ཐེ་བོ་ཤེས་རབ་རྒྱ་མཚོ།
——ཕྱི་ལོ་༢༠༡༣ ཟླ་༡༡ ཚེས་༡༡ ཉིན་རང་ལུས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་ཚེ་རིང་རྒྱལ་ལ་ཕུལ་བ།
ཁྱོད་ནི་སྐྱེས་དུས་ཕལ་བ་སྟེ།།
དེ་རིང་མུན་ནག་འོད་ཀྱིས་གཤགས།།
མིག་ཆུ་ངུ་ངག་མེད་ན་ཡང་།།
རུས་པ་གསེང་གི་ན་ཟུག་ཅིག །
གསེར་སྣག་ཡི་གེ་འབུར་མ་ཅན།།
ལོ་རྒྱུས་དག་མའི་རྡོ་རིང་གིས།།
ཁྱོད་ཀྱི་བྱུང་བ་བསྐལ་པའི་མཐར།།
འཇིག་རྟེན་འདི་ནས་ཀློག་པར་ངེས།།
ལ་ལ་གསོན་ཡང་འཆི་བ་སྟེ།།
མྱི་ལྤགས་འཕྲོ་བརླག་བཏང་བ་ཙམ།།
ཁྱོད་ནི་ཤི་ཡང་གསོན་པ་སྟེ།།
མགོ་ནག་བོད་པས་ག་ལ་བརྗེད།།
ཁྲག་རྩའི་སྦུབས་སུ་བཞུར་བའི་ཁྲག།
གྲང་མོར་ཆགས་པའི་མི་རིགས་ཤིག།
ཚེ་སྲོག་སྦར་བའི་མེ་ཕུང་གིས།།
འགུལ་དུ་བཅུག་སོང་ལང་ལ་ཉེ།།
ལུས་པོ་འབར་བའི་མེ་ལྕེ་ཡིས།།
བསྒུར་བའི་མགོ་བོ་འདེགས་པར་བྱེད།།
ཚེ་སྲོག་འབར་བའི་མེ་རླབས་ཀྱིས།།
ཞུམ་པའི་སྙིང་སྟོབས་འཕར་དུ་བཅུག།
ཁྱོད་ཀྱི་ཚེ་སྲོག་མེ་ལྕེ་འདིས།།
སྟོད་ནས་གཡོ་ཞིང་སྨད་ནས་སྐྱོམ།།
ཁྱོད་ཀྱི་བདེན་པའི་ངར་སྐད་ཀྱིས།།
དམྱལ་བའི་མཁར་དེ་ཡོམ་ཡོམ་འགུལ།།
ཁྱོད་ནི་ཕྲེང་མདོག་རེ་རེར་ཐིམ།།
ཨ་མའི་སྙིང་ལ་མ་ཎིར་འདྲེས།།
ཁྱོད་ནི་ཞེ་འཁོན་ཟབ་མོར་ཐིམ།།
མིང་སྲིང་སྙིང་ལ་ཁོང་ཁྲོར་འདྲེས།།
ཁྱོད་ཀྱི་ཁ་ཆེམས་ཉུང་ཉུང་འདི།།
རང་དབང་ཆེན་པོའི་རྩ་འགྲེལ་ཏེ།།
ང་དང་ང་ཚོ་ཤུལ་ལུས་པས།།
སྙིང་གི་ཁོང་ལ་གཏན་དུ་རྐོ།།
༢༠༡༣ / ༡༡/ ༡༡ དགོང་མོ།