ཆབ་མདོ་ངག་ཕུན་གྱིས།
རི་བོའི་རྩེ་མོར་དགུན་དུས་གངས་ཀྱིས་གཡོགས་ཤིང་། རི་སྐེད་ལ་དབྱར་དགུན་མེད་པའི་སྔོ་ལྗང་ལྗང་གི་རི་ལུང་ཡོངས་རྫོགས་མཛེས་སྡུག་བཀོད་ལེགས་ལྡན་པའི་ཡུལ་ལྗོངས་ཤིག་ཡིན་པ་རེད། ཞོགས་པ་ལྗོན་ཤིང་གི་རྩེ་མོའི་སྟེང་ནས་བྱ་བྱིའུ་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་པ་དང་དུས་མཚུངས་ལུས་སེམས་ལ་ཞི་བདེའི་འཚོ་སྣང་ཞིག་ཀྱང་སྦྱིན་འོང་གི་ཡོད་ཅིང་། དེ་འདྲའི་ཉམས་དགའ་བའི་ལུང་པ་དེར་གཞན་ནས་ཡུལ་གྱལ་ལ་ཡོང་བའི་མི་རྣམས་གནས་སྐབས་རིང་ལ་གནས་ཚང་གཡར་ནས་འཚོ་སྡོད་བྱེད་ཀྱི་ཡོད། ཁོ་ཚོ་ནི་གྲོང་མི་ཕན་ཚུན་ཧ་ཅང་གི་མཐུན་ལམ་ཟབ་ཅིང་། དཀའ་ངལ་གང་འདྲ་ཞིག་འཕྲད་ནའང་ཕན་ཚུན་གཅིག་ཕན་གཅིག་གི་རོགས་པ་བྱེད་པའི་ལུགས་སྲོལ་བཟང་པོ་ཞིག་ཀྱང་གནའ་ནས་དར་རྒྱས་བྱུང་ཡོད་པ་རེད།
དེར་བརྟེན་རྒན་རབས་རྣམས་ཀྱིས་ལམ་ལུགས་དེ་དག་གལ་ཆེར་ངོས་འཛིན་གྱི་རྒྱུན་འཛིན་དང་དར་འཕེལ་ཡོང་བའི་རེ་བ་དང་། འབད་བརྩོན་བྱེད་ཀྱི་ཡོད་ཅིང་། རིམ་གྱིས་ལུང་པ་དེར་འཕོ་འགྱུར་དང་བསྟུན་ཏེ་གྲོང་ཚོ་ཆེན་པོ་ཞིག་ཆགས་པ་དང་། རི་སྒང་གི་གྲོང་ཚོ་ཆུང་ཆུང་ཁ་ཁུ་སིམ་སིམ་དེ་ད་སྐབས་འདུ་འཛི་ཆེ་ཞིང་། མི་ཚོགས་དང་རླངས་འཁོར་འགྲོ་འོང་ཚང་ཁ་ཤིག་ཤིག་ཏུ་གྱུར་ཡོད། ཕྱི་རོལ་ནས་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་མཁན་དེ་ལས་མང་ལ། གཏན་དུ་འཚོ་སྡོད་བྱེད་མཁན་ལོ་རེ་ནས་ལོ་རེ་ཇེ་མང་དུ་གྱུར། དེར་བརྟེན་བཀྲ་འཛོམས་ཟེར་བ་བུད་མེད་དེ་ཡང་ཐག་རིང་ནས་ལུང་པ་དེར་ལས་ཀ་འཚོལ་བར་ཡོང་དོན་ལྟར་ལས་ཀ་ཞུས་ཏེ་ལས་ཁུངས་ཤིག་ལ་ལས་ཀ་ཐོབ་སྟེ་ལས་ཀ་བྱེད་ཀྱི་ཡོད་པ་རེད།
རིམ་གྱིས་ལས་ཁུངས་དེར་ལས་ཀ་གཏན་འཇག་རག་པ་དང་བསྟུན་ཁོ་མོའི་སྤུན་མཆེད་ཆུང་བ་དེ་ཁྲིད་ཡོང་ནས་ཉེ་འཁྲིས་ཀྱི་ཉིན་སློབ་ལ་སློབ་གྲྭར་བཏང་། ཉིན་གཅིག་ལས་ཁུངས་གྲོལ་བ་དང་བསྟན་ཏོག་ཁྲིད་ནས་ཁྲོམ་ལ་ཟ་ཅ་ཉོ་བར་ཕྱིན། ཁྲོམ་ནས་ཟ་ཅ་ཉོས་ནས་ཡར་ཡོང་བ་དང་། ས་རུབ་སྟེ་དགོང་མོར་གྱུར། མཁའ་དབྱིངས་ལ་ཆུ་འཛིན་ལྕང་ལོ་ཙམ་མེད་པའི་མདངས་མ་ཞིག་ཏུ་གྱུར་ཡོད་ཅིང་། རླུང་བུ་བསིལ་བསིལ་རྒྱབ་སྟེ་ལུས་ལ་བསིལ་བའི་བདེ་སྣང་ཞིག་ཀྱང་དབང་མེད་དུ་སྟེར། རི་གཤམ་གྱི་གྲོང་ཚོ་རྣམས་ལག་མཐིལ་ནང་དུ་བཀོད་པ་ལྟར་མཐོང་ཞིང་། ནམ་མཁའི་སྐར་ཚོགས་རྣམས་ས་གཞི་ཆེན་མོའི་སྟེང་ལ་ལྷུང་པ་དང་ཀུན་ནས་མཚུངས།
དེར་བརྟེན་ནས་བུ་མོ་ཆུང་ཆུང་བསྟན་ཏོག་གིས་མཐོང་སྟེ་ཧ་སང་སྟེ་ཨ་ལྕག་ལྟོས་དང་། ནམ་མཁའི་སྐར་མ་ཚང་མ་ཐང་ལ་ལྷུང་འདུག་ཟེར། བཀྲ་འཛོམས་དགད་མོ་དབང་མེད་དུ་ཤོར་ནས་འདི་ནི་ནམ་མཁའི་སྐར་མ་ཐང་ལ་ལྷུང་བ་ཞིག་མ་ཡིན་པ། འདི་ནི་ཁྱིམ་ཚང་སོ་སོའི་གློག་སྤར་བ་རེད་ཅེས་བརྗོད་པ་དང་། བུ་མོ་བསྟན་ཏོག་གི་མགོ་གཡུག་ཙམ་ཞིག་བྱས་ཏེ་དོན་དག་ཧ་གོ་བའི་བརྡ་བཏོན། དེ་ནས་ཁོ་གཉིས་ནང་ལ་སླེབས་པ་དང་། ཨ་ལྕག་བཀྲ་འཛོམས་ཀྱིས་ཁ་ལག་བཟོས། སྤུན་མཆེད་བུ་མོ་བསྟན་ཏོག་གི་རང་སྦྱོང་ཚར་བ་བྱས་ཤིང་། དེ་ནས་ཁོ་གཉིས་ཀྱི་ཁ་ལག་ཟས་ནས་ཉལ་བ་རེད་དོ། །
བདག་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་མ་དྲིན་མོ་དམ་པ་དེ་ཉིད་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ། ཆབ་མདོ་ཨ་ཚོགས་ཀྱིས། ༢༠༡༥/༥/༡༠ ཉིན་མོར་མཇུག་རྫོགས་པར་བྱས་སོ།། །།
ངའི་སྐྱེ་ཡུལ་མར་ཡུལ་ལ་དིང་སང་ལ་དྭགས་ཟེར། ང་ཕྲུ་གུ་ཡིན་སྐབས་སུ་ཟན་དཀོན་དང་། རླངས་འཁོར་སོགས་ཀྱི་ལམ་མེད་པས་བགྲོད་ལམ་དུ་དཀའ་ངལ་ཆེན་པོ་ཡོད་པ་དྲན། ཕྱིས་སུ་རྒྱ་ལམ་བཞེངས་ཅན་དང་། གནམ་གྲུ་འབབ་ཐང་སོགས་གསར་པ་གྲུབ་ནས། བོད་སྔ་རབས་པའི་སྒྲ་གདངས་མ་ཉམས་པའི་བོད་ཀྱི་ལུགས་སྲོལ་དུ་གནས་པའི་གྲོང་ཡུལ་དག་དང་། དགོན་པ་རྣམས་ལྟ་བ་དང་། རི་བོ་གངས་ཅན་གྱི་སྟེང་ན་གནམ་གྲུ་ལས་སྐྱོད་པ་དང་། སེངྒེའི་ཁ་བབས་གཙང་པོ་མཇལ་བར་དད་པ་་ཅན་གྱི་་རྒྱ་གར་པ་འབྱོར་ལྡན་མང་པོ་དང་། ཕྱི་རྒྱལ་པ་མང་པོ་འོང་བ་སོགས་ཀྱིས་ལ་དྭགས་དབུལ་ཕོངས་ལས་ཐར་ཏེ། འབྱོར་ལྡན་དུ་གྱུར་ཀྱང་། དཔལ་འབྱོར་ལ་ལོངས་སྤྱོད་ཚུལ་མ་ཤེས་ན། སླར་ཉམ་ང་བའི་གནས་སུ་ལྟུང་བའི་ཉེན་ཀ་མཆིས་སོ།
བོད་སྔ་རབས་པའི་སྒྲ་གདངས་ནི། ཞོགས་པ་ལ་སྔ་དྲོ། སྒྲོག་པ་ལ་སྒྲོགས་པ། རོགས་པ་ལ་གྲོགས། དགོང་མོ་ལ་དགོངས་མོ། ཞེས་སོགས་སོ། ལ་དྭགས་ངའི་ལུང་པར་སྒྲ་གདངས་ཉམས་ནས་མེད་པ་ནི། བཞི་དང་རྩྭ་སོགས་ཀྱི་སྔོན་འཇུག་བ་དང་། ཝ་སོགས་ཀྱང་འཐོན་པར་འབོད་པ་ནི། ཡུལ་དེའི་གཤམ་དང་སྦལ་ཏི་ཡུལ་ན་ལུས་ཡོད་པར་མཐོང་ངོ་།