང་དེ་ལ་དགའ་སྣང་ཞལ་བཞེས་གནང་བས་མ་ཟད་རྩོམ་འགའ་རེ་ངོ་སྤྲོད་ཀྱང་གནང་སོང། དེ་བཞིན་དྲ་གྲོགས་རྣམས་ཀྱི་ཁྲོད་ནས་ཀྱང་སྐད་ཡིག་གཞན་པའི་ཐོག་ནས་བྲིས་པའི་རྩོམ་ཡིག་ང་ཚོ་དྲ་གྲོགས་རྣམས་ཀྱིས་ཀློག་འོས་ཆེ་བར་སྙམ་པ་རེ་གཟིགས་ཚེ་འདི་ག་རྩོམ་སྒྲིག་ཁང་ངོ་སྤྲོད་རེ་གནང་རྒྱུ་ཡང་ཐུགས་རྗེ་ཆེ་སྔོན་སོང་གིས་ཞུའོ།
ངོ་སྤྲོད་བྱུང་བའི་རྩོམ་རྣམས་སྒྱུར་མཁན་ཆེད་དུ་སྐྱབས་འཇུག་ཞུས་ནས་ཁོང་ཚོར་སྒྱུར་ཡོན་རེ་ཡང་འབུལ་རྒྱུ་བྱས་ཡོད་། སྐར་ཁུང་དུ་ཐོན་པའི་རྩོམ་རྣམས་ལ་མཆན་བུ་བཏབ་ལོས་ཆོག་ཀྱང་སྐར་ཁུང་ལེ་ཚན་རང་ན་མཆན་འདེབས་ས་མེད། རང་གིས་གཏམ་ཡག་པོ་ཞིག་བཤད་པ་ལ་གཞན་གྱི་གཏམ་ལ་ཡག་པོ་ཉན་དགོས་པ་ལྟར། སྐར་ཁུང་ནི་ཆེད་དུ་གཞན་གྱི་གཏམ་ལ་ཉན་ས་ཞིག་བཀོད་སྒྲིག་བྱས་པ་ཡིན། སྐར་ཁུང་གི་རྩོམ་ཡིག་ལ་གླེང་མོལ་བྱེད་འདོད་པ་རྣམས་ཁ་བརྡའི་གཞུང་དུ་ཕེབས་ནས་དེ་ལྟར་གནང་རོགས།
………………………………………………………………………………………………………
ཁ་བརྡའི་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་།
ཚེ་རིང་ཤཱཀྱ།
ལོ་རན་ ཧར་ཁྲི་ལིས།
སྡོམ་པ་ཚེ་རིང་དབང་མོ།
བསྟན་འཛིན་བདེ་སྐྱིད་།
དཀའ་ཐུབ་ཚེ་རིང་།
ཁ་བརྡའི་རྩོམ་སྒྱུར་ཚོགས་ཆུང་།
བུད་ངྔྷ་སྐྱབས།
བློ་བཟང་གྲགས་པ།
སྐལ་བཟང་ཉི་མ།
སྦྲ་རིགས་ཐོགས་མེད་།
འབྲོང་བུ་ཟླ་བ་ཚེ་རིང་།
རིག་འབྱུང་དོན་གྲུབ་བཀྲ་ཤིས།
སྤྱི་ལོ་༢༠༠༡ལོའི་སྤྱི་ཟླ་༡༡པའི་ཚེས་༢༥ཉིན།
www.khabdha.org
khabdha@gmail.com