དབྱངས་རྟ།
དེ་ཡང་བདག་གིས་ཞོགས་པར་རླངས་འཁོར་བཏང་ནས་མི་ཡར་མར་སྐྱེལ་སྐབས་ཤིག་ལ། ཆུ་སྐྱེས་ལགས་ཀྱིས་གློ་བུར་དུ་ཁ་པར་སླེབས། གནས་ཚུལ་མི་ལེགས་པ་ཞིག་ལབ་ཡག་ཡོད། སྐལ་བཟང་ཟླ་བ་གྲོངས་བཞག སེམས་པ་སྐྱིད་པོ་མི་འདུག ལས་དགོངས་ཞུས་ནས་ནང་ལ་འགྲོ་གི་ཡོད་ཟེར། ཕྲན་གྱིས་དེ་མུར་བསོད་ནམས་ལ་ཁ་པར་བཏང་ཡིན། སྐལ་བཟང་ཟླ་བ་གྲོངས་སོང་ཟེར། དེ་ག་འདྲ་རེད། ག་དུས་གྲོངས་པ་རེད་ཟེར་དུས། ཁ་སང་གློ་བུར་དུ་གྲོངས་སོང་བ་རེད། དགེ་བཤེས་ལགས་ལ་ལབ་ནས་དེ་རིང་དུས་ཚོད་གཉིས་པའི་སྟེང་དུ་དགོན་པ་ནས་བསྔོ་སྨོན་ཚོགས་ཀྱི་ཡོད། ཁོམ་ན་ཤོག མ་ཁོམ་ན་རང་རང་ས་ནས་སྨོན་ལམ་རྒྱོབས་ལབ་སོང་། ཡ་ཡ་ལབ་ནས་དུས་ཚོད་གཉིས་པར་དགོན་པར་སོང་། དེར་ཕྲུ་གུ་གཉིས་ཀྱི་ཨ་མ་དང་། ཕྲུ་གུ་གཉིས་ཀྱི་ཨ་མའི་ཕ་མ། བསོད་ནམས་དང་དགེ་བཤེས་ལགས། ཆུ་སྐྱེས་ཀྱི་ནང་མི། ང་ཚོས་བསྔོ་སྨོན་དང་ཞལ་འདོན་བཏོན་རྗེས། ཕྲུ་གུ་གཉིས་ཀྱི་ཨ་མས། སེམས་པ་ཧ་ཅང་སྐྱོ་བའི་ངང་དགེ་བཤེས་ལགས་ལ་བོད་པའི་སྲོལ་རྒྱུན་ལྟར། ལས་འབྲས་དང་རྣམ་ཤེས། འཆི་བའི་སྐོར་ནས་སྐད་ཆ་འགའ་དྲིས། དགེ་བཤེས་ལགས་ཀྱིས་དྲི་བ་རེ་རེར་ལན་བཏབ། དེ་མུར་བདག་གི་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་འགོག་མེད་དུ་བསླེབས། རང་དབང་མེད་པར་མིག་གཉིས་ནས་མཆི་མ་བཞུར། སེམས་ཀྱི་གཏིང་རིམ་ཞིག་ནས་སྡུག་རྒྱུ་ཞིག་ཐོན་ནས་སྟོད་གོས་ཀྱིས་མགོ་བཀབ་ནས་ཁོག་ངུ་འགའ་མི་བྱེད་ཀ་མེད་བྱུང་། ལོ་མང་པོའི་སྔོན་ལ། ང་ཚོས་མཉམ་བཟའ་མཉམ་འཐུང་དང་། མཉམ་འགྲོ། མཉམ་སྡོད་བྱས། སྦི་རག་འཐུང་། ཁ་བརྡ་བྱས། ང་ཚོ་ཕན་ཚུན་ངོ་ཤེས་ནས་མི་ལོ་ཉི་ཤུ་ལྷག་འགོར་འདུག མིག་བཙུམ་མི་དགོས་པར་མིག་ལམ་དུ་ལྷང་ལྷང་ཤར་བ་ནི། གྲོགས་པོ་ཁོ་རང་གི་དགོད་སྒྲ་དང་འཛུམ་མདངས། སྐད་ངག་དང་ཞལ་རས་ཡིད་ལ་འཁོར་ན། ད་རུང་འཁྲིས་ན་ཡོད་ཡོད་འདྲ་ཞིག་རེད། གྲོགས་པོ་ལགས། ཁྱེད་རང་འགྲོ་བ་སྔ་དྲགས་སོང་། གྲོགས་པོ་ལགས། ཁྱེད་རང་ཕྱིན་པ་གོ་དུས། ང་ཡི་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་སྐྱུར་མོ་ཞིག་ངམ་ངམ་ཤུགས་ཀྱིས་ཡང་ཡང་སླེབ་ཀི། གྲོགས་པོ་ལགས། ང་དང་ཐོག་ཁ་ཎ་ཊར་བསླེབས་དུས། ཁྱེད་རང་གི་བཟའ་ཟླ་དང་པོ་དང་ཁ་བྲལ་ཙམ་རེད་འདུག དུས་དེ་དུས། ཁྱེད་རང་ཕོ་རྐྱང་རེད། ཁྱེད་ཀྱི་སྣང་བ་ཨ་སྔོན་དབྱིངས་དང་སྤོབས་པ་དོག་མོ་ས་རེད། ངའི་དྲན་ཡིད་ལ། ཁྱེད་ལ་རྣམ་དཔྱོད་ལྡན། རིག་པ་མྱུར། རྒྱུ་མཚན་ནི། སྲོལ་རྒྱུན་གྱི་ཐང་ཀ་འབྲི་རྒྱུ་བྱང་ཆུབ་པོ་ཡོད་པ་མ་ཟད། དེང་རབས་ཀྱི་རི་མོ་འབྲི་སྟངས་ལ་ཧ་ཅང་མཁས། ད་དུང་། ཁྱེད་ཀྱི་སེམས་བློ་གུ་ཡངས་པོ་དང་། བཤད་རྩལ་མཐོ་བས། འགྲམ་གྱི་བུ་དང་བུ་མོས་བློ་རྩེ་ཁྱེད་ལ་མི་གཏོད་ཀ་མེད་ཡིན། གྲོགས་པོ་ལགས། ཁྱེད་རང་ས་མཐའ་འདི་ནས་ངོ་ཤེས་ཐོག་མའི་གྲས་ཡིན་ཀྱང་འགྲོ་བ་སྔ་ཤོས་དེ་ཆགས་སོང་། སྐྱེས་པ་གཅིག་རུང་འཆི་བ་མི་གཅིག་ཟེར་བ་དེ་བདེན་པ་རེད། ཁྱེད་རང་འགྲོ་བ་སྔ་དྲགས་སོང་། ཁྱེད་རང་གཞོན་ཉམས་དོད་ལ་དགུང་ལོའང་ལྔ་བཅུ་ཡས་མས་ཙམ་ཡིན། གྲོགས་པོ་ལགས། ཁྱེད་རང་འགྲོ་བ་སྔ་དྲགས་སོང་། ཁྱེད་རང་ལ་བུ་མོ་ལོ་དགུ་ཙམ་པ་ཞིག་དང་བུ་མོ་ལོ་བཅུ་གཉིས་ལོན་པ་ཞིག་ཡོད། ཁོ་གཉིས་ཀྱི་མིང་གི་མཇུག་ཏུ་ཟླ་བ་རེ་བཏགས་ཡོད་པ། བསམ་ཡུལ་ལས་འདས་པ་ཞིག་ལ། ཟླ་བ་དང་ཟླ་བ་གཉིས་ཀ་རྒྱབ་ཏུ་བསྐྱུར་ནས་ཕྱིན་སོང་། གྲོགས་པོ་ལགས། ཁྱེད་རང་གི་བུ་མོ་ཆུང་བ་འཛིན་རིམ་བཞི་པ་དང་། བུ་མོ་ཆེ་བ་འཛིན་རིམ་དགུ་པ་རེད། བུ་མོ་འདི་གཉིས་ཁྱེད་དང་འདྲ་བར་རྣམ་དཔྱོད་ལྡན་པ་ཞིག་ཀྱང་ལོས་ཡིན། ཁོ་གཉིས་སློབ་མཐར་ཕྱིན་ནས། མགོ་ལ་མཐར་ཕྱིན་གྱི་ཞྭ་མོ་རེ་གྱོན་རྒྱུ་དེ་ཁྱེད་ཀྱིས་མཐོང་ན་ལོས་འདོད། འོན་ཀྱང་། འདུས་བྱས་མི་རྟག་ཆོས་ཉིད་ཡིན་པ་ལྟར། ཚེ་མི་རྟག་ནམ་མཁའི་གློག་ཟེར་བ་འདི་མགོ་ལ་བབས་ན། འདི་ལ་ཟློག་ཐབས་ཤིག་མེད་པ་ཁོ་ཐག་རེད། དེ་བས། ཁྱེད་ལ་བདག་འདྲ་བའི་གྲོགས་པོ་མང་པོ་ཡོད་པ་རེད། ང་ཚོ་ཚང་མས་ཁྱེད་ལ་སྐྱེལ་མ་བྱ། ང་ཚོ་ཚང་མས་རེ་བ་ལ། ཁྱེད་རང་དག་ཞིང་ངམ། མཐོ་རིས་ཤིག་ནས་སྐྱེ་བའི་སྨོན་ལམ་འདེབས། མཐོ་རིས་བོ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ།