ཁ་སང་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། དེ་སྔར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་འོག་ལོ་བཅུ་དང་ལོ་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་པ་སྐལ་བཟང་བསོད་ནམས་སམ་སྙུག་མིང་ལ་གངས་དཔལ་འབྱོད་པ་ཁོང་ཁ་སང་གློད་གྲོལ་ཐོབ་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་འདུག ཁོང་ནི་ཉེ་ལམ་གློད་གྲོལ་ཐོབ་པའི་ཨ་རིག་སྒྲོལ་མ་སྐྱབས་ཀྱིས་བཙོན་ཁང་ནས་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་བྲིས་པའི་ཡི་གེ་ཕྱི་རུ་གཏོང་མཁན་ཡིན་སྟབས། ཕྱི་ལོ་ ༢༠༠༦ ལོར་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་འཇུ་བཟུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག ལོ་བཅུ་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད།
ཁ་སང་སྟེ་ཟླ་འདིའི་ཚེས་ ༢༧ ཉིན་གློད་གྲོལ་གྱིས་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་པ་དང་། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་ཁ་སང་ཟི་ལིང་ནས་གློད་གྲོལ་བཏང་རྗེས་ཨ་རིག་ཡུལ་ཚོའི་ཁྲིམས་འཛིན་ལས་ཁུངས་ཀྱི་མི་གཉིས་ལེན་དུ་ཕྱིན་ཏེ། ཞོགས་པའི་ཆུ་ཚོད་ ༩ བའི་སྟེང་ཟི་ལིང་ནས་ལམ་ལ་ཆས་ཏེ་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་དུ་མདོ་ལ་རྫོང་དུ་འབྱོར་ཡོད་པ་དང་། དེ་ནས་ཉེན་རྟོག་མི་སྣས་གསང་སྟབས་ཀྱིས་ཕྱིར་རང་ཁྱིམ་དུ་བསྐྱལ་ཡོད་འདུག
འབྲེལ་ཡོད་མི་སྣས་བཤད་དོན། སྐབས་དེར་ཕ་མ་གཉེན་ཉེ་གཙོས་ཡུལ་མི་རྣམས་ཀྱིས་ལམ་བར་དུ་ཁོང་ལ་ཕེབས་སྒུག་བྱས་ཡོད་ཀྱང་། འབྲེལ་ཡོད་མི་སྣས་ཐག་རིང་ན་ཡོང་གི་ཡོད་སྟབས་ལམ་སང་ནང་དུ་འབྱོར་ཐུབ་ཀྱི་མེད་སྐོར་བརྗོད་དེ། ཚང་མར་མགོ་སྐོར་བཏང་ནས་ནང་དུ་མ་འབྱོར་བར་དུས་ཚོད་ཏག་ཏག་བཤད་མེད། དེར་བརྟེན་མང་ཚོགས་ཀྱིས་ཕེབས་བསུའི་སྣེ་ལེན་བྱེད་ཐུབ་མེད་ཀྱང་། ཁོང་རང་ཁྱིམ་དུ་འབྱོར་རྗེས་ས་གནས་ཀྱི་བོད་རིགས་མང་ཚོགས་ཁོང་ལ་ལྟ་རུ་བསྐྱོད་དང་སྐྱོད་བཞིན་པར་མ་ཟད། དེ་རིང་ཚེས་ ༢༨ ཉིན་ཨ་རིག་སྒྲོལ་མ་སྐྱབས་ལགས་ཀྱང་ཁོང་ལ་ལྟ་རུ་ཕེབས་ཡོད་འདུག སྤྱིར་ཁོང་ལ་ལོ་བཅུ་དང་ལོ་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ལོ་གཅིག་ཙམ་ཉུང་འཕྲིའི་གུ་ཡངས་ཐོབ་སྟེ་སྔ བསྣུར་གྱིས་བཙོན་གྲོལ་ཐོབ་འདུག
གཞན་ཡང་ཕ་ཡུལ་རྭ་རྒྱ་ནས་ཡིན་ཞིང་། དེ་སྔར་བཙོན་འཇུག་བྱེད་མྱོང་མཁན་ཞིག་གིས་ཁོང་གི་སྐོར་ལ་འདི་ལྟར་བརྗོད་འདུག “ངའི་བཙོན་གྲོགས་དགའ་བོ། ཁོ་ནི་ཆབ་སྲིད་བཙོན་མ་ཞིག་ཡིན་ལ། མདོ་ལ་རྫོང་ཨ་རིག་ཡུལ་གྱི་མི་རེད། མིང་ལ་སྐལ་བཟང་བསོད་ནམས་ཟེར། ལོ་བརྒྱད་ལྷག་གི་བཙོན་འཇུག་རྫོགས་ནས་ཁ་སང་རང་ཁྱིམ་དུ་འབྱོར་ཡོད་འདུག ཁོང་བཙོན་གྲོལ་ཐོབ་པར་རྟེན་འབྲེལ་ཞུ། ལྕགས་དྲའི་ཟུར་ཞིག་ན་དབྱིན་ཡིག་གི་དཔེ་ཆ་རུམ་མཁན་ཁོ་ཁོ་ན་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་མི་སྣ་གྲགས་ཅན་དག་གི་གསུང་བཏུས་གྱེར་མཁན་ཡང་ཁོང་ཡིན། ངེད་གཉིས་ཀྱི་ངོ་གདོང་དེ་ལྕགས་དྲ་ཞིག་གི་གཞོག་གཉིས་ནས་ཕན་ཚུན་ལ་ཅེར་བཞིན། དྲ་མིག་ཆུང་ཆུང་དག་ལས་སྐབས་རེ་བཙན་གྱིས་ལག་འཇུ་རེ་བྱེད་མྱོང་། ཨུ་ཚུགས་ཀྱིས་གནས་ལུགས་བཤད་ཕོད་ལ་མ་དགའ་བས་མལ་ནས་ཉལ་འདུག་མཁན་ཡང་ཁོང་ཡིན། གང་ལྟར་ཁོང་གིས་ནམ་ཡང་དྲོལ་མ་ཡལ་བའི་སྙིང་སྟོབས་ཤིག་ལུས་ལ་འདེགས་བཞིན་དཔེ་ཆ་ཁུག་མ་གང་ལས་གྲོལ་དང་ལས་ཚོགས་གང་རུང་ན་ཁུར་ནས་འགྲོ་བཞིན་ཡོད། གྲོགས་པོ་ལགས། མྱུར་མོར་མཇལ་ནས་ལབ་སྟོང་མང་བོ་འཐེན་ཡ། རྭ་རྒྱའི་མི་ཞིག་གིས།” ཞེས་བྲིས་འདུག
འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་ཀྱིས་ཕྱི་སྡོད་བོད་མི་ཞིག་ལ་སྐལ་བཟང་བསོད་ནམས་དང་ཁོང་གཉིས་དེ་སྔར་བཙོན་ནས་ཐུག་མྱོང་ཡོད་པ་དང་། ཁོང་ནི་སྙིང་སྟོབས་དང་རུས་པ་སྲ་མོ་ཅན་གྱི་བུ་རྒོད་ཅིག་རེད་ཅེས་བརྗོད་མྱོང་ཡོད་འདུག
སྐལ་བཟང་བསོད་ནམས་ནི་མཚོ་བྱང་ཁུལ་མདོ་ལ་རྫོང་། ཨ་རིག་ཡུལ་ཚོའི་འགྲམ་ནག་རུ་ཁག་དྲུག་པའི་མི་ཡིན་ཞིང་བུ་སྤུན་བཞི་ཡོད་པས་ཆེ་བ་ཡིན་འདུག ཁོང་ཆུང་དུས་ནས་བཟུང་ཨ་རིག་དགོན་དགའ་ལྡན་ཆོས་འཕེལ་གླིང་གྲྭ་པ་བྱས་ཏེ་ཚོགས་ཀྱི་འདོན་རྟ་དབྱངས་གསུམ་ལ་སྦྱངས། བྱས་སུ་ཟི་ལིང་དང་སྐུ་འབུམ། རེབ་གོང་རོང་བོ་དགོན་སོགས་སུ་ཕྱིན་ཏེ་བོད་ཀྱི་བརྡ་སྤྲོད་རིག་པ་དང་སྙན་ངག་སོགས་ལ་སྦྱང་མྱོང་པར་མ་ཟད། ཟི་ལིང་ནས་དབྱིན་ཡིག་ཀྱང་སྦྱངས། ཕྱི་ལོ་ ༢༠༠༣ ལོར་རྒྱ་གར་དུ་འབྱོར་ཏེ་ལོ་གཅིག་ལྷག་གི་རིང་ཤེས་རབ་དགའ་ཚལ་སློབ་གླིང་ནས་སློབ་སྦྱོང་གནང་མཐར་ཕྱིར་ཕ་ཡུལ་དུ་ལོག
ཨོ་ཡ་་་ཆབ་སྲིད་བཙོན་པ་ཀླུ་མཁར་བྱམས་ལ་བཙན་བྱོལ་ནང་གི་རྒྱལ་བཙོང་བའི་རྒྱུགས་ཁྱི་ཚོས་གཡག་རྐུན་བཙུགས་བཞིན་ཡོད། བོད་ནང་གི་ཆབ་སྲིད་བཙོན་པ་ཚོས་མཁྱེན་དགོས་པའི་གནད་དོན་ཡིན། བཙན་བྱོལ་ཕྱོགས་སུ་རེ་བ་ཆེན་པོ་རྒྱབ་ས་ཅང་ལྷག་མེད། དེར་ཤེས་ཀྱི་གལ་ཆེན་རེད།
བྱས་པ་ཅན་གྱི་དཔའ་བོ་ཁོང་ལ་དགའ་གུས་སྤྲོ་བསུ་སྙིང་ནས་ཞུ།
སྐལ་བཟང་བསོད་ནམས་བདེ་གྲོལ་ཐོབ་པར་སྙིང་དབུས་ནས་བཀྲིས་བདེ་ལེགས་ཞུ།