ཤར་ཕྱོགས་ཁུག་རྟ།
༄༅།། ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་འཚོགས་མ་ཐག་པའི་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོའི་ཚོགས་ཆུང་རེ་རེའི་སྙན་ཐོ་སོགས་མིག་སོན་མ་བྱུང་ཡང་། དུས་བབ་གསར་འགོད་པས་གནད་འགག་ལ་དོ་འཁུར་ཆེན་པོས་ཚོགས་ཆེན་དང་པོའི་གནས་ཚུལ་སྐོར་གསར་འགྱུར་འཐུས་ཚང་གསུམ་བཟོས་པ་དེར་ལྟ་སྐབས། བཙན་བྱོལ་བོད་མིའི་ཤེས་རིག་གི་གཞུང་ལམ་ཉིད་ནི་གཏན་འབེབས་གྲུབ་པའི་ཤེས་ཡོན་སྲིད་བྱུས་གསར་པར་ཕལ་ཆེར་སྤྱི་མོས་ཡོད་པ་འདྲ་བའི་ཚོར་སྣང་བྱུང་། ལྷག་དོན་ཚོགས་ཆུང་རེ་རེའི་ཚོགས་གཙོ་རྣམས་ཀྱི་ལན་འདེབས་ལ་བལྟས་ན་ཤེས་རིག་གི་སྲོག་འཛིན་དགེ་རྒན་རྣམས་པ་དེ་བས་ཀྱང་སྲིད་བྱུས་དེར་མོས་མཐུན་ཡོད་པ་དངོས་ར་གསལ་འཕྲོད་བྱུང་།
ཁོ་བོར་མཚོན་ན་སྔ་མོ་ནས་ཤེས་ཡོན་སྲིད་བྱུས་ལ་རྒྱུས་མངའ་བྱས་པའི་དུས་རིམ་ནང་། ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་གནས་ཚུལ་ཆེ་ཕྲ་མང་པོར་ཉན་ཞིབ་བྱེད་སྐལ་བྱུང་བ་ནི་བཙན་བྱོལ་བོད་མིའི་བོད་ཀྱི་ཤེས་རིག་མདུན་ལམ་དང་། ཉམས་ང་བའི་སྐད་ཡིག་གི་གནས་བབ་ཅུང་ཙམ་གོམ་པ་མདུན་བསྐྱོད་བྱས་ན་བསམས་པ་དེ་ཡིན་པས། རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྐབས་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་དང་། བོད་ཁྱིམ་དབུ་འཛིན་ཚེ་དབང་ཡིེ་ཤེས་གཉིས་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་ཐད་འཕྲད་པའི་དཀའ་ངལ་མཐའ་དག་སྦ་གསང་མེད་པར་གསུངས་དགོས་པའི་དྲི་བ་བཏོན་པ་ཡིན། དྲི་བ་དེ་ཚོགས་ཆུང་གི་ཚོགས་གཙོས་ངོས་ལེན་དང་ཚོགས་མི་རྣམས་ཀྱི་སྤྱི་མོས་འོག་བརྙན་འཕྲིན་ལའང་ཕབས་ཐུབ་པ་བྱུང་། ༼ བརྙན་འཕྲིན་མི་མང་ནང་བཀྲམས་ཐུབ་མེད། ༽ངའི་འཁྲིས་སུ་ཡོད་པའི་སམ་བྷོ་ཊའི་སྤྱི་ཁྱབ་དབུ་འཛིན་ཀརྨ་ཆུང་བདག་མཆོག་གིས་སྲིད་བྱུས་ལག་ལེན་གྱི་ཉམས་མྱོང་རང་སྟེང་ནས་ཕྱོགས་སྟོན་བྱས་པའི་སྙིང་དོན་རྣམས། སྐབས་དེར་ཚགས་ཤོག་སོགས་སུ་དྲིལ་བསྒྲགས་དང་རྩོམ་ཡིག་གི་ལམ་ནས་བསམ་ཚུལ་ཤུགས་ཆེར་སྤེལ་ཡོད།
ཤེས་ཡོན་སྲིད་བྱུས་ཡོངས་སུ་ལག་བསྟར་འབྱུང་མིན་གྱི་གནས་ཚུལ་ལ་ཞིབ་འཇུག་བྱས་པ་ཡིན་ན། ཕྱི་ལྤགས་ཙམ་ལ་ཆ་འཇོག་བྱེད་པའི་བཙན་བྱོལ་སྤྱི་ཚོགས་ནང་གི་རིན་ཐང་ངོས་འཛིན་གྱི་གླེན་གཤིས་དེ་མཐོང་ངེས་པ་རེད། ཉེ་སྔོན་བརྒྱུད་ལམ་ཞིག་ནས་ཉི་མ་ཁ་དཀར་ངོ་དཀར་ལ་བོད་ཕྱི་ནང་གཉིས་སུ་སྐུའི་གཅུང་མོའི་མི་ལོ་ ༤༠ ལྷག་གི་སློབ་གསོའི་ལས་དོན་ཞེས་འུར་བསྟོད་ཚད་ལས་བརྒལ་བ་བྱས་སོང་། ཤེས་ཡོན་སྲིད་བྱུས་ལག་བསྟར་དང་ཁྱད་པར་དུ་བོད་ཀྱི་རིག་གནས་སློབ་ཕྲུག་གི་སེམས་ལ་འཇགས་ཐུབ་ཀྱི་སློབ་གསོའི་ལམ་སྲོལ་དང་ལྷག་བསམ་གང་ཐད་ནས་ཞུས་ཀྱང་། རྗེ་བཙུན་པད་མར་དེ་འདྲའི་འུར་བསྟོད་ཅིག་འབབ་ཀྱི་མེད་པ་ལོང་པས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་ལ་སོང་གཤིས། རང་དབང་ལྡན་པའི་དགེ་རྒན་ཚོགས་ཆེན་གྱི་རྣམ་པ་འདིས་མི་ལོ་མང་པོའི་རིང་འཁྱོག་ལམ་དུ་སོང་བའི་བཙན་བྱོལ་བོད་མིའི་ཤེས་རིག་གི་མདུན་ལམ་ལ་རེ་བ་ཅུང་ཙམ་འབུས་སྲིད་པ་འདྲ། ང་ཚོས་སྦ་གསང་དང་འཛེམ་དོགས་མེད་པར་སྐད་ཆ་ཞིག་བཤད་དགོས་དབང་དུ་བཏང་ན། སྐུའི་གཅུང་མོ་དང་དེའི་འོག་གི་བོད་ཁྱིམ་འགན་འཛིན་ལྷན་ཚོགས་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་འདོད་མེད་པའི་རྣམ་འགྱུར་ཙམ་ལ་ནག་འདེད་བྱེད་རྒྱུ་མིན་པར། བོད་ཁྱིམ་སློབ་གྲྭ་རང་ཉིད་ཀྱི་སྒྲོམ་གཞིར་འགྱུར་བ་བཏང་སྟེ་ཤེས་རིག་ལས་ཁུངས་ཀྱི་སྟངས་འཛིན་འོག ཁྲིམས་ཀྱིས་བསྒྱུར་བའི་སློབ་གསོའི་མ་ལག་ཚད་ལྡན་ཅན་གྱི་སློབ་གླིང་ཞིག་ཏུ་བསྒྱུར་དགོས་པ་བཙན་བྱོལ་སྤྱི་ཚོགས་ནང་གི་གསར་བརྗེ་བྱེད་ཡུལ་གཙོ་བོ་གཅིག་རེད་ཅེས་བཤད་ཆོག་པ་འདི་རེད།
ད་ལྟ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཙམ་དུ་མ་ཟད་སམ་བྷོ་ཊའི་ཁྱབ་ཁོངས་ཡོངས་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པའི་ཉམས་མྱོང་ནི། རེ་བ་ཙམ་མིན་པར་མཐོང་བ་མངོན་གྱུར་གྱིས་བཙན་བྱོལ་ནང་གི་བོད་སྐད་ཡིག་ལ་ལྗང་མདོག་རྒྱས་བཞིན་པ་རེད། ཡིན་ནའང་། སློབ་དེབ་སྒྲིག་སྟངས་ནི་ད་དུང་རྗེས་ལུས་ཀྱི་རྣམ་པར་ལུས་ཡོད། སློབ་ཕྲུག་རྣམས་ལ་སློབ་གསོའི་རིམ་པ་གསུམ་ལྡན་གྱི་སློབ་དེབ་བཀོད་སྒྲིག་བྱེད་ཐུབ་མེད་པ་ནི་མིའི་དཀའ་ངལ་ཀྱང་ཡིན་སྲིད། ང་ཚོའི་བུ་གུ་ཚོར་སློབ་གྲྭར་འབྱོར་ཉིན་ནས་རང་ཉིད་མི་ཡིན་པ་དང་། བོད་མི་ཡིན་པ་སློབ་ཀྱི་མེད་པར། རང་ཉིད་ཆོས་པ་ཡིན་པར་སློབ་ཀྱི་ཡོད་པས། རང་ཉིད་མི་ཡིན་པ་དང་མི་ཐུན་མོང་གི་རིན་ཐང་གི་འདུ་ཤེས་ཡག་པོ་ཞིག་རྙེད་མེད་ཁར། བོད་མི་ཡིན་པ་དང་བོད་མི་ཡིན་པའི་རྒྱུ་མཚན་ཡིད་བཅངས་ཀྱི་ལར་ཞེན་ཡང་ལྡོག་ཏུ་མེད་པ་ཞིག་ཅི་ལྟར་རྙེད། དེ་བཞིན་བོད་མི་ཡིན་པའི་ཁྱད་ཆོས་སྒྲུབ་ཐུབ་པ་དང་གཞན་གྱི་ཤེས་རིག་སློབ་པའི་གོམ་པ་གསུམ་པ་དེ་དེ་བས་ཀྱང་འཐུས་ཚང་ཞིག་མེད་པས། སྤྱི་ཡོངས་ནས་ཞུས་ན་སྐར་ལྔའི་དར་དམར་འོག་གི་བོད་མི་ཚོར་ཤིན་ཏུ་ནས་ངོ་ནོངས་དགོས་པ་ཞིག་ཆགས་ཡོད་པ་ནི་ཞོར་འཕྲོས་ཙམ་ཡིན།
བཙན་བྱོལ་སྤྱི་ཚོགས་ལ་དམངས་གཙོའི་ཕྱི་ལྤགས་ལ་དགའ་མདོག་བྱེད་པ་ལས་ཀྱང་གལ་ཆེ་བ་ནི། བོད་མིའི་ངོ་རྟགས་སྲུང་འཛིན་དང་གོམས་གཤིས་རྒྱུད་འཛིན་བྱེད་པ་དེ་རེད། ང་ཚོར་ཤེས་ཡོན་སྲིད་བྱུས་མེད་པ་ནས་ཡོད་པར་གྱུར་ཀྱང་། ཚོགས་སྒེར་སུས་ཀྱང་འདིའི་ཐད་རང་ཁེ་དོར་བའི་གཅེས་སྤྲས་ཤིག་བྱེད་ཐུབ་ཀྱི་མེད་པ་ནི། ཤེས་ཡོན་སྲིད་བྱུས་ལག་ལེན་ཐད་སྐུའི་གཅུང་མོར་དེའི་འོག་གི་འགན་འཛིན་ལྷན་ཚོགས་ནས་ངར་ཤུགས་བླུགས་ཏེ། བཀའ་ཤག་ཏུ་ཆེད་ཕེབས་ཀྱིས་སྐད་གསེང་མཐོན་པོས་”ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་གྱི་མིན་”ཞེས་པའི་རྣམ་འགྱུར་འདི་ལྟ་བུའི་མཚོན་མི་ཐུབ་པ་ག་ལ་སྲིད།
ཤེས་ཡོན་སྲིད་བྱུས་ལ་དགག་གཞག་ཚ་ནན་གྱིས་རིག་པའི་ལམ་ནས་ལག་བསྟར་དོན་འཁྱོལ་མི་ཡོང་བའི་རྒྱུ་མཚན་འདྲེན་པ་ནི། དངོས་གནས་སློབ་གསོའི་མངའ་བདག་ཏུ་གྱུར་བའི་ཕ་མ་ཞིག་གི་གནང་སྟངས་ཡིན་ཡང་། དཀའ་ངལ་ཆུང་ཙག་མ་གཏོགས་དེ་འདྲ་ཡོང་རེ་མེད་པ་ནི་གཏན་འབེབས་བརྒྱུད་རིམ་ཐེངས་ ༡༥ རིང་རྣམ་དཔྱོད་རྩལ་དཀྲུགས་ཀྱི་བྱུང་བས་གསལ་ཁ་བྱས་འདུག་བསམས། ད་ལྟ་མཁས་དབང་ལྷན་ཚོགས་འཚོགས་ན་འདྲ། དབུ་འཛིན་ལྷན་ཚོགས་འཚོགས་ན་འདྲ། དེ་བཞིན་དགེ་རྒན་ལྷན་ཚོགས་འཚོགས་ནའང་། ཤེས་རིག་ལས་ཁུངས་ཀྱིས་གསལ་སྟོན་ཐུབ་དགོས་པ་ཞིག་ནི། བཙན་བྱོལ་བོད་མིའི་ཤེས་རིག་མདུན་ལམ་ཐད་དགེ་ལས་སློབ་ཕྲུག་ཚོར་རང་དབང་གིས་བསམ་འཆར་བཤད་ཆོག་པའི་ཁོར་ཡུག་ཅིག་དང་། ཁོང་ཚོར་དབང་བསྒྱུར་གྲལ་རིམ་གྱི་བསྟི་གནས་མིན་པར་སློབ་གྲྭ་རང་སྟེང་གི་ཁྱད་ཆོས་རྫོགས་པ་ཞིག སེམས་ཚོར་དང་དངོས་ཡོད་གཉིས་ཀར་གང་མགྱོགས་བསྐྲུན་རྒྱུ་ནི་གལ་ཆེར་འདོད་ཅིང་། བཙན་བྱོལ་བོད་མིའི་ཤེས་རིག་མདུན་ལམ་ནི་རྒྱུ་མཚན་རང་སྟེང་ནས་ཐག་གིས་གཅོད་རྒྱུ་མ་གཏོགས། གང་ཟག་འཚོ་ཐབས་རུ་ཁག་གི་དམངས་གཙོ་བེད་སྤྱོད་ཀྱི་བརྒྱུད་ལམ་རྫུན་མས་ཐག་གཅོད་གནང་མི་ཉན་པ་དེ་རེད་ལ། དེ་ནི་བཀའ་ཤག་གི་ལྟ་གྲུབ་ནང་གི་ཐབས་ལམ་གསར་པ་གཙོ་བོ་ཡིན་པའི་གསར་གཏོད་ཀྱི་གྲས་སུའང་ཚུད་པ་ཡིན།
སྐབས་འདིར་ཡིད་ཧ་ཅང་མུག་པ་ཞིག་ནི་བཙན་བྱོལ་བོད་མིའི་ཤེས་རིག་དང་སྐད་ཡིག་གི་མདུན་ལམ་ཆེད་ད་བར་ངོ་རྒོལ་བྱེད་མཁན་གཅིག་ཀྱང་མ་བྱུང་བ་དེ་རེད་ལ། ཐ་ན་ཤེས་ཡོན་སྲིད་བྱུས་ལག་བསྟར་མི་བྱེད་པའི་ཧམ་ཤེད་ལ་ཤེས་ལྡན་པ་གཅིག་གིས་ཀྱང་ངོ་རྒོལ་བྱེད་ཐུབ་ཀྱི་མེད་པ་ནི། ང་ཚོའི་སྤྱི་ཚོགས་ནང་བྲན་གཡོག་གི་བསམ་གཤིས་ཡོད་པ་དང་། རང་མི་རིགས་ཀྱི་འཚོ་ཐབས་ལ་ལས་དོན་ཅི་ལྟར་བྱེད་དགོས་པའི་སྤོབས་པ་དང་ཤེས་ཚད་གཉིས་ཀྱིས་མ་འདང་བ། ༧གོང་ས་སྐྱབས་མགོན་ཆེན་པོ་དང་བོད་མི་དཀྱུས་མའི་བར་རྒྱང་ཐག་ཧ་ཅང་རིང་བོ་ཡོད་པ་མཚོན་པ་མ་ཟད། དབུ་ལས་རྣམས་ཀྱིས་བོད་མི་དཀྱུས་མ་ཚོ་དང་བུ་རབས་ཚ་བརྒྱུད་ལ་ཅི་ཙམ་ཤ་ཚ་ཡོད་མེད་གསལ་བཤད་བྱས་འདུག་བསམས། ད་དུང་མུ་མཐུད་འདི་ལྟར་ཕྱིན་ན་འདིའི་མཇུག་འབྲས་ཀྱང་ཞེད་སྣང་ཚ་བོ་ཡོང་གི་རེད་ལ། བོད་ཀྱི་ཤེས་རིག་དང་སྐད་ཡིག་མི་གཙོ་བའི་བོད་མིའི་སྤྱི་ཚོགས་ཤིག་ལས་བོད་ཀྱི་ཤེས་རིག་དང་སྐད་ཡིག་གང་འཚམ་བསླབ་ཆོག་ལ། དེའི་ཁོར་ཡུག་ཀྱང་ཡོད་པའི་སྤྱི་ཚོགས་ཤིག་བདམས་ངེས་པ་ནི་བོད་ཀྱི་རྣམ་ཤེས་ཡོད་པའི་མི་རབས་གསར་པ་ཚོའི་ཕུགས་བསམ་རེད་འདོད།།
༢༠༡༣། ༡། ༩།། བཙན་བྱོལ་བོད་རིགས་དགེ་རྒན་ཚོར་བོད་ཀྱི་ཤེས་རིག་མདུན་ལམ་ཆེད་སྐད་ཆ་བཤད་རྒྱུའི་རང་དབང་ཐོབ་པའི་ཚོགས་ཆེན་ཐེངས་དང་པོར་ཡི་རངས་ཀྱི་ཚུལ་དུ་གློ་བུར་གང་དྲན་ཤར་མར་སྦྱར།།
དངོས་གནས་བདེན་པ་རེད། དེ་རིང་ཤར་ཕྱོགས་ཁུག་རྟའི་སྐད་ཆ་དེ་ལ་རྒྱབ་སྐྱོར་ཡོད། སྐུའི་གཅུང་མོ་རྗེ་བཙུན་པད་མས་བུ་ཕྲུག་མང་པོ་གསོ་སྐྱོང་གནང་བ་བཀའ་དྲིན་ཆེན་པོ་ཡིན་ཡང་། བོད་ཁྱིམ་ནང་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་མ་བཅུག་པ་ནི་ཧ་ཅང་གི་ཐབས་སྡུག་རེད། བྱེད་སྟངས་འདི་ནི་མི་རིགས་འདིའི་ཚེ་སྲོག་ཇེ་ཐུང་ལ་བཏང་བ་ཞིག་ཡིན་པ་ཐག་བཅད་ནས་བཤད་ཆོག
གློ་བུར་དུ་གང་དྲན་ཤར་བ་དེ། ཡིག་ཐོག་ལ་གཡུགས་པ་ནི་ནོར་བ་རེད། ཆེན་པོ་ཞིག་བཤད་པར་འདོད་ཡོད་ན། ཆེ་ས་ནས་བསལ་བློ་གཏོང་དགོས་པ་རེད། ཡིད་ལ་ཤར་ཤར་བྲིས་བས་ག་ལ་འགྲིག།
ཕྱོགས་གང་ནས་བལྟས་ན་ཡང་། བོད་ནང་ན་མ་རེག་པའི་ཤེས་ཡོན་ཞིག བཙན་བྱོལ་སློབ་གྲྭ་ན་རེག་གི་ཡོད་པ་གསལ་པོ་རེད། མིའི་སྤྱི་ཚོགས་ལ་ཞུགས་ན། སུ་རྒྱལ་སུ་ཕམ་གསལ་བོ་མཐོང་གི་རེད། ཡིན་ན་ཡང། དེ་འདྲ་ཞིག་གིས་འགྲོག་ཡོད་དམ་ཟེར་ན། ཡར་རྒྱས་ལ་མཐའ་མེད་པས། ཡར་རྒྱས་ལ་སྐུལ་མ་བྱོས་ཆོག་པ་ཞིག་རེད།
ད་ཐེངས་ཁུག་རྟས་གནད་ལ་འཁེལ་བའི་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག དེ་ནི་ཁུག་རྟ་དང་འདྲ་བའི་བོད་མི་མང་པོ་ཞིག་ལ་དེ་སྔོན་ནས་བསམ་ཚུལ་དེ་ཡོད་ཀྱང་སྐུའི་གཅུང་མོའི་གཟི་བྱིན་ལ་བཙན་བྱོལ་ཁྲོད་འགྲུན་མཁན་དཀོན་པས་ད་བར་ངོ་རྒོལ་བྱེད་མཁན་དེ་ཙམ་མེད་པ་ལྷག་པ་རེད། ཨ་མ་པདྨས་༼བོད་རྩོམ་བྲིས་ན་ཅི་ཞིག་ཕན་ཐོགས་ཡོད་ངེས་རེད་ཅེས་བ༽ཞིག་གོ་བས་བློ་ཕམ་ཧ་ཅང་བྱུང་། མགོ་ཁྲིད་མཁན་ཚོས་བོད་ཡིག་ལ་དོ་སྣང་མ་བྱེད་ན་འཇུག་མས་ཅི་ལྟར་བྱེད་ཀྱང་དེ་ཙམ་གྲུབ་འབྲས་མི་ཐོན་པ་མཐོང་ཆོས་རེད། བོད་ཕྲུག་རྣམས་སྐད་ཡིག་གང་ཞིག་ལ་རང་རྐྱ་མེད་པའི་ར་མ་ལུག་ཏུ་སྒྱུར་བ་ནི་འཐུས་ཤོར་ཞིག་ཏུ་མཐོང་།
༄༅།རང་གཞུང་ཤེས་ལྷན་ནས་བོད་རིགས་དགེ་རྒན་ཚོགས་ཆེན་ཐེངས་དང་པོའི་གྲོས་གཞི་ལྟར་ཚོགས་ཆུང་དྲུག་པའི་དགེ་རྒན་རྣམས་པའི་དགོངས་འཆར་སྙན་ཐོ།
བོད་ཀྱི་སྐད་ཡིག་དང་དབྱིན་ཇིའི་སྐད་ཡིག་གཉིས་ཡར་རྒྱས་འགྲོ་ཐབས།
༡ བོད་ཡིག་ཚོགས་ཐེངས་མང་ཉུང་དབྱིན་སྐད་སློབ་ཚན་དང་མཉམ་པ་དགོས་རྒྱུ་དང་། ཤེས་ཡོན་སྲིད་ཇུས་ལག་ལེན་སྟར་ཐུབ་ན་འཛིན་རིམ་བཞི་པ་ནས་བཟུང་དབྱིན་ཇིའི་སྐད་ཡིག་གི་ཐོག་མཐུན་རྐྱེན་འཐུས་ཚང་སྦྱོར་ཐུབ་པ་གནང་རོགས།
༢ སློབ་ཚན་སྐད་ཡིག་གང་གི་ནང་སློབ་ཁྲིད་གནང་ཡང་སློབ་ཐུན་དེའི་རིང་དགེ་སློབ་གཉིས་ཀས་སྐད་ཡིག་དེ་རང་བེད་སྤྱོད་གནང་དགོས་པའི་གཏན་འབེབ་གནང་གལ་ཆེ་བ་དང་། ལྷག་པར་མཛད་གཙོ་རྣམས་པ་ཚོ་ནས་གཙོས་པའི་དགེ་ལས་ཕ་མ་དང་བཅས་པས་བོད་སྐད་གཙང་མ་དང་། བརྡ་སྤྲོད་དང་མཐུན་པ་བེད་སྤྱོད་གནང་གལ་ཆེ། དཔེར་ན། ང་ཚོ་གིས། ཟེར་བ་ལྟ་བུ་དང་། ཕྱི་ཚེས་ལ། སྟ་རེས། ལྟ་བུ་ངེས་པར་སྤོང་དགོས་པར་མཐོང་།
༣ རབ་བྱུང་ན་ལོ་རེའི་ནང་བོད་ཡིག་དགེ་རྒན་རྣམས་ཐ་སྙད་གཅིག་སྒྱུར་དང་། ཐབས་ལམ་བགོ་འགྲེམ་ཉམས་མྱོང་སྤེལ་རེས་ལ་སོགས་པའི་ཆེད་འདུ་འཛོམས་ཡོང་ཐབས་དགོས་གལ་དང་། ཡིག་ཚད་བཟོ་ཕྱོགས་ལ་སོགས་དགེ་རྒན་གྱི་ལག་པར་རང་དབང་ཡོད་དགོས་ཐོག། གཞན་ཕན་དང་སྲོལ་རྒྱུན་གྱི་ལམ་ནས་ཉིན་རེའི་སློབ་ཁྲིད་ཀྱི་ཐབས་ལམ་གསར་པ་འདོན་ཐབས་མ་ཟད། ཐབས་ལམ་གསར་པའི་ནང་རྣམ་གྲངས་མང་བས་དགེ་རྒན་འདུ་འཛོམས་ཐོག་ཉམས་མྱོང་གྲོས་གླེང་གིས་སྤེལ་དགོས་པ་གལ་ཆེ།
༤ འབྲིང་རིམ་དང་མཐོ་རིམ་སློབ་ཕྲུག་གི་གྲངས་ཚད་གཞིར་བཟུང་བོད་དགེའི་གྲངས་འབོར་སྤོར་དགོས་པ་དང་། ཤེས་ལྷན་ནས་ལག་ཁྱེར་གཅིག་པོར་གཟིགས་ནས་ལས་བསྐོས་གནང་རྐྱང་མ་ཡིན་པར་བོད་ཡིག་ཤེས་ཚད་ལེགས་པོ་ཡོད་པ་ཚོར་གོ་སྐབས་དམིགས་གསལ་སྤྲད་ནས་ལག་འཁྱེར་སྤྲད་ཐོག་དགེ་རྒན་བསྐོ་གཏོང་གནང་དགོས་པ་མཐོང་།
༥ དབྱིན་ཇིའི་དཔེ་དེབ་ལྟར་བོད་ཡིག་ནང་རི་མོ་མཉམ་དུ་བོད་ཡིག་བྱིས་སྒྲུང་ཡིག་གཟུགས་ཆེན་པོས་ཕྲུ་གུའི་དང་བ་འདྲེན་ཐུབ་པའི་དཔེ་དེབ་གང་མང་དགོས་པ། སྒྲུང་ཀློག་ནས་སྒྲུང་གི་ནང་དོན་བསྐྱར་ཞིབ་དགོས་གལ་ཐོག་སྐད་ཡིག་འཛིན་ཁང་གཅིག་པུ་མ་ཡིན་པར་ཕྱིའི་ཁོར་ཡུག་ཐོག་ནས་ཡར་རྒྱས་གཏོང་གལ་ཆེ་བར་མཐོང་།
༦ སློབ་དེབ་ཁག་ལ་བསྐྱར་ཞིབ་འགྲོ་བཞིན་པ་ལྟར་དགེ་རྒན་ཚོར་ཡང་ཟབ་སྦྱོང་ངེས་པར་དགོས་པ་དང་། སློབ་གཞི་རྩ་འཛིན་ནང་དམིགས་གསལ་བྱ་ཚིག་དང་མིང་ཚིག་སོགས་འཛིན་རིམ་དང་པོ་ནས་བཟུང་རྨང་གཞི་བརྟན་པོ་ངེས་པར་བཟོ་དགོས་པས་དེ་བཞིན་ལག་བསྟར་བྱེད་དགོས་པ་མཐོང་།
༧ གཏན་སློབ་ཁག་ནང་རིག་ལམ་སློབ་གཉེར་ཚད་ལྡན་དགོས་ན་སློབ་ཕྲུག་གི་གྲངས་ཚད་ལ་དཔག་པའི་ནང་པའི་ལྟ་གྲུབ་ཆོས་དགེ་བསྐོ་གཏོང་གནང་དགོས་གལ།
༨ མཐོ་སློབ་ཁག་ནང་བོད་སྐད་ཡིག་གི་ཤེས་ཚད་སྐྱོ་རུ་འགྲོ་ཡི་ཡོད་སྟབས་སློབ་ཡོན་གྱི་རེའུ་མིག་འགེངས་པ་དང་། རང་གཞུང་ཤེས་ལྷན་དང་འབྲེལ་བ་གང་ཡོད་བོད་ཡིག་ནང་ཡིག་འབྲེལ་བྱེད་དགོས་པ་བཟོ་ཐུབ་རྒྱུ་ཧ་ཅང་གལ་ཆེ།
༩ སློབ་ཕྲུག་ཚོ་ཤེས་ཡོན་ཡག་པོ་དང་དཔེ་དེབ་ཀློག་པའི་གོམས་གཤིས་སླེབས་ཆེད་དགེ་རྒན་གྱིས་དཔེ་དེབ་གང་མང་ཀློག་སྟེ་སློབ་ཕྲུག་ཚོར་མིག་དཔེ་སྟོན་ཐབས་གནང་གལ་མ་ཟད། གཏན་སློབ་ཁག་ནང་བོད་རིགས་སློབ་སྤྱིའི་འཛིན་སྐྱོང་འོག་དཔེ་མཛོད་འཐུས་ཚང་དགོས་གལ་ཆེ། ཤེས་རིག་ཚོགས་ཆེན་ཐེངས་དང་པོ་དང་གཉིས་པ་སོགས་སུ་གཞིས་ཆགས་ཁག་ནང་དཔེ་མཛོད་ཀྱི་ཆ་རྐྱེན་དགོས་པ་སྐུལ་ལྕག་སོང་ཟིན་ཀྱང་ད་བར་ལག་སྟར་བྱུང་མི་འདུག་ན་སློབ་ཕྲུག་གི་ཤེས་ཚད་ཡར་རྒྱས་གཏོང་སླད་ལས་གཞི་དེ་ངེས་པར་མཇུག་སྐྱོང་གནང་རོགས་ཞུ་བ་དང་ཆབས་གཅིག་སློབ་གྲྭ་གྲོལ་བ་དང་། གུང་སེང་སྐབས་སྐད་ཡིག་ཡར་རྒྱས་གཏོང་ཡུལ་གྱི་ཁོར་ཡུག་སྐྲུན་ཐབས་གནང་རྒྱུ།
༡༠ བོད་ཀྱི་སྐད་ཡིག་དང་དབྱིན་ཡིག་ལ་སོགས་པའི་སློབ་ཚན་ཚང་མ་ཡར་རྒྱས་གཏོང་ཆེད་སློབ་གྲྭ་ཁག་ནང་བོད་པའི་སྐད་ཡིག་ཁྱད་ལས་པ་གདན་ཞུས་ཀྱིས་བཀའ་སློབ་གནང་ཐུབ་ན་དགེ་ཕན་ཆེ་བར་མངོན། ལྷག་པར་དུ་ཐག་རིང་གི་སློབ་གྲྭ་ཁག་ཏུ་དམིགས་གསལ་གྱིས་བསྐྱོད་དེེ་དགེ་རྒན་དང་སློབ་ཕྲུག་གཉིས་ཀར་སློབ་སྦྱོང་དང་འབྲེལ་བའི་ཐབས་ལམ་ཟབ་ཁྲིད་གནང་རྒྱུ་གལ་ཆེ།
༡༡ བོད་ཀྱི་སྐད་ཡིག་སློབ་དེབ་ནང་དག་ནོར་མ་སླེབས་པ་དགོས་གལ་ཧ་ཅང་ཆེ་བ་དང་། དབྱིན་ཡིག་ནང་དྲི་ཚིག་གི་རྟགས་ཡོད་པའི་ཚབ་ཏུ་བོད་ཡིག་ནང་འབྱེད་སྡུད་ཀྱི་ཚིག་ཕྲད་བེད་སྤྱོད་ངེས་པར་གནང་དགོས་གལ་མ་ཟད། དུས་གསུམ་གྱི་བྱ་ཚིག་གང་ལེགས་ཐོག། འཛིན་རིམ་དང་པོ་ནས་གོ་རིམ་བཞིན་ཐ་སྙད་ཇི་ཙམ་ཤེས་དགོས་པའི་གཏན་འབེབ་གནང་དགོས་པ་དང་། འཛིན་རིམ་སོ་སོར་བོད་ཡིག་སྦྱོང་དེབ་དགོས་གལ་ཐོག་འདས་པ་དང་ད་ལྟ་བའི་དཔའ་བོ་དང་དཔའ་མོ་ཚོའི་ལོ་རྒྱུས་སྒྲུང་ཐུང་ཐོག་ནས་ངོ་སྤྲོད་གནང་དགོས་གལ་ཆེ།
༡༢ དགེ་རྒན་ཚོར་ཚོགས་ཐུན་མང་དྲགས་ནས་བཅོས་བྱེད་པའི་དུས་ཡུན་དང་། སློབ་ཚན་འཆར་འགོད་ཀྱི་དུས་ཡུན་ཉུང་དྲགས་པ་སོགས་ཀྱིས། དྲི་བའི་ལན་ཚང་མ་དགེ་རྒན་གྱིས་གཅིག་གྱུར་ཐོག་བརྒྱབ་ནས་བཅོས་བྱེད་རྒྱུ་སྟབས་བདེ་པོ་ཡོང་ཐབས་གནང་གི་འདུག་པས་དེས་སློབ་ཕྲུག་གི་ཤེས་ཚད་གོང་མཐོར་འགྲོ་རྒྱུར་གནོད་སྐྱོན་འཚབ་ཆེན་ཡོང་གི་འདུག་ན་ངེས་པར་སྤོང་ཐབས་གནང་རྒྱུ།
༡༣ འཛིན་རིམ་དང་པོ་ནས་ལྔ་པ་བར་སྤྱི་ཚོགས་རིག་གནས་དང་ཚན་རིག་སློབ་ཚན་དེ་ཙམ་གྱིས་དགོས་མཁོ་མེད་པར། བོད་སྐད་ཡིག་བྲི་ཀློག་གཙོ་འདོན་ཐོག ། མིང་ཚིག་དང་། ཡིག་གཟུགས། བྱ་ཚིག་རྒྱན་ཚིག་སོགས་རིམ་པས་སློབ་ཁྲིད་གནང་ཐབས་གལ་ཆེ་བར་མཐོང་།
༡༤ སློབ་ཚན་དང་འབྲེལ་བའི་ལྟད་མོ་བསྟན་དགོས་རིགས་ལ་multimediaའཕྲུལ་རིགས་ངེས་པར་དུ་བེད་སྤྱོད་གང་མང་གཏོང་བའི་མཐུན་རྐྱེན་སྦྱར་ཐབས་དང་། དབྱིན་བོད་གཉིས་ཀ་གཏམ་བརྗོད་ཐུང་ངུ་དང་། དཔོས་བྲིས། གཏམ་གླེང་། བྲི་རྩོམ། ཉིན་དེབ་བྲི་རྩོམ། དེབ་རིགས་ཀློག་ཟིན་འགོད་དེབ། ཀློག་སྟངས་སྒྲ་གདངས་བརྟག་དཔྱད་ཁང་ལ་སོགས་པ་བརྒྱུད་ནས་བོད་དབྱིན་སྐད་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་ཆེ།
༡༥ བོད་ཡིག་ལ་ཆེད་མཐོང་ཡོང་ཐབས་སུ་ཨ་རིའི་fullbrightལ་སོགས་པའི་སློབ་ཡོན་ཆེད་ཡིག་ཚད་གཏོང་དགོས་རིགས་ནང་བོད་ཡིག་རྒྱུགས་སྤྲོད་ཀྱི་ཆ་རྐྱེན་ངེས་པར་བཟོ་དགོས།
༡༦ བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་གི་བོད་སྐད་ཡིག་ཁྲིད་ཐབས་དང་འབྲེལ་བའི་ལས་རིམ་ཀློག་ཀླད་བརྒྱུད་ལམ་powerpointནང་མཁོ་སྒྲུབ་ཞུས་ཏེ་བོད་སྐད་ཡིག་དང་འབྲེལ་བའི་དྲ་རྒྱ་ཞིག་མཐུན་འགྱུར་གནང་རོགས་ཞུ་རྒྱུ།
༡༧ བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཞུང་འབྲེལ་སྙན་ཞུའི་རིགས་ཚང་མ་བོད་ཡིག་ཐོག་འབྲི་དགོས་པའི་ལམ་སྲོལ་བཟང་པོ་གསར་གཏོད་གནང་བ་དེས། མི་རིགས་ཀྱི་སྐད་ཡིག་ཡར་རྒྱས་འགྲོ་བར་དགོངས་བཞེས་ཟབ་མོ་གནང་བ་དེ་ལྟར་མུ་མཐུད་ལག་བསྟར་ངེས་པར་བྱེད་དགོས་པ་མ་ཟད། མཐོ་སློབ་ལས་བཞུགས་ཡིག་རྒྱུགས་ཁག་ནང་བོད་ཡིག་ངེས་པར་དགོས་གལ་ཆེ་བ་ཡིན།
༡༨ ཤེས་རིག་ལས་ཁུངས་ནས་བོད་ཡིག་གི་ཤེས་ཚད་ལེགས་གྲས་རྣམས་ལ་དམིགས་གསལ་ཡིག་རྒྱུགས་གཏོང་སའི་ཁོར་ཡུག་(open school)ལྟ་བུ་ཤེས་རིགས་ནས་ངོས་འཛིན་ཡོད་པ་བཟོ་ཐུབ་ན་དགེ་མཚན་ཆེ་བ་མཐོང་།
ཨང་རྩིས་དང་ཚན་རིག།
༡ ཚན་རིག་གི་བདུན་ཕྲག་དང་ཨང་རྩིས་ཀྱི་བདུན་ཕྲག་སྲུང་བརྩི་དགོས་གལ་དང་དེའི་ཐོག་གི་ཁྱད་ལས་གདན་ཞུས་ཀྱིས་བཀའ་སློབ་གནང་ཐུབ་ན་དགེ་ཕན་ཆེ་བ་མ་ཟད། གཞི་རིམ་འོག་མ་ནས་བཟུང་སྟེ་འགོ་འཛུགས་ཀྱིས་ཨང་རྩིས་ཀྱི་གཞི་བརྟན་གཏིང་ཐུབ་པའི་དགེ་རྒན་ཚད་ལྡན་དགོས་རྒྱུ་དང་། ལྷག་པར་ཚན་རིག་དང་ཨང་རྩིས་དགེ་རྒན་དམིགས་གསལ་ཁྱད་ལས་པའི་ཤེས་ཚད་ལྡན་པ་ངེས་པར་དགོས་གལ།
༢ ཚན་རིག་དང་ཨང་རྩིས་ཀྱི་སློབ་ཚན་རྣམས་ལས་འགུལ་གལ་ཆེ་བར་བརྟེན། མཐུན་རྐྱེན་གཞན་པའི་སློབ་གྲྭ་ཁག་ལ་མཐུན་རྐྱེན་རོགས་རམ་གནང་གལ་ཤེན་ཏུ་ཆེ་བ་དང་། ཕ་ཡུལ་བརྙན་དེབ་དེའི་ཐོག་ཚན་རིག་གི་ཤེས་བྱ་ཡོད་པ་བཞིན་ཨང་རྩིས་ཀྱི་ཤེས་བྱ་ཡང་ཡོད་པ་བཟོ་རོགས་གནང་ཞུ་རྒྱུ།
༣ ཨང་རྩིས་སློབ་དེབ་ཀྱི་ལྗིད་ཚད་དང་བརྒྱབ་ཤར་ཐུགས་སྣང་ཐོག། དམའ་རིམ་སློབ་དེབ་ནང་རང་ལས་དང་ནང་ལས་ཁག་དགེ་རྒན་རང་ངོས་ནས་སྤྲད་དགོས་པ་ལས་སློབ་དེབ་ནང་དེ་ཙམ་དགོས་པ་མེད་པ་མཐོང་།
༤ རྩིས་དང་ཚན་རིག་གཉིས་སློབ་མ་རྣམས་ལ་ད་བར་སྐུ་ངལ་ཆེ་ཤོས་དེ་ཡིན་ཡང་ཐབས་ལམ་བཟང་ཤོས་ནི་སློབ་མའི་ཕ་སྐད་༼བོད་སྐད་༽ཐོག་ཆེས་བོད་རིགས་དགེ་རྒན་གང་མང་བསྐོ་གཏོང་གནང་ཐུབ་ན་རྩིས་དང་ཚན་རིག་གཉིས་ཀྱི་དཀའ་ངལ་རིམ་གྱིས་སེལ་བར་མངོན། ༼དམིགས་གསལ་གཏན་སློབ་ཀྱི་དཀའ་ངལ།༽
༥ ཨང་རྩིས་ལ་སོགས་དྲི་ཤོག་བཟོ་སྐབས་དགེ་རྒན་ལ་རང་དབང་ཡོད་ན་ལེགས་པ་དང་། སློབ་ཚན་རྣམས་དགེ་རྒན་གྱིས་གྲ་སྒྲིག་གམ་སློབ་ཚན་འཆར་འགོད་འཐུས་ཚང་གནང་དགོས་ཐོག །ཨང་རྩིས་དྲི་རྩད་འགྲན་སྡུར་དང་། ཚན་རིག་དྲི་རྩད་འགྲན་སྡུར་གྱི་བྱེད་སྒོ་ཧ་ཅང་གལ་ཆེ།
༦ ཚན་རིག་དང་ཨང་རྩིས་རིག་ལམ་བེད་སྤྱོད་ཐོག་ནས་སློབ་ཕྲུག་ལ་གོ་བ་ལེན་ཐབས་གནང་ན་ཕན་ཐོགས་ཆེེ་བས་རིག་ལམ་གོ་རིམ་ལེགས་པོ་བྱུང་རྗེས་གཞི་ནས་རིག་ལམ་ནང་འགྲོ་ཐུབ་ན་དགེ་མཚན་དང་། སློབ་གྲྭ་ཁག་ནང་སྲིད་དོན་ས་བཀྲ་སོགས་གང་མང་མཐུན་རྐྱེན་གནང་ཐུབ་ན་ཕན་ཐོགས་ཆེ།
༧ ཚན་རིག་གི་ལུས་ཀྱི་ཆགས་དབྱིབས་ཀྱི་འགྲེལ་བཤད་ཁག་བོད་གཞུང་སྨན་རྩིས་ཁང་གི་ལུས་པོའི་དབྱིབས་གཟུགས་དཔེ་རིས་བེད་སྤྱོད་ཀྱིས་བོད་ཀྱི་ཐ་སྙད་ཐོག་ནས་ངོ་སྤྲོད་གནང་ཐུབ་ན་ཚན་རིག་ཡར་རྒྱས་དང་སྲོལ་རྒྱུན་སྤེལ་ཐུབ་པ་གལ་ཆེ་བར་མཐོང་།
༨ འཛིན་རིམ་བཅུ་གཅིག་ནས་ཚན་རིག་སློབ་ཚན་གྱི་གདམ་ཀ་བྱེད་མཁན་ཧ་ཅང་དཀོན་ཐོག་རེ་གཉིས་ཡོད་ཀྱང་མཐོ་སློབ་ཁག་ནས་ཚན་རིག་གཡུག་མཁན་ཧ་ཅང་མང་བས་དེའི་རྒྱུ་རྐྱེན་གང་ཡིན་རྩད་གཅོད་གནང་ཐུབ་ན་ལེགས་པ་དང་། མཐོ་སློབ་ཁག་ནང་ཚན་རིག་ཐོག་དམིགས་གསལ་གཟིགས་སྐྱོང་མ་ཟད་དེའི་ཐོག་ཤེས་རིག་ནས་ལམ་སྟོན་ཞིབ་འཇུག་གནང་དགོས་གལ་ཆེ་བར་མཐོང་།
༩ བོད་ཁྱིམ་སལ་ལི་ཁུལ་སློབ་གྲྭ་ལྟ་བུ་ཤེས་རིག་ནས་བཙུགས་ཐུབ་ན་བོད་སློབ་ཁོངས་དང་ཤེས་རིག་ཁྱབ་ཁོངས་ཚང་མར་ཕན་ཐོགས་ཆེ་བར་མངོན།
སློབ་ཚན་གཞན།
༡ རིག་ལམ་སློབ་ཚན་དེ་སློབ་ཐུན་གྱི་དུས་ཚོད་ངེས་པར་དགོས་ངེས་མཐོང་། སློབ་གྲྭ་ཚང་མར་ཆོས་དགེ་ངེས་པར་དགོས་གལ་ཆེ།
༢ སློབ་ཚན་གང་ལ་བྱང་ཆུབ་པ་དེ་ལ་འབྲེལ་མེད་སློབ་ཚན་གཞན་སློབ་ཁྲིད་གནང་འཇུག་ན་སློབ་མར་གྱོང་གུད་ཡོང་བར་མངོན།
༣ ཆོས་དགེ་དང་སྨན་ཞབས་པ་དང་དེ་བཞིན་བོད་རིགས་དགེ་ལས་འཕྲལ་སེལ་རིགས་གཏན་འཇགས་བསྐོ་བཞག་སླད་ཤེས་ལྷན་ནས་དབུས་བོད་སློབ་འཛིན་ཚོགས་སུ་ཤུགས་གནོན་གནང་གལ།
༤ མདོར་ན་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཡོངས་རྫོགས་ཁ་ཙམ་མ་ཡིན་པར་ཤེས་ཡོན་སྲིད་ཇུས་དོན་དངོས་ཐོག་འཁྱོལ་ཐུབ་པ་དགོས་རྒྱུ།
༥ བོད་སྐད་ཡིག་རང་མི་རིགས་ལ་དགོས་གལ་ཧ་ཅང་མཐོང་ཡང་དངོས་ཡོད་གནས་ཚུལ་ཐོག་འབབ་ཚེ་ཕྲུ་གུའི་མདུན་ལམ་དབྱིན་ཇི་གཙོ་བོ་མ་བྱས་ན་མདུན་ལམ་རླགས་འགྲོ་བའི་བློ་འཚབ་ཏུ་འགྱུར་བར་མཐོང་བས་བོད་ཡིག་གི་རིགས་གཅིག་རྐང་འཛིན་ལྟ་བུའི་སློབ་གྲྭ་ཚད་ལྡན་མང་དུ་གཏོང་དགོས་པ་མཐོང་།
སློབ་གྲྭ་ཁག་གི་ཀུན་སྤྱོད་སློབ་གསོ་དང་སྒྲིག་ལམ་ཡར་རྒྱས་གཏོང་ཐབས།
༡ སློབ་ཁྲིད་སྐབས་བོད་ཡིག་དང་ཆོས་དགེ་གཅིག་པུ་མ་ཡིན་པར་སློབ་ཚན་ཚང་མའི་དགེ་རྒན་གྱིས་རང་རང་གི་སློབ་ཐུན་ནས་སྐར་མ་ལྔ་འམ་བཅུའི་ཐོག་བཟང་སྤྱོད་སློབ་གསོ་གནང་ཐུབ་ན་ཧ་ཅང་གལ་ཆེན་པོ་འདུག
༢ སློབ་ཕྲུག་ཡིན་པའི་ཆ་ནས་ཕོ་མོ་ཚང་མ་དབུ་སྐྲ་འཇོག་སྟངས་དང་། སྒྲིག་ཆས་བབ་ཆགས་གྱོན་དགོས་པ་ལས་དུས་དང་མ་མཚམས་པའི་གོམ་གཤིས་ངན་པ་སྤེལ་ཐབས་སྤོང་དགོས།
༣ བོད་ཀྱི་ཉིན་མོ་ལྟ་བུའི་བདུན་ཕྲག་སྲུང་བརྩིའི་ནང་དགེ་སློབ་ཡོངས་ནས་བོད་ཆས་དང་བོད་ཟས་སོགས་ལ་ལོངས་སྤྱོད་ཐབས་བྱུང་ན་དགེ་ཕན་ཆེ་བ་མཐོང་། ལྷག་པར་དུ་སློབ་གྲྭ་ཁག་ནང་གངས་ལྗོངས་ང་ཚོའི་ཕ་ཡུལ་ཞེས་པ་དང་། ལྷག་དཀར་གྱི་ཉིན་མོ་སྲུང་བརྩི་ངེས་པར་གནང་དགོས་པ་གལ་ཆེ་བ་མ་ཟད། བོད་ཟས་ཀྱི་རིགས་ནང་ངེས་པར་ཤ་དགོས་པ་མ་མཐོང་བས་དམར་ཟས་རིགས་ལ་བོད་ཟས་ཡིན་ཞེས་ངོམ་སོ་རིགས་མ་གནང་ན་ལེགས།
༤ སློབ་གྲྭའི་ནང་ཚིག་རྩུབ་བེད་སྤྱོད་གནང་མི་དགོས་པའི་ཐབས་ལ་འབད་རྒྱུ། དགེ་ལས་ཡོངས་ནས་ཆང་རག་དང་ཕན་ཚུན་རྩོད་གླེང་སོགས་སློབ་ཕྲུག་གི་མིག་མདུན་དུ་གནང་ན་མིག་ལྟོས་ཧ་ཅང་ངན་པས་ཚང་མས་ཟབ་རྒྱུ་དང་། བཟང་སྤྱོད་དང་ལྡན་པའི་བཀའ་མོལ་དང་ཀུན་སྤྱོད་བཟང་པོ་དགེ་རྒན་ཙམ་མ་ཡིན་པར་ཕ་མའི་ཁོར་ཡུག་ངོས་ནས་ཀྱང་ངེས་པར་རྒྱབ་སྐྱོར་གནང་དགོས་པ་མ་ཟད། ལྷག་པར་དུ་སློབ་གྲྭ་ཁག་ནང་དགེ་རྒན་ཙམ་མ་ཡིན་པར་མ་བྱན་དང་། གད་པ། མ་མ་སོགས་ཚང་མར་བཟང་སྤྱོད་ལག་བསྟར་དགོས་གལ་ཆེ་བར་མངོན།
༥ སློབ་ཕྲུག་གི་བསམ་བློ་གསར་པའི་ནང་ཆོལ་ཁ་དང་ཆོས་ལུགས་། གསར་རྙིང་གི་ལྟ་བ་སྐྲུན་ན་མི་རིགས་ཀྱི་ནད་ཡམས་ཞིག་ཡིན་པས་ངེས་པར་སྤོང་དགོས་པ་དང་། ཆིག་སྒྲིལ་གྱི་ལྟ་བ་སྐྲུན་ཐབས་ལ་ཤུགས་གནོན་གནང་དགོས། སློབ་ཕྲུག་ཚོར་ཆབ་སྲིད་སློབ་གསོའི་ནང་དེང་དུས་ཀྱི་གནས་སྟངས་དང་བོད་ཀྱི་རྩ་དོན་ངོ་སྤྲོད་གནང་དགོས་རྒྱུ་ཧ་ཅང་གལ་ཆེ་བར་མཐོང་། མདོར་ན་མི་རིགས་ཀྱི་ལ་རྒྱ་དང་སྤོབས་པ་ཡོད་པའི་ཐོག་ནས་རྒྱལ་ཞེན་གྱིི་ལྟ་བ་ངེས་པར་སྐྲུན་དགོས་པ་གལ་ཆེ་བར་མཐོང་།
༦ བོད་པའི་གཞིས་སྒར་ཁག་ནང་མཁས་དབང་ཁག་གདན་ཞུས་ཀྱིས་བཟང་སྤྱོད་ཀྱི་སློབ་གསོ་དང་གཏམ་བཤད་གནང་བའི་སྡིང་ཆ་སྐྲུན་ཐབས་དང་། ༸གོང་ས་མཆོག་གི་བཀའ་སློབ་གསུང་བཤད་འགྲེལ་བཤད་གནང་ཐབས་དང་འཁོར་ཐག་ནང་ནས་མི་མང་ལ་གོ་ཐོས་གནང་ཐུབ་ན་དགེ་ཕན་ཆེ་བར་མངོན།
༧ ནང་ཆོས་དང་འབྲེལ་བའི་བཟང་སྤྱོད་དང་སྲོལ་རྒྱུན་གྱི་ཀུན་སྤྱོད་བར་མགོ་རྨོངས་པའི་ཉེན་ཁ་ཆེ་བས་སློབ་ཕྲུག་གི་ཤེས་ཚད་ལ་ཤུགས་རྐྱེན་མ་ཐེབས་པ་དགོས་གལ།
༨ སློབ་གྲྭའི་ནང་ཆང་རག་བེད་སྤྱོད་གཏོང་མཁན་རིགས་ངེས་པར་བཀག་འགོག་དགོས་པ་དང་།
ཕྲུ་གུ་སྤྱོད་ངན་གྱི་རིགས་ལ་བཟང་སྤྱོད་ཐོག་གི་གཏམ་བཤད་བྱེད་དུ་འཇུག་ན་ཕན་ཐོགས་ཆེ།
༩ ཕ་མ་དང་དགེ་རྒན་འདུ་འཛོམས་ཐོག་ནས་གྲོས་གླེང་དང་དགེ་སྐྱོན་ལྷུག་མོལ་གྱི་གོ་སྐབས་ཤིག་ཤེས་ལྷན་ནས་གཏན་འབེབ་གནང་ཐུབ་ན་ལེགས་པར་མངོན།
༡༠ བོད་པའི་སྤྱི་ཚོགས་ཀྱི་ནང་དགེ་འདུན་པའི་སྡེ་ཡིས་མི་སྐྱར་མགོ་སྒུར་ལྕེ་མནར་གནང་ན་མི་མཚམས་པ་མཐོང་།
འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཁྲིད་བརྒྱུད་ལམ་ཇི་དགེའི་སྐོར།
༼སྡེ་ཚན་དེའི་ནང་བསམ་ཚུལ་ཁག་ཚང་མ་སླེབས་ཐུབ་པ་བྱས་ཡོད།༽
༡ འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར་སློབ་ཚན་ཆ་ཚང་བོད་ཡིག་ཐོག་བཟོ་ཐུབ་ན་ལེགས་མཐོང་དང་ཆབས་ཅིག་དགེ་རྒན་ཡང་ལྡང་ངེས་བཞིན་པ་དགོས་གལ།
༢ བོད་ཀྱི་རིགས་གཞུང་སྲུང་སྐྱོབ་དང་དར་སྤེལ་དགོས་ན་ངེས་པར་བོད་ཡིག་ནང་སློབ་ཁྲིད་དགོས་གལ།
༣ ཤེས་ལྷན་ནས་བོད་ཡིག་ནང་མཐོ་རིམ་སློབ་གཉེར་གྱི་གོ་སྐབས་བྱུང་ན་དང་བོད་རང་དབང་ཐོབ་ན་མ་གཏོགས་དབྱིན་ཡིག་ནང་ནས་སློབ་ཁྲིད་གནང་ཐུབ་ན་གལ་འགངས་ཆེ་བར་མཐོང་།
༤ རང་གཞུང་ཤེས་ལྷན་ནས་གཏན་འབེབ་ཟིན་པའི་ཤེས་ཡོན་སྲིད་བྱུས་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་དེ་བཞིན་གང་མགྱོགས་ཕྱག་བསྟར་གནང་ཐུབ་ན་དགེ་མཚན་ཆེ་བར་མཐོང་།
༥ འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར་སློབ་ཚན་ཆ་ཚང་བོད་དབྱིན་ཤན་སྦྱར་ཐོག་ནས་སློབ་ཁྲིད་གནང་ཐུབ་ན་གལ་འགངས་ཆེ་བར་མངོན།
དོན་གནད་གཞན།
༡ ཤེས་རིག་དང་དབུས་བོད་སློབ་འཛིན་ཚོགས། བོད་ཁྱིམ་ཁག། གངས་ཅན་སྡེ་རྩ། སྒེར་སློབ་བཅས་ཀྱི་དབར་འབྲེལ་ལམ་ཡར་རྒྱས་དགོས་གལ་ཆེ་བའི་ཐོག། གཅིག་ཕན་གཅིག་རོགས་བཟང་སྤྱོད་ཀྱི་འབྲེལ་ལམ་གནང་་གལ་ཆེ་བ་མཐོང་།
༢ ཤེས་ལྷན་ནས་སྒེར་སློབ་ཁག་དང་། ཆ་རྐྱེན་སྐྱོ་བའི་སྒེར་སློབ་ཁག་ལ་དམིགས་གསལ་མཐུན་འགྱུར་རོགས་རམ་གནང་དགོས་པར་མཐོང་།
༣ མི་འབོར་འཕེལ་རྒྱས་ཐོག་རང་གཞུང་ནས་ཕྲུ་གུ་མང་བའི་ཕ་མར་འཚོ་སྣོན་དང་སློབ་ཡོན་གནང་སྐྱོང་བྱུང་ཐབས་དང་། སམ་བྷོ་ཌ་ཁྱབས་ཁོངས་སུ་དགེ་རྒན་གྱི་ཕྲུ་གུར་སློབ་ཡོན་གནང་སྲོལ་ལྟར་གཏན་སློབ་ཁག་ཏུ་ཡང་གནང་རོགས་ཞུ་རྒྱུ། མ་སུ་རི་བོད་ཁྱིམ་ལྟར་བོད་ཁྱིམ་ཁྱབས་ཁོངས་དང་ཤེས་རིགས་ཁྱབ་ཁོངས་ཀྱི་དགེ་རྒན་གྱི་ཕྲུ་གུ་སློབ་ལོ་སོན་མཚམས་ཕྲུ་གུའི་འཚོ་སྣོན་དང་སློབ་ཡོན་ཤེས་ལྷན་ནས་གནང་སྐྱོང་།
༣ ཤེས་ཚད་ཞན་པའི་སློབ་ཕྲུག་རྣམས་ལ་ཤེས་ལྷན་ནས་ལག་ཤེས་སྡེ་ཚན་ནང་ཚུད་ཐབས་མཐུན་རྐྱེན་གནང་གལ་དང་ལག་ཤེས་སློབ་གྲྭ་ཁག་ཚགས་ཚུད་གང་ལེགས་ཡོང་ཐབས་གནང་རོགས།
༤ དགེ་རྒན་རྣམས་ལོ་མང་གི་ཉམས་མྱོང་དང་། ཤེས་ཚད་བཟང་སྤྱོད་དང་ལྡན་པ་ཁག་ལ་ཡིག་རྒྱུགས་ལམ་ནས་གནས་རིམ་གོང་མར་སྤོར་ཐབས་ཤེས་ལྷན་ནས་རྒྱབ་སྐྱོར་དགོངས་བཞེས་གནང་ཐུབ་ན་ཕན་ཐོགས་ཆེ།
༥ བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བོད་མིའི་སློབ་གྲྭ་ཁག་གི་སློབ་མའི་འཛིན་རིམ་གཞི་བཟུང་གིས་གནས་ཚད་ལ་དཔག་པའི་སྒྲུང་རྩོམ་བཏོན་གནང་མཁན་རྩོམ་སྒྲིག་ཚོགས་ཆུང་ཞིག་གསར་འཛུགས་གནང་རོགས་ཞུ། དེ་ཡང་སྡེ་ཚན་གསུམ་དུ་དབྱེ་སྟེ་དམའ་རིམ་འཛིན་གྲྭ་དང་། འབྲིང་རིམ། མཐོ་རིམ་འཛིན་གྲྭ་སོ་སོའི་སློབ་མའི་བསམ་བློའི་གནས་ཚད་དང་མཐུན་པའི་སྒྲུང་རྩོམ་རིགས་གང་མང་ཟུར་དེབ་ཏུ་རྩོམ་བསྒྱུར་གནང་ཐུབ་ན་ཡག་པོ་འདུག
༦ མཐའ་མཚམས་དང་ཧེ་མ་ལ་ཡའི་སློབ་ཕྲུག་ཁག་སློབ་འཇུག་སྐབས་འཛིན་རིམ་དང་པོ་ནས་སློབ་འཇུག་གནང་ན་འོས་མཚམས་ལས་དེ་མིན་འཛིན་རིམ་གོང་མར་བོད་ཡིག་མ་ཤེས་པ་དག་སློབ་འཇུག་གནང་ན་བོད་ཡིག་ཤེས་ཚད་ཐད་དཀའ་ངལ་འཕྲད་པས་སློབ་འཇུག་གནང་འོས་མིན་གཟིགས་གཏོགས་གནང་རོགས།
ཚོགས་ཆུང་དྲུག་པའི་ཚོགས་མི་ཡོངས་ནས།
ཕ་ཡུལ་གཅིག་པའི་ཕྱོགས་ཞེན་མིན་ལ། ཁུག་རྟ་ལ་ངོ་དགའ་བྱེད་པ་དེ་འདྲ་ཡང་མིན། སྐད་ཆ་དྲང་པོ་བཤད་ན། ང་ཚཽས་བཙན་བྱོལ་སྤྱི་ཚཽགས་ནང་དུ་ཁ་ནས་བཤད་བཞིན་ལྐོག་ནས་ལས་ཀ་འདྲ་མིན་ལས་མཁན་ཀྱི་མི་བུ་ནི་ཤེས་ཡོན་ཡོད་མེད་གཉིས་ཀ་དང་འཇོན་ཐང་ཡོད་མེད་ཚང་མས་ནང་དུ་ཧ་ཅང་མང་པོ་འདུག། ཡིན་ཡང་ཤར་ཕྱོགས་ཁུག་རྟ་བཞིན་སྤྱི་ཚོགས་འདིའི་གདོང་ལ་འབུལ་ཐུབ་མཁན་ནི་ཧ་ཅང་ཉུང་ལ་དེ་ལྟར་འཇོན་མཁན་ཡོད་ཀྱང་རང་ཉིད་ཁོ་ནའི་མདུན་ལམ་གི་ཆེད་དུ་མ་གོ་མ་མཐོང་བའི་ཚུལ་བཟུང་ནས་ཡོད། ཡིན་ཡང་ཤར་ཁུག་ལྟ་བུ་ཁེར་རྐྱང་གི་སྨྱུག་ཐོག་པ་འགའ་རེ་ཡིས་སྤྱི་ཚོགས་འདི་གྲུ་ཟུར་ཞིག་ནས་ང་ཚོ་ལ་གསལ་བརྡ་གཏོང་བཞིན་ཡོད་ཀྱང་མང་པོ་མང་པོ་ཞིག་ད་དུང་ཁོ་བོ་དག་སྨྱོས་འདུག་བསམ་བཞིན་ཡོད། གལ་སྲིད་ང་ཚོས་སྤྱི་ཚོགས་འདིའི་ནང་དུ་ཤར་ཁུག་འདྲ་བའི་སྤྱི་ཚོགས་འདིས་དགེ་སྐྱོན་དང་མི་རིགས་འདིས་མདུན་ལམ་གླེང་མཁན་ཀྱི་མི་བུ་མང་དག་ཅིག་ཡོད་པས་ན། ང་ཚོས་བཙན་བྱོལ་ནང་གི་བོད་སྐད་ཡིག་གནས་སྟངས་ཐབས་སྡུག་ཞིག་ཆགས་ཡོད་ཀྱང་དེ་་ཡར་རྒྱས་དང་ཁ་གསབ་བྱེད་སྔ་ས་ནས་བྱེད་ཡོད་པར་འདོད། ང་ཚོས་ག་དུས་ཡིན་ཡང་འཐུས་ཤོར་འགྲོ་བཞིན་པ་དག་འཐུས་ཤོར་དུ་མ་མཐོང་བ་འམ་མཐོང་མཁན་ཚོས་ལ་ཡང་སྐྱོན་བརྗོད་ལས་ཁོང་ཚོས་རྒྱབ་ཏུ་མ་ལངས་རྐྱེན་ཀྱིས་འཐུས་ཤོར་འགྲོ་དང་འགྲོ་བཞིན་ཡོད་རེད། དེའི་རྐྱེན་ཀྱིས་ང་ཚོས་བོད་མི་རིགས་དང་སྐད་ཡིག་འདི་ང་ཚོ་དང་རྒྱང་ཐག་རིང་ནས་རིང་དུ་གྱེས་དེ་འགྲོ་བཞིན་ཡོད་རེད།གལ་སྲིད་མི་བུ་ཁོག་པའི་ནང་དུ་སྙིང་དང་རྩ་ལམ་ན་གངས་ཅན་པའི་ཟུངས་ཁྲག་ཡོད་པ་ཡིན་ན་གངས་ཅན་པའི་མ་འོངས་པའི་མདུན་ལམ་ཆེད་དུ་ཤེས་རིག་ལས་ཁུངས་གི་ཁོངས་གཏོགས་ཡིན་ཡང་རེད། བོད་ཕྲུག་ཁྱིམ་སྡེ་ཡིན་ཡང་རེད་ཤར་ཁུག་གི་གོང་དུ་བཤད་པ་དེ་གནས་ལུགས་ཧ་ཅང་འདུག་སྙམ།
་་་་་་ ཤེས་ཡོན་སྲིད་བྱུས་ཡོངས་སུ་ལག་བསྟར་འབྱུང་མིན་གྱི་གནས་ཚུལ་ལ་ཞིབ་འཇུག་བྱས་པ་ཡིན་ན། ཕྱི་ལྤགས་ཙམ་ལ་ཆ་འཇོག་བྱེད་པའི་བཙན་བྱོལ་སྤྱི་ཚོགས་ནང་གི་རིན་ཐང་ངོས་འཛིན་གྱི་གླེན་གཤིས་དེ་མཐོང་ངེས་པ་རེད། ་་་་་ཟེར།
་་་་་་གླེན་གཤིས་་་་་་་ཟེར།
སློིབ་གྲྭ་ཁག་ནས་སྐད་ཡིག་སློབ་པའི་དགོས་དམིགས་ཅི་ཞིག་ཡིན་ནམ ། ཞེ་ན་དེ་ནི་ཀླད་པ་ཇེ་མྱུར་དང་། ཤེས་རྒྱ་ཇེ་ཆེར་གཏོང་རྒྱུའི་ཆེད་དུ་ཡིན་པ་རེད། ལོ་ན་ཆུང་བའི་བུ་ཕྲུག་ཚོའི་ཀླད་པའི་མྱུར་ཚད་དང་རྒྱ་ཁྱོན་གྱི་འཚར་ལོངས་མགྱོགས་མྱུར་ངང་འཕེལ་བསྐྱེད་དགོས་ན། དེ་ནི་འཕྲུ་གུ་ཚོ་མནོ་བསམ་དང་ཚོད་ལྟ་ལ་དགའ་སྤོབས་ཀྱི་ལམ་དུ་འཇུག་ཐུབ་པ་བྱ་རྒྱུ་དེ་ཡིན་པ་དང་། རྒྱུ་མཚན་དེས། འཕྲུ་གུ་ཚོར། སྐད་ཡིག་ལས་ཀྱང་ཨང་རྩིས་དང་ཚན་རིག་གི་དཔྱད་ཐབས་ལ་མཁས་པ་བྱེད་པའི་་ཐབས་སྤོབས་འབྱོར་ཐུབ་བྱ་རྒྱུ་གལ་གནད་དུ་མཐོང་།
གང་ཤེས་ཁུག་རྟའི་རྩོམ་དེ་ཡར་དུས་བབས་དང་མར་ཁ་བརྡའི་སྟེང་དུ་བསྐྱར་བཀོད་དང་ཡང་བཀོད་བྱས་འདུག
ཁོ་བོས་བཤད་པ་དེ་དག་ཁ་ནས་བཤད་སླ་བ་ལས་་ཞིབ་ཏུ་བསམ་ན་དོན་དངོས་ཁྱོན་ནས་རྟོགས་མི་འདུག
ཕ་ཡུལ་གཅིག་པའི་ཕྱོགས་ཞེན་མིན་ལ། ཁུག་རྟ་ལ་ངོ་དགའ་བྱེད་པ་དེ་འདྲ་ཡང་མིན། སྐད་ཆ་དྲང་པོ་བཤད་ན། ང་ཚཽས་བཙན་བྱོལ་སྤྱི་ཚཽགས་ནང་དུ་ཁ་ནས་བཤད་བཞིན་ལྐོག་ནས་ལས་ཀ་འདྲ་མིན་ལས་མཁན་ཀྱི་མི་བུ་ནི་ཤེས་ཡོན་ཡོད་མེད་གཉིས་ཀ་དང་འཇོན་ཐང་ཡོད་མེད་ཚང་མས་ནང་དུ་ཧ་ཅང་མང་པོ་འདུག། ཡིན་ཡང་ཤར་ཕྱོགས་ཁུག་རྟ་བཞིན་སྤྱི་ཚོགས་འདིའི་གདོང་ལ་འབུལ་ཐུབ་མཁན་ནི་ཧ་ཅང་ཉུང་ལ་དེ་ལྟར་འཇོན་མཁན་ཡོད་ཀྱང་རང་ཉིད་ཁོ་ནའི་མདུན་ལམ་གི་ཆེད་དུ་མ་གོ་མ་མཐོང་བའི་ཚུལ་བཟུང་ནས་ཡོད། ཡིན་ཡང་ཤར་ཁུག་ལྟ་བུ་ཁེར་རྐྱང་གི་སྨྱུག་ཐོག་པ་འགའ་རེ་ཡིས་སྤྱི་ཚོགས་འདི་གྲུ་ཟུར་ཞིག་ནས་ང་ཚོ་ལ་གསལ་བརྡ་གཏོང་བཞིན་ཡོད་ཀྱང་མང་པོ་མང་པོ་ཞིག་ད་དུང་ཁོ་བོ་དག་སྨྱོས་འདུག་བསམ་བཞིན་ཡོད། གལ་སྲིད་ང་ཚོས་སྤྱི་ཚོགས་འདིའི་ནང་དུ་ཤར་ཁུག་འདྲ་བའི་སྤྱི་ཚོགས་འདིས་དགེ་སྐྱོན་དང་མི་རིགས་འདིས་མདུན་ལམ་གླེང་མཁན་ཀྱི་མི་བུ་མང་དག་ཅིག་ཡོད་པས་ན། ང་ཚོས་བཙན་བྱོལ་ནང་གི་བོད་སྐད་ཡིག་གནས་སྟངས་ཐབས་སྡུག་ཞིག་ཆགས་ཡོད་ཀྱང་དེ་་ཡར་རྒྱས་དང་ཁ་གསབ་བྱེད་སྔ་ས་ནས་བྱེད་ཡོད་པར་འདོད། ང་ཚོས་ག་དུས་ཡིན་ཡང་འཐུས་ཤོར་འགྲོ་བཞིན་པ་དག་འཐུས་ཤོར་དུ་མ་མཐོང་བ་འམ་མཐོང་མཁན་ཚོས་ལ་ཡང་སྐྱོན་བརྗོད་ལས་ཁོང་ཚོས་རྒྱབ་ཏུ་མ་ལངས་རྐྱེན་ཀྱིས་འཐུས་ཤོར་འགྲོ་དང་འགྲོ་བཞིན་ཡོད་རེད། དེའི་རྐྱེན་ཀྱིས་ང་ཚོས་བོད་མི་རིགས་དང་སྐད་ཡིག་འདི་ང་ཚོ་དང་རྒྱང་ཐག་རིང་ནས་རིང་དུ་གྱེས་དེ་འགྲོ་བཞིན་ཡོད་རེད།གལ་སྲིད་མི་བུ་ཁོག་པའི་ནང་དུ་སྙིང་དང་རྩ་ལམ་ན་གངས་ཅན་པའི་ཟུངས་ཁྲག་ཡོད་པ་ཡིན་ན་གངས་ཅན་པའི་མ་འོངས་པའི་མདུན་ལམ་ཆེད་དུ་ཤེས་རིག་ལས་ཁུངས་གི་ཁོངས་གཏོགས་ཡིན་ཡང་རེད། བོད་ཕྲུག་ཁྱིམ་སྡེ་ཡིན་ཡང་རེད་ཤར་ཁུག་གི་གོང་དུ་བཤད་པ་དེ་གནས་ལུགས་ཧ་ཅང་འདུག་སྙམ།
ད་རེས་ཤར་ཁུག་གི་སྐད་ཆ་མ་རེད་ཟེར་ཡག་མི་འདུག བདེན་པ་དང་དྲང་པོ་རེད་ཟེར་བཤད་ན་ཧ་ལམ་བསམ་བློ་རྣལ་དུ་གཏོང་མཁན་སུ་འདྲ་ཞིག་གིས་ཀྱང་དགག་རྒྱག་ཡོང་ཚོད་མི་འདུག ངས་ཀྱང་བདེན་པ་རེད་ཟེར་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
འོན་ཀྱང་། ཁུག་རྟ་དང་དབྱར་དུས་ཀྱི་གནམ་ངཽ་གཉིས་ཕན་ཚུན་མཉམ་འགྲཽགས་ཡོད་པ་བཞིན་ཕན་ཚུན་འདྲ་མཚུངས་ཡང་ཤིན་ཏུ་གསལ་པོ་ཡོད་པ་ཞིག་རེད། དབྱར་དུས་ཀྱི་གནམ་ངོ་ནི་ཚང་མས་ཤེས་གསལ་ལྟར་ཞོགས་པར་ནམ་མཁའ་གཡའ་དག་ཞིང་ཉི་འོད་སེར་ལམ་མེར་ཤར་ཡོད་ཀྱང་ཉིན་གུང་བར་སྣང་ཆར་སྤྲིན་གྱིས་གཡོག་ཞིང་ཁེངས་པར་གྱུར་ནས ་ཕྱི་དྲོ་འབྲུག་སྒྲ་ལྡིར་རི་རི། ཙག་ཙག་ཙག ཆར་པ་ཤག་ཤག་ཤག་འབབ་པ་ཡིན་པས་འགྱུར་ལྡོག་ཧ་ཅང་ཆེ་བ་རེད།
མཚམས་ལན་རེར་ཉིན་གཅིག་ལ་གནམ་ངོ་ཐེངས་གསུམ་འགྱུར་བའི་སྐབས་ཀྱང་ཡོད་པ་ལ། དེ་དུས་བར་སྣང་ལ་བྱེའུ་ཁུག་གི་ཁེངས་ནས་ཡར་འཕུར་མར་འཕུར་བྱེད་པ་དང་། བྱིས་པ་གླང་རྫི་འགའ་རེས་ཁ་ནམ་མཁར་བལྟས་ནས་དེ་རིང་ཆར་པ་འབབ་ཚོད་རེད་གནམ་ན་ཁྭ་ལ་ཡུག་མང་པོ་འདུག་ཟེར་པ་ཡིན། ཁུག་རྟ་དང་དབྱར་དུས་ཀྱི་གནམ་ངོ་གཉིས་ག་དུས་ཡིན་ཡང་མཉམ་དུ་ཡོད་པ་རེད། ཁུག་རྟ་ཙམ་མིན། ཁུ་བྱུག་ཡང་དབྱར་དུས་དང་འགྲོགས་ནས་ཡོད། འདི་ནི་ཞར་ཞོར་ཡིན་པས་སྤོ་ལངས་མི་ཉན།
ཚོགས་ཆུང་དྲུག་པའི་སྙན་ཐོ་ནང་གསལ་ལྟར་ན་ད་རེས་ཀྱི་བོད་རིགས་ཚོགས་ཆེན་ཐོག་བོད་ཡིག་སྦྱང་དགོས་པའི་བསམ་ཚུལ་མང་པོ་ཞིག་བཏོན་ཡོད་པ་ཙམ་ལས། བོད་ཡིག་སྦྱངས་ཚར་རྗེས་དེང་རབས་སྤྱི་ཚོགས་ཁྲོད་བེད་སྤྱོད་ཡོང་ཐབས་དང་འཚོ་བ་དངོས་ཀྱི་ནང་བཀོལ་སྤྱོད་ཇི་ལྟར་བྱེད་མིན། སྐད་ཡིག་གཞན་དང་འདྲ་མཉམ་གྱི་ཁོར་ཡུག་ཇི་ལྟར་བསྐྲུན་པ་སོགས་ལ་བགྲོ་གླེང་དང་བསམ་ཚུལ་བཏོན་མེད་པ་འདྲ།
བོད་ཡིག་སྦྱངས་ཚར་རྗེས་གི་ལས་ཀའི་ལམ་དུ་ཞུགས་སྐབས་ཀྱི་གནད་དོན་དེ་ཐག་གི་གཅོད་མ་ཐུབ་པ་དང་། དོན་དག་དེར་བསམ་བློ་མང་ཙམ་ཞིག་མ་བཏང་བ་ཡིན་ན་བོད་ཡིག་སྦྱང་དགོས་པའི་བསམ་ཚུལ་ཡག་པོ་ག་ཚད་ཅིག་བཏོན་ཡང་ཕན་འབྲས་ཐོན་རྒྱུ་བརྒྱ་ཆ་ཧ་ཅང་ཉུང་། བོད་ཡིག་ལ་ཤ་ཚ་སྙིང་ཉེ་ཡོད་པ་ཚང་མས་དོན་དག་འདི་གནད་དུ་འཛིན་ཤེས་དགོས།
འཇོན་པ་ཡོད་མེད། དཔལ་འབྱོར་འདང་མིན། ལག་ལེན་འཁྱོལ་མིན། ཤེས་ཚད་དང་ལག་རྩལ་སོགས་ཀྱིས་ཡོངས་མིན་ལ་དོན་དངོས་སུ་བསམ་བློ་མ་གཏང་པར་ཀི་རིང་རེ་བཏབ་རུང་ཕན་པ་ཆེ་ཙམ་ཡོད་མདོག་མེད། རང་བཙན་ལག་དངུལ་མི་སྤྲད་མཁན་ཚོ་ལ་ལྷག་དུ་དེ་འདྲ་ཞུ་འདོད་བྱུང་། བཙན་བྱོལ་འདི་ཟ་བསྐལ་ཞིག་དུ་རིག་མཁན་ཚང་མ་ལ་དེ་འདྲ་སེམས་ཤུགས་ཤིག་ཡོད་མེད་གསལ་བོ་རེད།
ཁ་ཤས་ཤིག་གི་ཁ་བདེ་རུ་བདེ་རུ་འགྲོ་འི་འདུག།
ཤར་ཁུག་ལགས་བཀྲིན་ཆེ། སྤྱི་ཚོགས་འདིའི་བཀག་རྒྱ་ཞིག་གཏོར་འདུག མི་སྐད་ངོ་མ་ཞིག་བཤད་འདུག མི་རིགས་འདིའི་མདུན་ལྗོངས་ལ་ཕན་པའི་སེམས་གཏམ་ཞིག་གསུངས་འདུག། །།
ཤར་ཁུག་ལགས་བཀྲིན་ཆེ། སྤྱི་ཚོགས་འདིའི་བཀག་རྒྱ་ཞིག་གཏོར་འདུག མི་སྐད་ངོ་མ་ཞིག་བཤད་འདུག མི་རིགས་འདིའི་མདུན་ལྗོངས་ལ་ཕན་པའི་སེམས་གཏམ་ཞིག་གསུངས་འདུག། །།
གསར་འགོད་གསལ་བསྒྲགས།
༄༅། །རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་རྣམས་བོད་མོའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ལ་རྩིས་སྤྲོད་གནང་རྒྱུའི་འཆར་གཞི་དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༠ ཉིན་རྒྱ་གར་དབུས་གཞུང་བཀའ་ཤག་ནས་བཀའ་འཁྲོལ་ཐག་གཅོད་གནང་ཡོད།
ཐག་གཅོད་འདིས་རྒྱ་གར་དབུས་གཞུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཕྲུག་གི་ཤེས་ཡོན་བལྟ་སྐྱོང་ཐད། ཉམས་མྱོང་དང་ཤེས་འབྱོན། འཁུར་སེམས་བཅས་ལ་གདེངས་སྤོབས་དང༌། ཡིད་ཆེས་ཡོད་པར་མཚོན་གྱི་ཡོད། གོ་སྐབས་འདི་བརྒྱུད་རྒྱ་གར་དབུས་གཞུང་དང༌། མི་མང༌། དེ་འབྲེལ་བོད་སློབ་འཛིན་ཚོགས་ཁོངས་ཀྱི་དགེ་ལས་ཡོངས་ལ་བོད་ཕྲུག་ཤེས་ཡོན་ཐད་ད་ཕན་རོགས་སྐྱོར་བླ་མེད་གནང་བར་བཀྲིན་བསམ་ཤེས་དང་སྦྲགས་ཐུགས་རྗེ་ཆེ་ཞུ་གི་ཡོད། ལྷག་པར་བོད་སློབ་འཛིན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Apurva Chandra མཆོག་ནས་ལས་འཆར་འདི་སྐོར་སྔ་བར་ཕྱི་གསུམ་དུ་ཐུགས་འཁུར་ཆེར་བསྐྱེད་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཤེས་རིག་ལས་ཁུངས་ནས་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་རྣམ་གཉིས་ནས་དབུས་བོད་སློབ་འཛིན་ཚོགས་འདི་བརྒྱུད་དེང་རབས་དང་སྲོལ་རྒྱུན་གྱི་ཤེས་ཡོན་འདབ་གཤོག་གཉིས་ལྡན་གྱི་མི་རབས་གསར་པ་འཛུགས་བསྐྲུན་ཐུབ་ཐབས་ཐུགས་རེ་དགོངས་བཞེས་བླ་མེད་བསྐྱངས་པ་ལྟར་ཡོང་ཐབས་འབད་བརྩོན་ཞུ་རྒྱུ་ཡིན།
མཚམས་འདིར་བུ་ཕྲུག་ཤེས་ཡོན་གྱི་ར་བར་གཏོགས་པའི་འབྲེལ་ཡོད་སློབ་དགེ་རྣམས་དང་འཛིན་སྐྱོང་ལས་བྱེད། སློབ་ཕྲུག ཕ་མ། སྤྱི་ཚོགས་བཅས་ནས་ཁྱོན་ཡོངས་ནས་དཔལ་ལྡན་བཀའ་ཤག་སྐབས་ ༡༤ པའི་ཤེས་ཡོན་གལ་གནད་ཆེ་ཤོས་སུ་ངོས་འཛིན་མཛད་བྱུས་སྐྱོང་བཞིན་པ་ལྟར་རང་རང་སོ་སོའི་འཁུར་ཁྲིའི་ཞུ་བྱར་འབད་བརྩོན་ལྷོད་མེད་གནང་རྒྱུའི་འབོད་བསྐུལ་ཞུ་གི་ཡོད། སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་ཀྱིས། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༡ ལ།།
ཤར་ཁུག་ལགས་ཀྱི་དཔྱད་རྩོམ་འདི་གནད་འཁེལ་བ་གཏིང་ཟབ་པ་གཞུང་དྲང་གི་བྱེད་ལས་ལ་ངོས་བཟུང་ཡོད། རྗེས་ཕྱོགས་ཀྱང་མུ་མཐུད་དུ་དཔྱད་རྩོམ་གང་ལེགས་སྤེལ་བར་སྒུག་ནས་ཡོད། བར་འདི་ནས་འབྲེལ་མེད་བསམ་ཚུལ་ཞིག་ཤོད་འདོད་སྐྱེས་སོང་བས་ན་གཏོར་སྐྱོན་ཞིག་ལ་མ་བསམ་རོགས་ཞུ་རྒྱུ་ཡིན། སྐུ་ཞབས་ཤར་ཁུག་གི་བསམ་ཚུལ་འདི་འདྲ་རེ་ཟམ་གདོང་བླ་མས་བོད་ཀྱི་ཤེས་ཡོན་པའི་གྲལ་ནས་གླེང་ཡོད་དབང་དུ་བཏང་ན། ནུས་བ་བསམ་གྱིས་མི་ཁྱབ་ཞིག་ཐོན་ཡོད་ངེས་རེད་བསམ་ནས་སྨོན་པ་ཞིག་ཡུན་གྱིས་ཤོར་སོང་། དེ་ཙམ་ལགས།
ད་ཐེངས་ཤར་ཁུག་གི་བསམ་ཚུལ་ལ་དངོས་ནས་རྒྱབ་སྐྱོར་ཡོད། བོད་ཀྱི་སྐད་ཡིག་དང་བོད་མིའི་རང་དབང་། མི་སྒེར་གྱི་ལྷན་སྐྱེས་ཀྱི་ཤེས་རབ་སོཊ་ལ་ཚད་བཀག་དང་སྟངས་འཛིན་བྱེད་མཁན་ནི་༼བྲན་བདག༽རང་ཡིན་པས་ང་ཚོ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
་་་་་
༡༠ བོད་པའི་སྤྱི་ཚོགས་ཀྱི་ནང་དགེ་འདུན་པའི་སྡེ་ཡིས་མི་སྐྱར་མགོ་སྒུར་ལྕེ་མནར་གནང་ན་མི་མཚམས་པ་མཐོང་། ་་་་་ཟེར།
ད་ཐེངས་ཤར་ཁུག་གིས་དོན་དངོས་དང་མཐུན་པའི་སྐད་ཆ་ཞིག་བཤད་འདུག སྐུའི་གཅུང་མོ་རྗེ་བཙུན་པདྨ་གིས་བོད་ཕྲུག་ཁྱིམ་སྡེས་ནང་སྐད་རིགས་ཡ་མ་ཟུང་རྒྱབ་མཁན་དང་བཟི་སྨན་ཟ་ནས་སྡད་མཁན་ཁོ་ན་མ་ཏོག་མི་དངོས་གནས་ཞིག་གསོ་སྐྱོངས་བྱེད་ཐུབ་མེད་པ་དངོས་ཡོད་རེད།
བསམ་ཚུལ་མི་མཐུན་པའི་མཆན་རིང་ཞིག་བྲིས་མོད།་་་་ཡར་འཇུག་དུས་བོར་བརླག་ཏུ་སོང་བས་ད་དུས་ཚོད་རིང་བོ་གཏོང་ཁོམ་མེད།
གང་ལྟར།རྗེ་བཙུན་པད་མས་དཀའ་ལས་རྒྱབ་ནས་ད་ལྟའི་རྣམ་པ་འདི་བྱུང་བར་དགའ་གུས་བསྔགགས་བརྗོད་མེད་པར།་་་་དེ་ལས་ལྡོག་པའི་ཚིག་སྦྱོར་སྤེལ་བ་ནི་ཡང་དག་པ་ཞིག་ལ་སུས་ཀྱང་ངོས་ལེན་བྱེད་ཐབས་བྲལ།
དེ་བཞིན།་་ད་རེས་ཀྱི་ཚོགས་འདུའི་སྟེང་གི་་་་་གྲོས་མཐུན།་ཤེས་ལྷན་ནས་བོད་ཡིག་ནང་མཐོ་རིམ་སློབ་གཉེར་གྱི་གོ་སྐབས་བྱུང་ན་དང་བོད་རང་དབང་ཐོབ་ན་མ་གཏོགས་དབྱིན་ཡིག་ནང་ནས་སློབ་ཁྲིད་གནང་ཐུབ་ན་གལ་འགངས་ཆེ་བར་མཐོང་།
ཞེས་པ་འདི་ལ་རྩོམ་པ་པོ་རང་ངོས་གསན་འཇོག་ཅི་ལྟར་བྱེད་ཀྱི་ཡོད་མིན་ལ་འགྲེལ་བཤད་ཅིག་བྱུང་ན་ཉན་འདོད་ཆེན་པོ་ཡོད།
བོད་ཁྱིམ་ནས་ཚར་ལོང་བྱུང་བའི་བོད་ཕྲུག་དེ་དག་ནི་སྐད་ཆ་ཞིག་བཤད་དགོས་ན་ཕྱེད་ཙམ་ཡང་བོད་སྐད་བཤད་ཐུབ་མཁན་ཉུང་ཉུང་རེད། འདི་ལྟར་ཕྱིན་པ་ཡིན་ན་མི་རབས་གཉིས་ལས་མ་འགོར་བར་བོད་པའི་མིང་ཙམ་ལས་མི་ལྷག་པར་ཐག་བཅད་ནས་བཤད་ཆོག་པ་འདུག ཟམ་གདོང་རིན་པོ་ཆེའི་ཤེས་ཡོན་སྲིད་ཇུས་དེ་ཁ་རྩ་དགོས་བཏུགས་ཀྱིས་ཕན་ཐོག་ཆེན་པོ་ཡོད་པ་ཞིག་ཡིན་པ་ནི་དཔེ་བསྟོན་སློབ་གྲྭའི་སློབ་མ་ཚོས་གསལ་བཤད་བྱེད་ཀྱི་འདུག བོད་ཁྱིམ་ཚང་མྱུར་དུ་གཉིད་ལས་སད་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད།