ཆགས་པ་རྡོ་རྗེས་བསྒྱུར།
ཚན་པ་ཉེར་བདུན་པ། ༧པཎ་ཆེན་སྐུ་ཕྲེང་བཅུ་པ།
དོན་དངོས་སུ། དེ་དུས་རིག་གནས་གསར་བརྗེའི་སྐབས་ཇུས་ཉེས་ཕོག་པ་ཚོར་དཀར་འདོན་གྱི་རིམ་པ་མཇུག་སྒྲིལ་བཞིན་པ་དང་མཚུངས། བཙོན་འཇུག་དང་ཡུལ་གྱར་བྱས་པ་མང་དག་ཅིག་ཀྱང་པེ་ཅིང་དུ་ཕྱིར་ལོག་བཅུག་ཚར་ཏེ། ༧པཎ་ཆེན་རིན་པོ་ཆེ་ནི་ཁོང་ཚོའི་གྲས་ཀྱི་གཅིག་ཡིན། སྔོན་ཆད་ངོས་རང་༧པཎ་ཆེན་རིན་པོ་ཆེར་ཐེངས་གཅིག་ལས་ཐུག་མྱོང་མེད་ལ། དེ་ནི་སྤྱི་ལོ་༡༩༥༢ལོར་ཁོང་རྒྱ་ནག་གིས་སྲུང་སྐྱོབས་འོག་ལྷ་སར་འབྱོར་ཏེ་ཡུན་རིང་མ་འགོར་གོང་། ཁོང་ཉིད་དགུང་ལོ་བཅུ་གསུམ་བཞི་བཅུ་ཁོ་ན་ཙམ་ལས་སོན་མེད་ཅིང་། རྩེ་པོ་ཏཱ་ལར་༧གོང་ས་མཆོག་ལ་མཇལ་ཕྱག་ཞུ་བར་ཕེབས་འདུག་པས། ངོས་ནས་ཀྱང་ཁོང་ལ་བཀུར་བཟོས་ཀྱི་ཐུག་འཕྲད་ཙམ་བྱས་པ་ཡིན།
སྐབས་དེར་ད་དུང་ཡང་ཁོང་དགུང་ན་ཧ་ཅང་ཕྲ་མོ་དང་བསླབ་པ་སློབ་གཉེར་ལ་འཇུག་མེད་པར། ང་ཚོ་ཕན་ཚུན་བར་དམིགས་བསལ་གླེང་གཞི་གང་ཡང་མ་བྱུང་། ཅིའི་འཇིགས་མེད་ཀྱིས་༧པཎ་ཆེན་བཅུ་པ་ངོས་འཛིན་གྱི་ལས་དོན་ནང་ཆ་ཤས་བླངས་པ་མ་ཟད། རིམ་པར་༧པཎ་ཆེན་རིན་པོ་ཆེའི་སྲིད་དོན་སྐོར་ལ་ཡོལ་བའི་རྒྱབ་ཀྱི་ཇུས་འདོན་མཁན་དུ་གྱུར་གཤིས་ཁོང་ལ་ཐུག་འདོད་ཆེན་པོ་བྱུང་།
ངོས་ནན་ཅིང་དུ་སློབ་ཕྲུག་ཡིན་དུས་ཅིའི་འཇིགས་མེད་དང་ངེད་གཉིས་ཕན་ཚུན་གྲོགས་པོར་གྱུར་མྱོང་ཞིང་། དེ་སྐབས་ཁོང་ནན་ཅིང་དུ་ཡོད་པ་༧པཎ་ཆེན་སྐུ་གོང་མའི་ལས་ཁུངས་ཀྱི་འགོ་པ་རེད། ཕྱི་ལོ་༡༩༥༢ལོར་ཁོང་༧པཎ་ཆེན་བླ་མ་གསར་པའི་མགྲིན་ཚབ་པ་གཙོ་བོ་དང་། དོན་གྱིས་༧པཎ་ཆེན་རིན་པོ་ཆེའི་སྐུ་ཁོག་ཞུགས་པའི་ལྷ་སྲུང་ལྟ་བུ་ཡིན་མོད། ཁོང་རྒྱ་དམར་གྱི་ལག་ཁུག་ཏུ་ལྷུང་སྟེ་ལྷ་སར་ཡོད་པའི་རྒྱ་མིས་༧པཎ་ཆེན་བླ་མ་ཁོ་རང་ཚོའི་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་ལོག་པར་གཏོང་རྩིས་བྱས་བཞིན་པ་རེད། ཁོང་ཚོས་༧པཎ་ཆེན་རིན་པོ་ཆེ་ཏཱ་ལའི་བླ་མ་དང་མཚན་གནས་འདྲ་མཉམ་དུ་ཡར་སྤར་གྱིས་ཁོང་གཉིས་བར་འགྲན་རྩོད་ཡོང་བཅུག་འདོད་ཡོད།
རྒྱ་མིས་དམིགས་ཡུལ་ནི་འཁོན་འཛིན་གཏིང་ནད་བཟོ་རྒྱུ་དེ་ཡིན་ཞིང་། ཅིའི་འཇིགས་མེད་རྒྱ་མིའི་ཆབ་སྲིད་ཀྱི་རྩེད་མོར་རོལ་བཞིན་ཡོད་ན། ཁོང་གི་གྲོགས་པོ་ཅིག་ཡིན་པའི་ཆ་ནས་ཁོ་རང་དམར་ཤོག་དང་བཅར་རྒྱུ་མང་དྲག་བཞིན་པར། ངོས་ཀྱིས་དགག་བྱ་དང་འབྲེལ་དོགས་ཟོན་བྱེད་དགོས་པའི་ཉེན་བརྡ་གཏོང་འོས་པར་མཐོང་སྟེ། མ་མཐའ་ཡང་ཁོང་ལ་བློ་འགུགས་ཀྱིས་རྒྱ་མི་དང་མཉམ་འབྲེལ་གྱི་ཁ་བཀག་ཙམ་ཡོང་ཐུབ་པར་རེ་བ་བརྒྱབས་པ་ཡིན།
ངོས་ཀྱིས་ཅིའི་འཇིགས་མེད་ནས་༧གོང་ས་མཆོག་དང་བོད་གཞུང་ལ་འབྲེལ་ལམ་ཡག་པོ་ཡོང་ཐབས་གནང་དགོས་པའི་བློ་སྟོབས་སྤེལ་བ་དང་ལྷན། དམར་ཤོག་གིས་བོད་གཞུང་གི་ནང་ཁུལ་དང་༧རྒྱལ་བ་ཡབ་སྲས་གཉིས་ཀྱི་དབར་འགལ་ཟླ་བཟོས་ཏེ། ཕན་ཚུན་བར་དཀྲུག་ཤིང་འཕེན་རྩིས་བྱེད་བཞིན་པར་བརྟེན། གལ་ཏེ་ཁོང་གིས་ཡིད་གཟབ་མ་གནང་ན། ཁོང་ལས་སླ་བོར་བེད་སྤྱོད་གཏོང་གི་རེད་ཅེས་ལབ་པ་ཡིན།
འོན་ཀྱང་། ཅིའི་འཇིགས་མེད་ནི་སྔ་མོ་ནས་ཁོང་ཚོའི་ལག་ཆར་གྱུར་ཟིན། དེ་མ་གཏོགས་དམར་ཤོག་གིས་ཁོང་དང་༧པཎ་ཆེན་བླ་མ་ལྷ་སར་ཁྲིད་ཡོང་གི་མ་རེད། ཅིའི་འཇིགས་མེད་ནི་བོད་མི་ལས་བྱེད་པ་རྒྱ་ནག་ནང་འཚར་ཏེ་རྒྱ་མི་ལ་རྒྱུས་མྱོང་ཅན་ཞིག་ཡིན་རུང་། ཁོང་གིས་ནམ་ཡང་དབང་ཆ་འཐབ་རྩོད་སྐོར་ཧ་གོ་མི་འདུག། ཁོང་གིས་མ་མཁྱེན་པ་གཅིག་ནི་རང་ཉིད་གཞན་གྱི་གཡོ་ཇུས་འོག་ཚུད་བཅུག་པ་ནས་བཟུང་། རང་ཉིད་གཡོ་བྱུས་པ་དེའི་བཀོད་ཇུས་འོག་ལྷུང་ཚར་པ་རེད། དེ་ཚེ་ཁྱེད་ཀྱི་སོ་སོའི་རྣམ་དཔྱོད་རང་སྟོབས་ཀྱིས་བེད་སྤྱོད་གཏོང་རྒྱུ་བརླག་འགྲོ་གིན་ཡོད།
ཅིའི་འཇིགས་མེད་ཀྱི་སྣང་ངོར་གལ་ཏེ་ཁོང་གིས་རྒྱ་མི་ལ་རྒྱབ་སྐྱོར་བྱས་ན། ཁོང་ལ་དབང་ཤུགས་ཆེ་ཙམ་ཐོབ་འདོད་ཀྱིས་བོད་གཞུང་ལ་རྒྱབ་གཏོད་དང་རྒྱ་མིར་བེད་སྤྱོད་བཏང་བཅུག་པ་རེད། ངོས་ནས་ཁོང་བཀག་འགོག་ཐུབ་པར་སྙམ་པ་ནི་སོ་སོ་གཡོ་སླད་མེད་པ་དང་ལྐུག་དྲག་པས་ལན། ཁོང་ལ་སྔ་ས་ནས་རང་གི་རྣམ་དཔྱོད་བེད་སྤྱོད་གཏོང་བའི་ནུས་པ་དང་བྲལ་འདུག།
༧པཎ་ཆེན་རིན་པོ་ཆེའི་འཁོར་གྱི་ཅིའི་འཇིགས་མེད་སོགས་རྒྱ་མི་དང་མཉམ་ལས་ཀྱིས་ལོ་ཁ་ཤས་ཕྱིན་ཚར་བས། ༧པཎ་ཆེན་བླ་མའི་སྐར་མ་མུ་མཐུད་ཇེ་གསལ་དུ་འགྲོ་བཞིན་ཡོད། ༧གོང་ས་མཆོག་རྒྱ་གར་དུ་བྱོལ་རྗེས། དམར་ཤོག་གིས་༧པཎ་ཆེན་རིན་པོ་ཆེ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་གྱི་འགོ་གཙོར་བསྐོེས་ཏེ། ཁོང་ཚོ་དང་ཁོང་ཁ་མཐུན་ཡོང་རྒྱུའི་རེ་བ་བཅངས་པར། ཐོག་མར་དེ་ལྟར་ཡོད་པའི་ཟོལ་གྱིས་རྒྱ་མི་དང་ཕྱོགས་ཡོངས་ནས་མཉམ་འབྲེལ་གནང་མུས་དེ། བོད་པ་ཚོས་མཐོང་མི་འདོད་པའི་སེམས་ནད་ཅིག་ཡིན།
ངོས་ཀྱིས་རྣམ་ཀུན་༧པཎ་ཆེན་རིན་པོ་ཆེར་གུས་བརྩི་ཆེན་པོ་འདྲ་གང་ཡང་བྱུང་མྱོང་མེད་པར། ཁོང་ནི་རྒྱ་དམར་གྱི་རྗེས་འབྲངས་པ་ལོང་བ་ཞིག་ཏུ་མཐོང་མྱངས། ཡིན་ནའང་། ཁོང་གིས་གང་བྱས་པ་རྣམས་སོ་སོས་ཐག་གཅོད་ཀྱིས་བྱས་བཞག་པ་ཞིག་མིན་པ་དེ་ཡང་ཤེས་ཀྱིན་ཡོད། ༧པཎ་ཆེན་བླ་མ་སྐུ་གཞོན་ཁོང་ནི་སོ་སོ་ཡར་འཐེན་བྱེད་མཁན་ཚོའི་བྱམས་སྐྱོང་འོག་ཡོད་ཀྱང་། ཁོང་ལ་ནམ་ཡང་བླ་སྤྲུལ་ཚོས་ཆོས་ཕྱོགས་ཀྱི་འགན་ཁུར་ལེན་ཆེད་ཐོབ་དགོས་པའི་ནང་ཆོས་སློབ་གཉེར་མཐིལ་ཕྱིན་པ་བྱུང་མེད་ན། ཁོང་ནམ་ཡང་སྦྱང་བའི་ཡོན་ཏན་ཅན་ཞིག་ཏུ་གྱུར་མེད་ལ། བླ་མ་ཆོས་པ་དེ་འདྲའི་མདུན་ཐ་ན་མི་ནག་པ་ང་ལྟ་བུས་ཀྱང་ཚོར་ཐུབ་པ། ཆོས་ཀྱི་ཉམས་རྟོགས་རིགས་ཁོང་གི་རྒྱུད་ལ་སྐྱེས་ཐུབ་མེད་པ་རེད། དེ་འདྲར་བརྟེན། ཁོང་ངོས་ཀྱི་སྤུན་མཆེད་དང་མི་འདྲ་བར་ཁྱད་པར་ཆེན་པོ་ཡོད་པ་མ་ཟད། ཁོང་སྤྱིར་བཏང་གི་མི་དཀྱུས་མ་ཞིག་ཡིན།
འོན་ཀྱང་དེའི་བར་ཁོང་ལ་གློ་བུར་འགྱུར་བ་ཐེབས་པ་རེད། ཕྱི་ལོ་༡༩༦༢ལོར་དགུང་ལོ་༢༤ཕེབས་པའི་༧པཎ་ཆེན་རིན་པོ་ཆེས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་བྲིས་ཏེ། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་གྱི་སྲིད་ཇུས་ལ་སྐྱོན་བརྗོད་དང་། གནས་ཚུལ་ཞིབ་ཕྲ་བཀོད་དེ་དག་ཐེར་གནང་ཡོད་པ། བསྐྱར་ཞིབ་ཀྱི་ཆེད་རྒྱ་ནག་སྲིད་བློན་ཀྲོའུ་ཨུན་ལེ་ལ་ཕུལ། གསང་བའི་སྙན་ཞུ་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་འཛིན་སྐྱོང་ལོག་པར་བྱས་པ་དང་། ༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་རྗེས་མི་མང་གི་ཡར་ལངས་ལ་དྲག་གནོན་ཚབ་ཆེན་བྱས་པ། ཉེས་མེད་ཀྱི་མི་མང་ཧ་ཅང་ཕོན་ཆེ་བཙོན་འཇུག་དང་མནར་གཅོད་བཏང་བ། བོད་ཀྱི་ནང་ཆོས་དང་དགོན་སྡེ་ཁག། དགེ་འདུན་པ་བཅས་ལ་གཏོར་རྒོལ་ཚབས་ཆེན་ཕོག་པ། དུས་ལ་མ་བབས་པའི་ས་ཆ་བཅོས་བསྒྱུར་ལག་བསྟར་བྱས་པ། རྒྱ་ནག་གཞུང་གི་དབང་བསྒྱུར་འོག་མི་མང་གི་ཚད་ལྡན་འཚོ་བ་མཚམས་ཆད་པ་སོགས། རྒྱ་གཞུང་ལ་ཚིག་མཚོན་འདེབས་པ་དང་སྐྱོན་བརྗོད་ཉེས་འཛུགས་ཆེན་པོ་གནང་བ་དང་བསྟུན། ༧པཎ་ཆེན་རིན་པོ་ཆེས་མོའོ་ཙེ་ཏུང་ལ་རྒྱ་གཞུང་གི་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་པའི་རེ་བ་བཏོན།
༧པཎ་ཆེན་རིན་པོ་ཆེས་བོད་མི་རིགས་དང་བོད་ཀྱི་ནང་ཆོས་གཉིས་ཆགས་འཇིག་གི་སོ་མཚམས་ཤིག་ཏུ་སླེབས་པར་ཡིད་ཆེས་གནང་སྟེ། སྙན་ཞུ་དེ་འདྲ་ཕུལ་བ་ནི་ཧ་ཅང་གིས་དཔའ་ངར་ལྡན་པའི་བྱ་སྤྱོད་ཅིག་དང་། ༧པཎ་ཆེན་རིན་པོ་ཆེས་རང་དབང་གིས་བཀག་རྒྱ་རྣམས་གཏོར་བ་རེད།
མོའོ་ཙེ་ཏུང་ཏན་ཏན་ཚིག་པ་ཟ་ཡོད་ངེས། མོའོ་ཡིས་ཡིག་ཆ་དེར། ཏང་ལ་ཕོག་པའི་ལོག་སྤྱོད་པའི་དུག་མདའ་ཞེས་མིང་བྱང་བཀོད་པ་རེད། ཕྱི་ལོ་༡༩༦༤ལོར་རིག་གནས་གསར་བརྗེ་མ་ལངས་པའི་ལོ་གཉིས་ཀྱི་སྔོན། ༧པཎ་ཆེན་རིན་པོ་ཆེ་གནས་དབྱུངས་བཏང་སྟེ་བཙོན་ཁང་དུ་བཅུག། ལོག་སྤྱོད་པའི་ཉེས་མིང་བཏགས། ཕྱོགས་ཡོངས་ནས་ནག་ཉེས་བཟོས་པའི་སྐྱོན་འཛུགས་དང་། ཏང་ལ་གྱེན་ལོག་གི་ངན་ཇུས་བཤམས་ཏེ་མེས་རྒྱལ་ཁ་བྲལ་གཏོང་ཐབས་ཀྱི་ཉེས་འཛུགས་ཀྱིས། མི་མང་གི་དཀྱིལ་འཐབ་རྩོད་བྱས་པར་ཁོང་གིས་གསལ་བཤད་གནང་རྩིས་ལ་ཉན་འཇོག་གི་ཚབ་ཏུ་གཅར་རྡུང་ཚུན་ཕོག་ཡོད། དེ་རྗེས་ཀྱང་མནར་གཅོད་ཐེངས་མང་བཏང་སྟེ། ཁོང་གི་ཞལ་དུ་དམར་སྲུང་དམག་གིས་བཙོག་སྙིགས་རིགས་བརྫིངས་པ་དང་། ཁོང་རང་ཉིད་ཀྱི་བཤང་བ་ཚུན་བཙན་གྱིས་ཟ་བཅུག་པ་སོགས། ཐེངས་ཁ་ཤས་ལ་ཅུང་ཙམ་མ་གཏོགས་གྲོངས་པ་རེད། འོན་ཀྱང་། གང་ལྟར་ཁོང་གསོན་ཐུབ་པ་བྱུང་ཡོད།
ཁོང་བཙོན་ཁང་དུ་ལོ་ངོ་བཅུ་བཞིའི་རིང་བཞུགས་མཐར། ངོས་པེ་ཅིང་དུ་མ་འབྱོར་གོང་གི་འཁྱུག་ཙམ་གྱི་སྔོན། རྒྱ་ནག་གཞུང་གིས་གློ་བུར་དུ་བཙོན་གྲོལ་བཏང་སྟེ། ཁོང་དང་ཁོང་གི་ཡབ་ཡུམ་གཉིས་དང་སྤུན་མཆེད་བཅས་ལ། བཞུགས་གནས་སྟབས་བདེའི་ལས་ཤག་ཁག་ཅིག་དང་སྒོ་རྭ་ཆུང་ཆུང་ཞིག་ཀྱང་ཕུལ་འདུག་པར། ངོས་དེ་གར་ཐུག་འཕྲད་དུ་ཕྱིན་པ་ཡིན། ༧པཎ་ཆེན་རིན་པོ་ཆེར་དེ་དུས་ད་དུང་ཡང་གོ་གནས་བསྐྱར་གསོ་བྱུང་མི་འདུག་ཁར། དམག་མི་གཅིག་ལྟ་རྟོག་སྒོ་སྲུང་གི་ཚུལ་དུ་བཞག་ཡོད་གཤིས། ཁོང་ད་རུང་ཡང་ཧ་ལམ་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་ཏེ། ཁོང་གི་གནས་བབ་དཀའ་ངལ་གྱི་རང་བཞིན་དུ་གྱུར་འདུག། ཁོང་གིས་སོ་སོ་ལ་སྔར་ཡོད་བོད་ནང་གི་གོ་གནས་ཁག་བསྐྱར་གསོ་དང་མཁར་དབང་རྒྱུ་ནོར་རྣམས་ཕྱིར་སྤྲོད། ཐག་གཅོད་དྲང་པོ་བྱེད་དགོས་པའི་ཐུགས་རེ་གནང་གིན་འདུག
ལྷག་པར་ཁོང་གིས་གནད་དོན་དེ་ཚོ་ཏིང་ཞོའོ་ཕེན་དང་རྒྱ་ནག་གཞུང་ལ་གླེང་སློང་ཡར་ཞུ་བྱེད་རོགས་ཞེས། ངོས་ལ་སྐུལ་མ་ནན་ཏན་དུ་གནང་སོང་བས་ངོས་ཀྱིས་དེ་ལྟར་བྱེད་རྒྱུ་ཁས་ལེན་བྱས་པ་ཡིན། དེའི་རྗེས་ནས་ཀྱང་ཁོང་གིས་ངོས་ལ་ཐེངས་མང་ཞལ་པར་གནང་ཏེ། ཏིང་ཞོའོ་ཕེན་ཕྱིར་ལོག་ཡོད་མེད་དང་ངོས་ག་དུས་ཏིང་དང་ཐུག་ཐུབ་མིན། ཁོང་གི་གནད་དོན་ཏིང་ལ་ཞུ་འབུལ་གྱི་དྲན་གསོ་ཡང་དང་བསྐྱར་དུ་གནང་སོང་།།
༼སྐུའི་གཅེན་པོ་རྒྱལ་དོན་གྱི་ལོ་རྒྱུས་ཨིན་ཡིག་དཔར་མ། ཀ་ལེམ་པོང་གི་ཐུག་བཟོ་བ་ཞེས་པའི་ཚན་པ་ཉེར་བདུན། ཤོག་༢༥༣ནས་༢༥༦དུ་གསལ། ཚན་པ་འདི་བསྒྱུར་དོན་ནི་བར་སྐབས་བོད་ཕྱི་ནང་གི་དྲ་ལམ་ཁག་ཏུ་སྐུ་ངོ་རྒྱལ་དོན་གྱིས་༧པཎ་ཆེན་བཅུ་པ་མཆོག་ལ་མཚན་སྨད་ཆེན་པོ་ཞུས་ལུགས་སོགས་དང་། ཡང་ཁ་ཤས་ཀྱིས་དེ་འདྲ་མིན་སྐོར་བཅས་ཕན་ཚུན་བར་བགྲོ་གླེང་མང་པོ་འགྲོ་ཡི་ཡོད་སྟབས། ཨིན་ཇིའི་ཡི་གེ་མི་ཤེས་མཁན་གྱི་བོད་མི་དེའི་སྐོར་ཤེས་འདོད་ཡོད་པ་ཚོར་དམིགས་ཏེ། ཆགས་པ་རྡོ་རྗེར་འབོད་པས་བསྒྱུར་པ་ཡིན།༽
ཐུགས་རྗེ་ཆེ
མཚན་སྨད་དང་སེམས་ལ་དྲན་ཡང་ཁ་ནས་དོན་མི་ཐུབ་པ་དེ་ལས་བྱས་མི་འདུག་གམ། ཧཧཧཧ་་་་་གུང་བྲན་གྱིས་མགོ་བསྐོར་འོག་ལ་རྒྱ་ལོ་ཡང་ཚུད་ཡོད་པར་བཤད་མི་དགོས་རེད་་་་་ད་དུང་པཎ་ཆེན་མཆོག་ལ་་་་་་་
་་་་་་་་་་་་ ཁོང་ལ་ནམ་ཡང་བླ་སྤྲུལ་ཚོས་ཆོས་ཕྱོགས་ཀྱི་འགན་ཁུར་ལེན་ཆེད་ཐོབ་དགོས་པའི་ནང་ཆོས་སློབ་གཉེར་མཐིལ་ཕྱིན་པ་བྱུང་མེད་ན། ཁོང་ནམ་ཡང་སྦྱང་བའི་ཡོན་ཏན་ཅན་ཞིག་ཏུ་གྱུར་མེད་ལ། བླ་མ་ཆོས་པ་དེ་འདྲའི་མདུན་ཐ་ན་མི་ནག་པ་ང་ལྟ་བུས་ཀྱང་ཚོར་ཐུབ་པ། ཆོས་ཀྱི་ཉམས་རྟོགས་རིགས་ཁོང་གི་རྒྱུད་ལ་སྐྱེས་ཐུབ་མེད་པ་རེད། དེ་འདྲར་བརྟེན། ཁོང་ངོས་ཀྱི་སྤུན་མཆེད་དང་མི་འདྲ་བར་ཁྱད་པར་ཆེན་པོ་ཡོད་པ་མ་ཟད། ཁོང་སྤྱིར་བཏང་གི་མི་དཀྱུས་མ་ཞིག་ཡིན། ་་་་་་་་་་་་་ ཟེར།
ངས་བསམ་ན་སྐུ་ངོས་༧པཎ་ཆེན་རིན་པོ་ཆེར་གདེང་འཇོག་དངོས་ཡོད་དང་མཐུན་ཞིག་གནང་འདུག།
བོད་པས་བསམ་བློ་གཏོང་སྟངས་བྱས་ན།མི་ཞིག་ཡང་ན་དང་པོ་ཡོན་ཏན་ཁོ་ན་མ་གཏོགས་སྐྱོན་རྩ་བ་ནས་མེད་པ་ཞིག་དགོས།ཡང་མིན་ན།དང་པོ་ནས་སྐྱོན་དང་ནག་པོ་ནག་རྐྱང་ཞིག་དགོས་རེད།ནུབ་ཕྱོགས་སུ་དེ་ལ་Black and white ཟེར།དེ་འདྲ་མི་ཞིག་ཕལ་ཆེར་འཛམ་གླིང་འདིར་ཡོང་ཁག་པོ་རེད་འདོད།
སྤྱི་འཐུས་གཅིག་གིས།
https://www.facebook.com/279523155516054/videos/875813119220385/?hc_ref=NEWSFEED
སྤྱི་འཐུས་བུད་མེད་ཅིག་གིས།
https://www.facebook.com/279523155516054/videos/875813119220385/?hc_ref=NEWSFEED
རྒྱལ་ལོ་དོན་གྲུབ་ཀྱིས་ཆེས་ལྐོག་འགྱུར་དང་། གསང་བ་བསམ་གྱི་མི་ཁྱབ་པ། ཕལ་པའི་བློའི་སྤྱོད་ཡུལ་དུ་མ་འགྱུར་བ། འཁོར་འདས་གཉིས་མེད། སྣང་སྟོང་བརྗོད་མེད། ལྷུན་གྲུབ་དབྱེར་མེད་ཟེར་བ་དེ་ཚོ་ཕར་བཞག་ནས། བུ་གསོ་ཁང་གི་བོད་ཡིག་སྦྱོང་མཁན་དང་། གུང་ཁྲན་གྱིས་བཅོས་སྒྲིག་བྱས་པའི་བོད་སྐད་སློབ་དེབ་གཙོ་བོར་སྤྱོད་པའི་བོད་ནང་གི་སློབ་ཕྲུག་ཕལ་མོ་ཆེ། དེ་བཞིན་ཆོས་ལུགས་ཀྱི་འཐེན་འཁྱེར་ནག་པོའི་ཀུན་སློང་ལས་བཞེངས་པའི་རྒྱ་གར་ནང་གི་ཆོས་སྡེ་ཁག་གི་གྲུབ་མཐའ་སྦྱོང་མཁན་གྱི་བོད་ཡིག་བཀོལ་མཁན་རྣམས་ལ་དམིགས་ནས། དྲང་པོ་ཞིག་བྲིས་འདུག
པཎ་ཆེན་རིན་པོ་ཆེའི་ཡོན་ཏན་ཟུར་ཙམ་ཡོད་པའི་འགོ་ཁྲིད་གཅིག་བོད་ནང་ལ་ད་ལྟ་ཡོད་ན། བོད་ནང་དཀའ་ངལ་ཆེན་པོ། རང་རིགས་སྟོང་འགྲོ་བའི་འཇིགས་པ་འདི་འདྲ་བསླེབས་ཨེ་ཡོང་།
བོད་ནང་གི་བླ་མ་ཕལ་མོ་ཆེ་རང་གི་ཆོས་ལུགས་སྐྱོང་མཁན་ཤ་སྟག་རེད་མ་གཏོགས། མི་རིགས་སྤྱི་ཡོངས་ཀྱི་འགན་འཁུར་མཁན་སུ་འདུག བླ་མ་གཅིག་གི་མིང་ཐོན་ཤོག བོད་ནང་ལ་པཎ་ཆེན་རིན་པོ་ཆེ་ནི་བོད་མིའི་བླ་སྲོག་ལྟ་བུའི་བླ་མ་མཐའ་མ་དེ་རེད།
རྒྱལ་དོན་ནི། རང་གི་གཅེན་པོའི་དབང་ཚད་ལ་སྐྱོན་ཆ་མི་ཡོང་བའི་ཆེད་དུ་འབད་བརྩོན་གནང་མཁན་ཞིག་ཡིན་ཡང་། ཧ་ཅང་གུ་དོགས་པའི་བསལ་བློ་ཅན་ཞིག་ཡིན་པ་དེ། ཁོང་གི་སྔ་ཕྱིའི་གནང་ཕྱོགས་ལ་བལྟས་ན་ཤེས། ཁོས་རང་དང་ལྟ་ཚུལ་མི་མཐུན་པ་ཞིག་ཡིན་ན་གནས་ལུགས་ཡོད་མེད་ལ་མི་ལྟ་བར་ཐབས་ཤེས་ཡོད་རྒུའི་སྒོ་ནས་ནུས་པ་གཅོག་ཐབས་དང་ནག་པོ་བཟོ་ཐབས་ལ་འབད་མཁན་གྱི་རྡར་མ་ཞིག་ཡིན་པར་སེམས། དཔེ་མཚོན་ཞིག་ནི། བོད་ནང་དུ་ཡོད་དུས་པན་ཆེན་སོགས་བླ་ཆེན་དང་ཚ་རོང་དང་ཞྭ་སྒམ་པ་སོགས་དཔོན་ཆེན་ཚོ་ལ་དོགས་ཟིན་དང་འགྲན་སློང་་བྱེད་མཁན་ཞིག་དང་། རྒྱ་གར་དུ་འབྱོར་རྗེས་ཆུ་སྒང་དང་ཨ་དར་སོགས་ལ་དོགས་པ་དང་ཕྲག་ཏོག་གིས་ཞྭ་ནག་སྐོན་མཁན་ཞིག་རེད། དེས་ན་རྒྱལ་དོན་ནི། རང་གི་བཀས་བཀོད་ཁོ་ནའི་འོག་འགྲོ་མཁན་གནས་ལུགས་ཡོད་མེད་ལ་མ་ལྟོས་པ་ལེགས་སོ་ཟེར་མཁན་ཞིག་མིན་ན། སུ་ཞིག་འཇོན་པོ་དང་སྐད་གྲགས་ཅན་གྱུར་ན་དེ་ལ་དོགས་པ་དང་མིག་སེར་བྱེད་མཁན་གྱི་ཁོག་རྒྱ་ཆུང་ཆུང་རྡར་མ་ཞིག་རེད་འདུག
༅༅། སྐུ་ངོ་རྒྱལ་དོན་མཆོག་ནས་པཎ་ཆེན་རིན་པོ་ཆེ་ལ་སྐྱོན་འཛུགས་གནང་བ་ཡིན་གྱི་མ་རེད།
དངོས་གནས་དྲང་པོ་ཞུས་པ་རེད་སྙམ།
མ་གཞི་པཎ་ཆེན་རིན་པོ་ཆེ་ཐོག་མའི་སྐབས་སུ་རྒྱ་གུང་བྲན་ལ་འཐམ་དང་མི་འཐམ་པ་རེད།
དེ་ནས་རྒྱ་གུང་བྲན་གྱིས་ཁོང་ལོ་ ༡༤ ཙམ་བཙོན་དུ་བཅུག་པའི་རྗེས་ལ་གཞི་ནས་
འཐམ་དང་མི་འཐམ་འཐམ་སོང། གུང་བྲན་བཏང་ལ་འཐམས་སོང།
བཅུག་དང་མི་བཅུག་བཅུག་སོང། བཅུ་བཞི་བཙོན་དུ་བཅུག་སོང། འདི་ལྟར་རེད།