ཨ་ནུ་ཐང་བསོད་ནམས།
གསུང་བཤད་དེའི་འགོ་ནས་འཇུག་བར་དུ་ཡག་པོ་ཞིག་ཉན་པ་ཡིན་ཞིང་དེའི་ནང་དུ་འགོག་ཏུ་མེད་པའི་དྲི་བ་ཁག་ཅིག་སླེབས་སོང་། སྔོན་མ་ཏིང་གིས་སྐུ་ངོ་རྒྱལ་དོན་ལ་འབྲེལ་བ་གནང་ནས་རང་བཙན་མ་རྩད་ན་སྐད་ཆ་གང་ཞིག་ཡིན་ཡང་བཤད་ཅེས་ཐུགས་ཁ་བསྒྱུར་ནས་གཡོ་ཇུས་བཀྲམས་པ་བཞིན། དེ་ཐེངས་ཀྱང་ཞིས་ཅིན་ཕིན་གྱི་སྲིད་གཞུང་གིས་ཀྱང་སྔོན་ལྟར་སྐུ་ངོ་རྒྱལ་དོན་གྱི་ཐུགས་མོས་ཡོད་མེད་ལ་མ་ལྟོས་པར་ཨུ་ཚུགས་ཀྱིས་འབྲེལ་བ་གནང་ཞིང་། བློ་འགུག་ཡག་པོ་ཡོང་ཆེད་དུ་ཞིས་ཀྱི་ཡབ་དང་ཁོང་ཚོའི་འབྲེལ་བ་ཡག་ཚུལ་སོགས་ཀྱི་ཁྱིམ་ཚང་གི་འབྲེལ་བ་དང་། ཞིས་ནི་སྲིད་འཛིན་གསར་བ་ཡིན་པས་གྲོས་མོལ་ཡོད་ཚུལ་སོགས་བརྗོད་ནས་རེ་བ་གསར་བ་ཞིག་སྤྲད་ཅིང་འགུག་ཐབས་བྱེད་ཀྱིན་ཡོད་པ་གསལ་བོ་རེད། དེ་བཞིན་ཧོ་ཡི་དུས་སྐབས་ཀྱང་གྲོས་མོལ་མང་དུ་གནང་ཞིང་འབྲེལ་བ་སྔར་ལས་བཙུགས་པ་འདི་དག་ལ་བལྟས་ན་རྒྱ་ནག་གི་སྲིད་འཛིན་སུ་ཞིག་སླེབས་ཀྱང་། འབྲེལ་བ་གནང་ཏེ་རེ་བ་སྤྲད་པའི་སྲིད་ཇུས་ཤིག་འཛིན་བཞིན་ཡོད་པ་གསལ་བྱེད་གནང་འདུག
ད་ལྟ་ག་རེ་བྱས་ནས་རྒྱ་ནག་གི་སྲིད་འཛིན་གསར་བས་སྔོན་ལྟར་འབྲེལ་བ་གནང་བ་ཡིན་ནམ། དེ་ནི་ཆེད་མངགས་ཀྱིས་སྲིད་སྐྱོང་ལ་ཁ་གཏད་གཅོད་ཆེད་ཀྱི་སྲིད་ཇུས་ཤིག་ཡིན་ནམ། ཡང་ན་སྐུ་ངོ་རྒྱལ་དོན་ལ་སྔོན་ལྟར་བེད་སྤྱོད་དམ་མགོ་སྐོར་བཏང་ཐུབ་པ་འདོད་པས་ཡིན་ནམ། མ་མཐའ་ཡང་སྐུ་ངོ་རྒྱལ་དོན་ལ་གནས་ཚུལ་དང་རེ་བ་རྫུན་མ་སྤྲད་ནས། ༧གོང་ས་ཏཱ་ལའི་བླ་མར་རྒྱུན་མཐུད་དུ་སྟངས་འཛིན་བྱེད་བསམ་པས་ཡིན་ནམ། རྒྱུ་མཚན་ནི་༧གོང་ས་ཏཱ་ལའི་བླ་མར་ག་ཚོད་སྤྲད་པ་ཡིན་ན་དེ་ཚོད་ཀྱིས་རེ་བ་དེ་འགྲུབ་ཆེད་དུ་༧གོང་ས་ཏཱ་ལའི་བླ་མས་རྒྱ་གཞུང་ལ་སྟབས་བསྟུན་གྱིས་ཕྱག་ལས་གནང་དགོས་པས། ཅི་ཙམ་༧གོང་ས་ཏཱ་ལའི་བླ་མས་རྒྱ་ནག་ལ་སྟབས་བསྟུན་གནང་བ་ཡིན་ན་རྒྱ་ནག་གི་ཁེ་ཕན་དང་མཐུན་པ་མ་ཟད། ༧གོང་ས་ཏཱ་ལའི་བླ་མས་རྒྱ་ནག་གི་དགོངས་པ་བཞིན་བཀའ་མོལ་མང་པོ་ཞིག་གནང་དགོས་ལ། གནང་བ་ཡིན་ན་རྒྱ་ནག་གིས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་ཞེས་བརྗོད་མི་དགོས་པར། ༧གོང་ས་ཏཱ་ལའི་བླ་མས་བརྗོད་པ་མ་ཟད། དེ་འཛམ་གླིང་མི་མང་དང་རྒྱ་ནག་མི་མང་། ལྷག་པར་དུ་བོད་མི་མང་གི་རྣ་བ་ལ་མ་འཇགས་བར་དུ་གསུང་དགོས་པ་ཆགས་ཡོད་ལ། རྒྱ་ནག་ལ་གནོད་པའི་ལས་དོན་གང་ཞིག་གི་ཐོག་ཏུ་༧གོང་ས་ཏཱ་ལའི་བླ་མ་ཞུགས་མི་ཐུབ་པའམ། ཞུགས་ཀྱང་ཐུགས་སེམས་རྩེ་གཅིག་གིས་ཕྱག་ལས་གནང་མི་ཐུབ་པར་གཏོང་བཞིན་ཡོད།
དེར་བརྟེན། ༧གོང་ས་ཏཱ་ལའི་བླ་མ་ནི་རྒྱ་ནག་གི་ཕྱི་རོལ་ཏུ་ཡོད་ཀྱང་། རྒྱ་ནག་གི་སྟངས་འཛིན་འོག་ཏུ་ཚུད་ཐུབ་པ་སོགས་ཀྱི་ཕན་ཐོགས་ཡོད་པ་མ་ཟད། བོད་མིའི་སྤྱི་ཚོགས་ཁྲོད་དུའང་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པའི་འགལ་ཟླ་བསློང་ཐུབ་པ་སོགས་ཀྱིན་ཡིན་པ་སེམས། དེར་བརྟེན། “རྒྱ་ནག་གིས་སྤྲད་ལ་མ་སྤྲད་པའི་ཐབས་ཇུས”བཟུང་ཏེ། ཉ་ལ་ཤ་རྡོག་སྤྲད་པའི་ཐབས་ཇུས་བཞིན་རེ་བ་སྤྲད་ཅིང་གཡོ་འགུག་བྱེད་ཀྱིན་ཡོད་པར་སེམས་ལ། དུས་དང་བསྟུན་ནས་སྤྲད་ལ་མ་སྤྲད་པའི་སྲིད་ཇུས་བཟུང་ནས་རེ་བ་ཤི་རུ་མི་འཇུག་པའི་ཐབས་ཇུས་ཤིག་ཏུ་འདོད།
རྒྱུ་མཚན་ནི། ཉིན་གཅིག་ལ་༧གོང་ས་ཏཱ་ལའི་བླ་མ་གནས་སྐོར་ལ་ཕེབས་ཐུབ་ཀྱི་དྲིལ་བསྒྲགས་བྱས་ཤིང་། ཉིན་རྗེས་མར་གསིབ་པ་འདིའི་ནང་ནས་གསང་བ་ཞིག་ཡོད་ཅིང་དེ་གཡོ་ཇུས་ཡིན་པ་གསལ་སྟོན་བྱས་འདུག
རྒྱ་ནག་གི་རི་བོ་རྩེ་ལྔ་ལ་ཕེབས་ཚུལ་གྱི་བཀའ་མོལ་གནང་ནས་རེ་བ་སྤྲད། རེ་བ་ཡོད་པར་སེམས་སྐབས། དེ་ལྟར་ཡོང་བར་སྔོན་འགྲོའི་ཆ་རྐྱེན་དུ་མ་དགོས་ཚུལ་གྱི་གནད་དོན་གཞན་ཞིག་གླེང་ཞིང་། ཡང་དཔོན་རིགས་ཁག་ཅིག་གིས་ཡོང་ཐབས་དཀའ་ངལ་ཡོད་ཚུལ་གླེང་ནས་སེམས་ཤུགས་མར་བཅག་ཅིང་། ཁག་ཅིག་གིས་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་རེ་བ་ཡོད་ཚུལ་གླེང་བ་ནས་ཡར་བཀྱགས་པ་འདི་དག་ཆབ་སྲིད་ཀྱི་ཐབས་ཇུས་ཤིག་ཡིན་པ་ལས། དོན་འབྲས་ལྡན་པའི་གྲོས་མོལ་བྱེད་འདོད་མེད་པའི་བརྡ་རྟགས་ཤིག་ཏུ་འདོད། སྐུ་ངོ་རྒྱལ་དོན་གྱིས་དཔོན་པོ་བརྗེ་མིན་ལ་མ་ལྟོས་པར་བྷོ་ཐོ༼ཤེལ་དམ༽གཅིག་པ་ཡིན་ཚུལ་གསུངས་སྟངས་ལ་བལྟས་ན་ཁོང་ནི་རྒྱ་ནག་གི་ཐབས་ཇུས་ཀྱི་གཡོ་འོག་ཏུ་མང་པོ་ཚུད་པ་གསལ་བོ་བསྟན་འདུག་ལ། ཕྱོགས་གཞན་ཞིག་ནས་ངོས་ལེན་གནང་བའི་རྣམ་པ་ཞིག་ཏུ་མཐོང་།
ཕྲན་གྱིས་ནམ་རྒྱུན་བཤད་པ་ལྟར་བོད་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་མཁན་མེད་པ་ནི་བོད་ལ་འཇོན་ཐང་མེད་ཅིང་། བོད་པས་སུ་ཞིག་གི་ལག་ཆ་འམ་ལས་གྲོགས་ཡག་པོ་ཞིག་མ་ཉན་པས་རེད། མ་ཉན་པ་ཡིན་ན་བོད་ཀྱི་ཆེད་དུ་མ་རྩ་གཏོང་མཁན་གྱི་སྲིད་གཞུང་དང་ཚོགས་པ་གང་ཞིག་ཡོང་དཀའ་སྟེ། སྐུ་ངོ་རྒྱལ་དོན་གྱིས་གསུངས་པ་ལྟར་ནེ་རོ་ཡིས་རྒྱ་ནག་གི་བཙན་འཛུལ་ཡོང་བ་རྟོགས་ནས་བོད་ལ་དམག་རྟ་གྲྭ་སྒྲིག་བྱེད་དགོས་ཚུལ་ཐེངས་མང་བརྗོད་པ་དང་། ནེ་རོ་ཡིས་དེ་ལ་མཐུན་འགྱུར་བྱེད་རྒྱུའི་འདོད་མོས་ཡོད་ཀྱང་། བོད་གཞུང་གི་མཛད་འགོ་ཚོས་དེ་ལྟར་མ་གནང་བས། མཐའ་མ་ནེ་རོས་བོད་ལ་བཅང་བའི་རེ་བ་ཤི་ཞིང་བོད་དོན་གཡུགས་པ་རེད་གསུང་སྟངས་ལ་དཔགས་ན། གཡུགས་ཅེས་པ་ཡང་བོད་ལ་དྲག་པོའི་དཔུང་རོགས་མ་གནང་ཚུལ་ལས། གཞན་བོད་ལ་སྐྱབས་བཅོལ་དང་ཤེས་ཡོན་གྱི་རོགས་སྐྱོར་གནང་ཡོད་པ་གསལ་བོ་རེད།
ནེ་རོ་ལའང་ཁག་མི་འདུག བོད་ལ་རེ་བ་མེད་པས། རེ་བ་མེད་པའི་མི་ཞིག་ལ་ཅི་ལྟར་རོགས་སྐྱོར་གནང་ཡང་མཐའ་མ་རང་གཞན་གཉིས་ཀར་གནོད་པའི་རྒྱུ་ལས་ཕན་ཐོགས་མེད་པས། ཕན་ཐོགས་པའིི་ལས་དོན་ཞིག་ལ་ནེ་རོ་འམ་ཕྱི་མི་ལྟ་ཅི། ལ་རྒྱ་ཅན་གྱི་བོད་མི་མང་པོ་ཡང་རང་གི་མགོ་ཁྲིད་ལ་རེ་བ་བརླགས་ཏེ་སེམས་པ་ཤི་ངེས་རེད།
དེར་བརྟེན། ནེ་རོ་ཡིས་དེ་ཙམ་བོད་ལ་རོགས་སྐྱོར་གནང་མ་ཐུབ་ཅིང་མ་ཐུབ་པས། རྒྱ་ནག་ལ་ཁ་གཏད་གཅོག་པའི་ཐབས་ཇུས་བསྒྱུར་ནས། ཞི་འགྲིག་གནང་ཞིང་། ཁེ་ཕན་མང་ཤོས་རྒྱ་ནག་ལ་སྤྲད་ཐོག་བོད་དང་ས་འབྲེལ་གྱི་གནད་དོན་ཁག་རྒྱ་ནག་དང་ཁེ་ཕན་མཉམ་སྤྱོད་ཀྱི་སྲིད་ཇུས་མི་འཛིན་གཏོལ་མེད་ཆགས་ཤིང་། དེ་ལས་ལྷག་གི་གདམ་ཀ་ཡག་པོ་ཁོང་ལ་དཀོན་པས་རེད། ཡིན་ཏེ། ལོ་རྒྱུས་ཐོག་ནེ་རོ་དང་ནུབ་གླིང་དེ་ཙམ་མི་འགྲིག་པའི་ཐོག་རྒྱ་ནག་གིས་གོ་སྐབས་དམ་འཛིན་གྱིས་ཤར་ཕྱོགས་པའི་ལ་རྒྱ་གླེང་ཏེ། རྒྱ་གར་དང་མཐུན་ཕྱོགས་གང་ཐུབ་གྱིས་བསྒྲིག་ཨེ་ཐུབ་གནང་ཞིང་། ༡༩༥༤ ལོའི་མཐུན་ཕྱོགས་ཀྱི་གན་རྒྱ་བཞག་པར་བརྩོན་པས་རེད།
ཡིན་ཡང་། ནེ་རོ་ནི་ཤེས་རྒྱ་ཆེ་བས་ཁོང་གིས་རྒྱ་ནག་ལ་ཡིད་ཆེས་ཡག་པོ་ཞིག་གནང་མེད་པ་བོད་མི་སྐྱབས་བཅོལ་བ་ལ་རོགས་སྐྱོར་བྱེད་པ་དེས་གསལ་བྱེད་གནང་བ་མ་ཟད། གལ་སྲིད་རྒྱ་གར་དང་རྒྱ་ནག་ལ་མ་འགྲིག་པ་ཡིན་ན་རྒྱ་གར་གྱིས་རྒྱ་ནག་ལ་གནོད་ཤུགས་སྤྲད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་ཆགས་བཞིན་ཡོད་པ་འདིས་བདེན་དཔང་བྱས་འདུག ཉེ་ཆར་ཡང་རྒྱ་ནག་གི་སྲིད་འཛིན་རྒྱ་གར་ལ་གཟིགས་སྐོར་དུ་ཕེབས་སྐབས་མོ་ཞིས་གཉིས་ཀྱི་ཚོང་ཡག་པོ་ཞིག་འགྲིག་མི་འདུག
སྲིད་འཛིན་ཞིས་རྒྱ་གར་གྱི་མི་རིགས་ཀུན་ལ་མཐོང་ཆེན་ལག་ཁྱེར་Visa གཅིག་མཚུངས་སྤྲོད་རྒྱུ་ཁས་ལེན་མ་གནང་ཞིང་། མོ་སྒྲི་ཡིས་ཀྱང་རྒྱ་ནག་གཅིག་གི་སྲིད་བྱུས་ནང་གི་བཙན་བྱོལ་སྒྲིག་འཛུགས་སྒོ་མོ་རྒྱག་རྒྱུ་དང་༧གོང་ས་ཏཱ་ལའི་བླ་མའི་ཕེབས་བཞུགས་ལ་སྟངས་འཛིན་བྱེད་རྒྱུ་ངོས་ལེན་གནང་མི་འདུག་པས། གྲོས་མོལ་དེ་ཕན་ཚུན་གྱི་འདོད་པ་ཁེངས་པ་ཞིག་བྱུང་མི་འདུག
དེར་བརྟེན། ས་མཚམས་ཀྱི་རྩོད་རྙོག་ཡང་ད་དུང་མུ་མཐུད་ལྷག་ངེས་རེད། རྒྱུ་མཚན་ནི། བཙན་བྱོལ་སྒྲིག་འཛུགས་ཀྱི་སྒོ་མོ་ཇི་སྲིད་མ་བརྒྱབ་པ་དེ་སྲིད་དུ་རྒྱ་ནག་གིས་རྒྱ་གར་ལ་གནོད་ཤུགས་སྤྲོད་དགོས་ཤིང་། སྤྲོད་སྟངས་ལེགས་ཤོས་ནི་ས་མཚམས་སུ་རྩོད་རྙོག་བཟོ་རྒྱུ་དང་། ཀ་ཤི་སྨིར་གྱི་གནད་དོན་ལ་ཐེ་གཏོགས་བྱེད་རྒྱུ་དེ་རེད།
རྒྱ་གར་གྱིས་རྒྱ་ནག་ལ་འཁོན་ལན་སློག་སྟངས་ཡག་ཤོས་ཤིག་ནི་བཙན་བྱོལ་བོད་མི་རྣམས་ལ་ཡག་པོ་བྱེད་ཡ་དེ་ཡིན་པས། རྒྱ་གར་ནག་གཉིས་ཀྱི་ཐན་ཐུན་གྱི་རྩོག་རྙོག་འདི། ཡར་འགྲོ་མར་འགྲོ་ཡོད་མེད་ལ་མ་ལྟོས་པར་ད་དུང་དེ་ལྟར་ལྷག་ངེས་ཤིང་། ལྷག་དགོས་པའང་ཕན་ཚུལ་ལ་ཡིད་ཆེས་མེད་པས་རེད།
ནེ་རོས་བོད་པ་རྣམས་རང་རྐང་སྟེང་ལངས་ཐུབ་པ་རྟོགས་ནས་བོད་ལ་དེང་རབས་ཀྱི་ཤེས་ཡོན་དགོས་ཤིང་། དེ་དག་མེད་ན་བོད་འདི་ནམ་ཡང་རང་རྐང་སྟེང་ལངས་མི་ཐུབ་དགོངས་ནས་བོད་པ་སྐྱབས་བཅོལ་བ་ལ་སློབ་སྦྱོང་གི་མཐུན་འགྱུར་ཡག་པོ་གནང་འདུག འོན་ཀྱང་། བོད་ཀྱི་དབང་འཛིན་པ་རྣམས་་ལ་རེ་བ་ཆད་དགོས་དོན་གྱི་མཐའ་དེད་ན། བོད་ཀྱི་ཆབ་སྲིད་མཛད་གཙོའི་ཡང་སྙིང་བླ་སྤྲུལ་རྣམས་དང་དེའི་དག་གི་རྗེས་འཇུག་པ་རྣམས་ཡིན་ཞིང་། ཁོང་ཚོ་སྦྱིན་བདག་འཚོལ་རྒྱུ་དང་དགོན་པ་རྒྱག་རྒྱུ། ཆོས་ལུགས་སྤེལ་བ་ལས་གཞན་དུ་དེ་ཙམ་མི་མོས་ཁར། དེང་གི་ཆབ་སྲིད་དང་དམག་དོན། འཛམ་གླིང་གི་འགྱུར་འགྲོས་སོགས་ལ་དེ་བས་སྦྱངས་པ་དང་གོམས་འདྲིས་མེད་ཅིང་། མོས་པ་ཡང་མེད་པས། དམག་མིའི་འགྲོ་སོང་ཡང་ཆོས་ལུགས་ཀྱིས་འཇིག་རྟེན་སྐྱོང་བའི་གོམས་སྲོལ་ལྟར་གཏོར་མའི་འཕྲུལ་དང་། དྲག་པོའི་ཆོ་ག་སོགས་ལ་བཏང་བས། བོད་འདི་གཅོང་ནད་ཕོག་པའི་ནད་པ་རུ་གྱུར་ཏེ། བོད་ལ་དཀའ་ངལ་འཕྲད་སྐབས་ཅི་ཙམ་ནེ་རོ་དང་མཐུན་ཕྱོགས་རྒྱལ་ཁབ་དུ་མས་སྨན་བཅོས་གནང་ཡང་། བོད་ཀྱི་མི་རབས་མ་བརྗེ་བ་རང་རྐང་ཐོག་ནམ་ཡང་ལངས་བའི་ཐུབ་པ་རྟོགས་པས་རེད། ཡིན་ཏེ། ལུང་པ་ཤོར་ཕྱིན་ཡང་། ཆོས་བརྒྱུད་ཀུན་གྱི་བླ་ཆེན་རྣམས་ཀྱིས་བོད་དོན་ལ་དེ་ཙམ་མི་འབད་པ། གཙོ་བོར་དགོན་པ་གསར་རྒྱག་དང་སྦྱིན་བདག་འཚོལ་སྒྲུབ། གྲྭ་འབོར་བསྡུ་བསྐོང་སོགས་ལ་འབད་པས། སྨན་བཅོས་བྱེད་མཁན་དང་རོགས་སྐྱོར་བྱེད་མཁན་གྱི་སྨན་པ་དང་སྨན་གཡོག འགྲོ་སོང་བཏང་རྣམས་ཨ་ཐང་ཆད་པ་གསལ་བོར་བསྟན་པས། མུ་མཐུད་དུ་བོད་འདི་དེ་ལྟར་ཕྱིན་པ་ཡིན་ན་བོད་ལ་རེ་བ་ཁག་པོ་ཡིན་ཞིང་། རེ་བ་ཁག་པ་བོད་མི་རྣམས་ཀྱིས་ངེས་པར་དུ་ངོས་འཛིན་གནང་ཏེ་དེང་གི་འཁོར་ཕྱོགས་དང་བསྟུན་ཏེ་བཅོས་སྒྱུར་དང་ལེགས་བཅོས་གཏོང་རྒྱུ་གནད་དུ་མཐོང་།
དེ་ལྟར་མིན་པ་ད་དུང་ཡང་ཆོས་དཔོན་ཚོས་གསུངས་པ་བཞིན་འཛམ་གླིང་གི་འཁོར་ཕྱོགས་འདི་ནོར་ཞིང་རང་ཉིད་འགྲིག་པའི་འདུ་ཤེས་བཟུང་ཏེ། དེང་རབས་དང་དུས་ཀྱི་འགྱུར་འགྲོས་ལ་རྒོལ་ཞིང་། སེམས་པ་ལྕགས་ལྟར་ཐེར་ཟུག་ཏུ་གནས་ཏེ། ཅི་ཙམ་འཛམ་གླིང་ལ་འགྱུར་བ་ཕྱིན་ཡང་རང་ཉིད་འགྲོ་རྒྱུ་མིན་པའི་གཤིས་སྤྱོད་ངོམ་ནས་འཛམ་གླིང་གི་དེང་རྒོལ་རིང་ལུགས་དང་དཔུང་རྡང་སྤྲེལ་ཚེ། མཐའ་མ་གྱོང་གུད་རེག་མཁན་ནི་བོད་མི་རིགས་ཡིན་པ་ལས་གཞན་ཞིག་མིན་པ་གསལ་བོ་རྟོགས་རྒྱུ་ནི་ལོ་རྒྱུས་ཀྱི་ཕམ་ཁ་ལས་ཐོབ་པའི་མྱོང་བ་ཞིག་ཏུ་མཆིས།།
https://m.youtube.com/watch?v=TrgXVrnSE9I
http://m.deccanherald.com/content/431781/xi-refuses-039stapled-visa039-roll.html/
ཨ་ནུ་ཐང་ལགས་ནས་དངོས་གནས་ཡག་པོ་གསུང་འདུག་པས་ བཀའ་དྲིན་ཆེ་ཞུ་།
གཟུར་གནས་བློ་ལྡན་གྱི་ངང་ནས་དཔྱད་བརྗོད་སྤེལ་སྟངས་ཧ་ཅང་ཡག་པོ་རེད། ལར་རང་གི་བློ་འདོད་དང་མ་མཐུན་པའི་དུས་སུ་ཞེ་འཁོན་འབའ་ཞིག་བཟུང་ནས་ཚིག་མཚོན་དང་། ངན་སྨྲས་སོགས་ཇི་ཐུབ་བྱེད་མཁན་ཚོ་དང་གཏན་ནས་མ་འདྲ་བ་ཞིག་རེད། ངོ་སོ་བསྟོད།
་་་་་་་་་རེ་བ་ཤི་རུ་མི་འཇུག་པའི་ཐབས་ཇུས་ཤིག་ཏུ་འདོད།
རྒྱུ་མཚན་ནི། ཉིན་གཅིག་ལ་༧གོང་ས་ཏཱ་ལའི་བླ་མ་གནས་སྐོར་ལ་ཕེབས་ཐུབ་ཀྱི་དྲིལ་བསྒྲགས་བྱས་ཤིང་། ཉིན་རྗེས་མར་གསིབ་པ་འདིའི་ནང་ནས་གསང་བ་ཞིག་ཡོད་ཅིང་དེ་གཡོ་ཇུས་ཡིན་པ་གསལ་སྟོན་བྱས་འདུག ་་་་་་་་་་་་་་ ཟེར།
རྒྱ་གར་དྷོ་ཏི་གྱོན་མཁན་གྱིས་གང་བྱེད་ཐུབ། ཅེས་སྲིད་བྱུས་འདིའི་ཐོག་ལ་ངས་ལོ་ངོ་བཞི་ཅུ་ཞེ་གྲངས་སྔོན་ལ་བོད་མི་ཞིག་གིས་ཁ་ནས་་ཐོས་པ་དྲན།
ང་ཡི་སེམས་ནས་དྲན་པ་དེ་ཁྱོད་ཀྱི་ཁ་ནས་བཤད་འདུག
གནས་ལུགས་རྐྱང་གསུང་ཤག འདི་ནི་དཔྱད་ཞིབ་པའི་ཁྱད་ཆོས་རེད།
བསམ་ཚུལ་མི་མཐུན་མཁན་དག་གིས་ཀྱང་གནས་ལུགས་ཁུར་ཤོག དེ་མིན་ཞེན་ཁོག་གཅིག་པུའི་སྐད་ཆའི་ནང་དུ་ཕན་པའི་ཚིག་རྐང་གཅིག་མི་འདུག
༼ཆོས་དཔོན་ཚོས་འཛམ་གླིང་གི་འཁོར་ཕྱོགས་འདི་ནོར་ཞིང་རང་ཉིད་འགྲིག་པའི་འདུ་ཤེས་བཟུང་ཏེ།༽ རེད། xxxxx དེ་ན། རེ་རེ་བྱས་ནས་ལབ་ཤོག།
༼ཆོས་དཔོན་ཚོས་འཛམ་གླིང་གི་འཁོར་ཕྱོགས་ནོར་བར་བཟུང་བའི་༽གནད་དོན་དག་གང་གང་རེད། ༼ཆོས་དཔོན་ཚོས་རང་ཉིད་འགྲིག་པར་འཛིན་པའི་༽ འདུ་ཤེས་དག་གང་གང་རེད།
༼དེང་རབས་དང་དུས་ཀྱི་འགྱུར་འགྲོས་ལ་རྒོལ་ཞིང་།༽ ག་འདྲ་སེ་རྒོལ་བ་རེད། ག་རེ་ལ་རྒོལ་བཞིན་ཡིན་ནམ། རེ་རེ་བྱས་ནས་ཤོད་ཤོག།
༼ཅི་ཙམ་འཛམ་གླིང་ལ་འགྱུར་བ་ཕྱིན་ཡང་རང་ཉིད་འགྲོ་རྒྱུ་མིན་པའི་གཤིས་སྤྱོད་ངོམ་ནས་༽ གཤིས་སྤྱོད་ངོམ་མཁན་དང་ངོམ་ལུགས་ཅི་འདྲ་ཡིན་པ་གསལ་བོར་ཤོད་ཤོག།། མི་སྣ་སུ་སུ་ཡིན་ནམ།
༼མུ་མཐུད་དུ་བོད་འདི་དེ་ལྟར་ཕྱིན་པ་ཡིན་ན་བོད་ལ་རེ་བ་ཁག་པོ་ཡིན་ཞིང་༽ རེ་བ་ཁག་པོ་མིན་པའི་ལམ་ཁ་གསལ་བ་དེ་གང་ཡིན་ནམ། རྒྱས་ཞིང་རྒྱས་བ་ཞིག་ཕྲིས་ཤིག།
༼བཙན་བྱོལ་སྒྲིག་འཛུགས་ཀྱི་སྒོ་མོ་ཇི་སྲིད་མ་བརྒྱབ་པ་དེ་སྲིད་དུ་རྒྱ་ནག་གིས་རྒྱ་གར་ལ་གནོད་ཤུགས་སྤྲོད་དགོས་ཤིང་། སྤྲོད་སྟངས་ལེགས་ཤོས་ནི་ས་མཚམས་སུ་རྩོད་རྙོག་བཟོ་རྒྱུ་དང་། ཀ་ཤི་སྨིར་གྱི་གནད་དོན་ལ་ཐེ་གཏོགས་བྱེད་རྒྱུ་དེ་རེད།༽ སྐབས་འདིར་བོད་པ་ཚོས་རང་འགུལ་གྱིས་བཙན་བྱོལ་སྒོ་རྒྱག་དགོས་རེད་ཞུས་པ་ཡིན་ནམ། ག་རེ་བཤད་བཞིན་པའི་ཁུལ་ཡིན།
༼བོད་ལ་རེ་བ་མེད་པས། རེ་བ་མེད་པའི་མི་ཞིག་ལ་ཅི་ལྟར་རོགས་སྐྱོར་གནང་ཡང་མཐའ་མ་རང་གཞན་གཉིས་ཀར་གནོད་པའི་རྒྱུ་ལས་ཕན་ཐོགས་མེད་པས། ཕན་ཐོགས་པའིི་ལས་དོན་ཞིག་ལ་ནེ་རོ་འམ་ཕྱི་མི་ལྟ་ཅི། ལ་རྒྱ་ཅན་གྱི་བོད་མི་མང་པོ་ཡང་རང་གི་མགོ་ཁྲིད་ལ་རེ་བ་བརླགས་ཏེ་སེམས་པ་ཤི་ངེས་རེད།༽ སྐབས་འདིར་བོད་དོན་རོགས་བྱེད་པ་ཚོས་རོགས་མ་བྱེད་ལབ་པ་ཡིན་ནམ། ཡང་ན་ཨ་ནུ་རང་ཉིད་བོད་ཆོས་སྲིད་གཉིས་ཀྱི་རེ་བའི་དཔོན་དང་མ་འོངས་མགོན་ཞུ་འདོད་ཡིན་ནམ།
ངས་གཅིག་བཤད་དགོས། སྐད་ཆ་བཤད་འདོད་ཡོད་ན། རང་ཉིད་ཀྱི་བརྗོད་འདོད་པ་དེ་ལ་ནང་འགལ་མེད་པ། གོ་རིམ་ཡོད་པ། མཁས་བ་གཞན་གྱི་གཏན་ཚིག་གིས་ལུང་ཡོད་པ་ལས། དེ་འདྲ་རེད། ཡིན་པར་འདོད། ཚོད་དཔགས་ཡིན། ཞེས་མ་མཁས་མཁས་མདོག་གི་འཆལ་གཏམ་ཉུང་ན་བཟང་ནི་རེད།
ཨ་ནུ་འདིས་གནད་འགག་ཡོད་ས་ནས་གླེང་ཡོང་གི་འདུག། དེང་སྐབས་བོད་མི་ཚོ་རྨོངས་གཉིད་ལས་སད་ཡོང་གི་འདུག།
བོད་པ་གཉིད་ལས་སད་ན། འབྱུང་པོའི་སྡེ་ལ་ངུ་སྐད་ཤོར་བཞིན་འདུག
ཆོས་དཔོན་ཚོས་འཛམ་གླིང་གི་འཁོར་ཕྱོགས་འདི་ནོར་ཞིང་རང་ཉིད་འགྲིག་པའི་འདུ་ཤེས་བཟུང་ཟེར་ནའང་འདྲ། དེང་རྒོལ་རིང་ལུགས་ཟེར་ནའང་ཆོག རྙིང་ཞེན་ཅན་ཟེར་ནའང་འདྲ། གནའ་དད་ཅན་ཟེར་ནའང་རེད། རྨོངས་དད་ཅན་ཟེར་ནའང་འགྲིག འདི་དག་ཅི་ཞིག་ཟེར་གྱི་ཡོད་མེད་མ་ཤེས་ན་་་རྣམ་དཔྱོད་མདའ་ལྟར་མྱུར་བའི་ཚ་བ་མདའ་སྨྱུག་མཆོག་གིས་གསུངས་འདིར་ཀློག་ཙམ་བྱོས་དང་ལོག་རྟོག་རེ་བསལ་བའི་རེ་བ་ཡོད།།།
རྣམ་དཔྱོད་ཅན་ཚ་བ་མདའ་སྨྱུག་མཆོག་གིས།
དེང་སང་བོད་ཀྱི་བསམ་བློ་པར་གྲགས་པ་ཚོས། ང་ཚོས་བདག་མེད་བསྒྲུབ་པས་བདག་འཛིན་བརླགས་སོང༌། སྙིང་རྗེ་བསྒོམ་པས་བཙན་གནོན་བྱས་སོང༌། གཞན་དོན་བྱས་པས་རང་དོན་ཤོར་སོང༌། མ་ནམ་མཁའ་གླེང་ནས་མི་རིགས་བརྗེད་སོང༌། ཞེས་སོགས་ཟེར་ཏེ་སངས་རྒྱས་ཆོས་ལུགས་ལ་ངོ་རྒོལ་རྒྱག་བཞིན་འདུག་མོད།
ཁོ་བོས་ནི་ང་ཚོ་རྒུད་པའི་རྩ་བ་དང༌། སངས་རྒྱས་ཆོས་ལུགས་ཀྱིས་བཞག་པའི་བག་ཆགས་སྡུག་ཤོས་ཤིག་ནི། སྐྱོ་སྣང་རིང་ལུགས་ཀྱི་དྲིལ་བསྒྲགས་འདི་རེད་སྙམ་གྱིན་ཡོད། མཐོ་སྲིད་པའི་རྩེ་མོ་ནས་བཟུང་སྟེ་དམའ་ན་རག་དམྱལ་བའི་བར་གྱི་འཇིག་རྟེན་འཁོར་བ་འདི་ཡོངས་རྫོགས་སྡུག་བསྔལ་གྱི་རྒྱ་མཚོ་དང༌། མེ་མ་མུར་གྱི་འོབས། སྲིན་མོ་བུ་གཟན་མའི་གླིང༌། དུག་སྦྲུལ་གདུག་པའི་ཚང༌། སྤུ་གྲི་རྣོན་པོའི་སོ། ཆུ་སྲིན་ཁྲོས་པའི་ཁ་ཡིན་པས་ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱང་མི་དྲན་པར་དགེ་བཤེས་གླང་རི་ཐང་པ་ལྟར་ཚེ་གང་པོར་ངོ་ནག་སྡུག་གེར་དང༌། སེམས་སྟོང་ལྷང་ངེར་འདུག་དགོས་པ་དང༌། འཁོར་བའི་ཕུན་ཚོགས་མཐའ་དག་ལ་ཡིད་སྨོན་ཅུང་ཟད་ཙམ་ཡང་མི་སྐྱེ་བར་མགོའམ་གོས་ལ་མེ་ཤོར་བ་ལྟ་བུའི་བྲེལ་འཚབ་ཀྱི་སྒོ་ནས་ཐར་པའི་ཕྱོགས་སུ་རྒྱུག་དགོས་པ་དང༌།
ཚོང་དང་སོ་ནམ་སོགས་དོན་ཆུང་ཚེ་འདིའི་ལས་ལ་མགོ་འཁོར་བ་ནི་ཕྱུགས་ལས་ཀྱང་ལོད་པའི་ཕྱུགས་རང་ཡིན་པ་དང༌། འཕྲལ་གྱི་ལྟོ་གོས་ཙམ་ནི་དུད་འགྲོས་ཀྱང་རྙེད་བཞིན་ཡོད་པས་འཇིག་རྟེན་འཚོ་ཐབས་ ཀྱི་ཕྱོགས་ལ་ཕོ་རྒོད་པས་ནི་རྒོད་པའི་གོ་ཅུང་ཟད་ཀྱང་མི་ཆོད་པ་དང༌། ད་རེས་ཀྱི་མི་ལུས་འདི་ནི་བསྐལ་པ་བརྒྱ་ཡི་ནང་ནས་གོ་སྐབས་ལན་གཅིག་ཁོ་ན་ཡིན་པས་འཇིག་རྟེན་འཁོར་བའི་འདུན་མ་ཡོད་ཚད་ཆེ་བཞག་ཆུང་བསྐྱུར་བྱས་ཏེ་ཟས་སྲོག་འཚོ་དང༌། གོས་ལྷགས་སྐྱོབ་ཙམ་ཞིག་བསྟེན་ནས་དཀའ་ཐུབ་དང་སྒོམ་བཟླས་ཁོ་ནར་བརྩོན་དགོས་པ་དང༌།
འཆི་རྐྱེན་མང་ཞིང་འཚོ་རྐྱེན་ཉུང་བའི་མི་ཚེ་འདི་ནི་དྲག་རླུང་ཁྲོད་ཀྱི་མར་མེ་ལྟར་ད་ཡོད་ད་མེད་ཡིན་པས་སང་ཉིན་ཕན་ཆད་གསོན་པོར་སྡོད་པའི་རྩིས་གཏན་ནས་བརྒྱབ་མི་རུང་བ་དང༌། དེང་སང་ནི་ལྟ་བའི་སྙིགས་མ་དང༌། ཚེ་ཡི་སྙིགས་མ་དང༌། སེམས་ཅན་གྱི་སྙིགས་མ་སོགས་སྙིགས་མ་ལྔ་མཚོ་རྡོལ་རྡོལ་དང་རི་ལུག་ལུག་བྱེད་པའི་དུས་ཡིན་པས། དུས་ངན་འདི་འདྲ་ཞིག་ལ་རང་རེ་མི་ཡུལ་འདིར་སླེབ་པ་ནི་སྟབས་མ་ལེགས་པ་ཞིག་དང༌། ལམ་འགྲོ་མ་རྒྱུགས་པ་ཞིག །ལན་ཆགས་ཤིག །ནོར་འཁྲུལ་ཞིག །ཆགས་སྒོ་ཞིག །ཕམ་ཁ་ཞིག །གྱོང་གུད་ཞིག་ལས་རིན་ཐང་དང་དོན་སྙིང་སྤུ་ཙམ་ཡང་མེད་པ་དང༌།
ད་ནས་མི་རིང་བར་ནད་ཀྱི་བར་གྱི་བསྐལ་པ་དང༌། མུ་གེའི་བར་གྱི་བསྐལ་པ་དང༌། མཚོན་གྱི་བར་གྱི་བསྐལ་པ་བཅས་དུས་ངན་བསྐལ་པའི་ཁུགས་སོ་དེ་ཚེས་རྒྱུ་ཡིན་པས་མིའི་རིགས་ཀྱི་མ་འོངས་པའི་ལས་དབང་ནི་ཡ་ང་ཞིང་ཡི་མུག་དགོས་པ་ཞིག་ཡིན་པ་དང༌། དུས་ངན་ཚེ་ལོ་བཅུ་པ་དེ་ལས་རེ་ཞིག་གཡོལ་འདོད་ན་ཐབས་ཤེས་གཅིག་རང་ཡོད་པ་ནི། མདུན་སྐྱོད་ཀྱི་གོམ་མཚམས་རྦད་དེ་བཞག་ནས་ནུས་ཤུགས་ཡོད་རྒུས་ལྟག་ལོག་བརྒྱབ་རྒྱུ་སྟེ། གནའ་རབས་ཀྱི་མེས་པོ་ཚོས་བཞག་པའི་ལམ་དང་ལུགས་སྲོལ་རྣམས་སྲུང་སྐྱོབ་བྱས་ཏེ་དེའི་ནང་དུ་འཛུལ་རྒྱུ་དང༌།
གནའ་རབས་ཀྱི་མཛངས་མི་ཚོས་གསུངས་པའི་ལེགས་བཤད་དག་བརྗེད་དུ་མི་འཇུག་པར་ངག་ནས་བསྐྱོར་རྒྱུ་དང༌། གནའ་རབས་ཀྱི་མཁས་པ་ཚོས་གནང་བའི་གདམས་ངག་རྣམས་བཅོས་བསླད་མེད་པར་སྙིང་ལ་འཇོག་རྒྱུ་དང༌། གནའ་རབས་ཀྱི་སྟོན་པ་ཚོས་གཏན་ལ་ཕབ་པའི་གྲུབ་མཐའ་དག་ལ་ཐེ་ཚོམ་མི་ཟ་བར་ཡིད་ལ་བསྒོམ་རྒྱུ་དང༌། གནའ་རབས་ཀྱི་སྐྱེས་ཆེན་ཚོའི་མཛད་སྤྱོད་ལ་སྐྱོན་རྟོག་མི་བྱེད་པར་དག་སྣང་ སྦྱང་རྒྱུ་དང༌། མདོར་ན་ཡོད་ཚད་ལ་གནའ་རབས་ཚད་ཤིང་བཞག །གནའ་རབས་ལ་མིག་དཔེ་ལྟ། གནའ་རབས་ལ་ལད་ཟློས་བྱེད། གནའ་རབས་ཚང་གཙུག་ཏུ་བཀུར། གནའ་རབས་ཉིད་ངག་ནས་བཟླ། གནའ་རབས་རང་ཡིད་ལ་བསྒོམ། གནའ་རབས་ཁོ་ནར་སྐྱབས་སུ་འགྲོ་དགོས་པ་དང༌།
འདས་ཟིན་པའི་གནའ་རབས་ཀྱི་དུས་དེ་ནི་རྫོགས་ལྡན་ཕུན་ཚོགས་ཀྱི་དུས་ཡིན་པས་རེ་བ་དང་ཡིད་ཆེས། སྤྲོ་སྣང་དང་མོས་པ་ཡོད་ཚད་འདས་ཟིན་པའི་གནའ་རབས་ཀྱི་དུས་དེར་སྒོམ་དགོས་པ་དང༌། ཤི་ཟིན་པའི་གནའ་རབས་ཀྱི་མི་བོ་ཆེ་རྣམས་ནི་པཎ་ཊི་ཏ་དང༌། གྲུབ་པའི་དབང་ཕྱུག །ཚད་མའི་སྐྱེས་བུ་དང༌། ཐམས་ཅད་མཁྱེན་པ་ཤ་སྟག་ཡིན་པ་དང༌། ང་ཚོ་ནི་ཁོང་རྣམ་པའི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཙམ་ཡང་མ་རག་པའི་ལས་ངན་ བསོད་ཟད་སྐལ་ཆད་ཐོད་སྐམ་རྐྱང་རྐྱང་ཡིན་པ་དང༌།
ད་ནས་བཟུང་ང་ཚོས་ཤི་ཟིན་པའི་སྐྱེས་ཆེན་ཁོང་རྣམ་ཚོར་མྱ་ངན་གྱི་སྒོ་ནས་འོ་དོད་འབོད། སྐྱོ་སྣང་ཆེན་པོས་སྨྲེ་སྔགས་འདོན། ཞལ་གཟིགས་གནང་བའི་འདུན་པ་བཅངས། ལུང་བསྟན་བརྒྱབ་པའི་རྟེན་འབྲེལ་བསྒྲིག །བྱིན་རླབས་སྩོལ་བའི་སྙན་ཞུ་འབུལ། རྗེས་སུ་འཛིན་པའི་གསོལ་བ་འདེབས། འདུ་འབྲལ་མེད་པའི་སྨོན་ལམ་བརྒྱབ། ཐུགས་ཡིད་འདྲེས་པའི་ཐབས་ལམ་འཚོལ་དགོས་པ་དང༌། ཁོང་རྣམ་པས་མ་གཟིགས་པ་ཞིག་ང་ཚོས་མི་མཐོང༌། ཁོང་རྣམ་པས་མ་གསན་པ་ཞིག་ང་ཚོས་མི་གོ །ཁོང་རྣམ་པས་མ་གསུངས་པ་ཞིག་ང་ཚོས་མི་འཁྱོལ། ཁོང་རྣམ་པ་མ་ཕེབས་པའི་ས་དེར་ང་ཚོ་མི་སླེབ། ཁོང་རྣམ་པས་མ་གནང་བའི་ལས་དེ་ང་ཚོས་མི་འགྲུབ། ཁོང་རྣམ་པས་མ་དགོངས་པ་ཞིག་ང་ཚོས་མི་ཤེས་པ་དང༌། ང་ཚོ་སྡུག་ཚོད་སྣ་རྩེ་ནས་བཟུང་སྟེ་འགྲོ་ཤེས་འདུག་མཁས་བྱ་དགོས་པ་ལས། མི་མཁས་མཁས་མདོག་དང༌། མི་འཇོན་འཇོན་མདོག་གི་གསར་བཤད་དང་གསར་གཏོད་སོགས་བྱ་མི་རུང་བ་དང༌།
རྙིང་པ་དོར་ནས་གསར་པ་འཚོལ་དགོས་ཟེར་མཁན་གྱི་མི་དེ་ཚོ་ལྟ་ལོག་དང༌། གཏམ་དེ་གྲས་ལྟས་ངན་ཡིན་པས་དེ་དག་ལ་དགྲ་ལྟར་ལྟ་ཞིང་དུག་ལྟར་འཛེམས་དགོས་པ་དང༌། དེ་ལྟར་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་བརྒྱབ་བཤིག་བརྒྱབ་སྟེ་བསྡད་ན་ད་གཟོད་རྒྱ་མཐོངས་ནང་གི་ཉི་ཐིག་ཙམ་གྱི་གནས་སྐབས་འཕེལ་བདེ་ཞིག་ཡོང་རེ་ཡོད་པ་དང༌། དེ་མིན་གོམ་གང་མདུན་ལ་སོང་ན་ཐུག་རྒྱུ་མུན་ནག་དང་གཡང་ས་འབའ་ཞིག་ཡིན་པ་སོགས་རང་གིས་ཡིད་ལ་བསྒོམ་ཞིང་གཞན་ལ་བསླབ་བྱ་བརྒྱབ་བཞིན་ཡོད་པ་རེད། འདི་ལྟར་འཇིག་རྟེན་དང༌། མི་ཚེ། འབྱུང་འགྱུར་བཅས་ལ་ཡིད་ཆེས་རྩ་བ་ནས་བརླག་པའི་རིག་གཞུང་གང་དེའི་བྲན་འབངས་སུ་གྱུར་པའི་མི་རིགས་ཤིག་ལ་སོ་སོའི་མི་ཚེ་དང༌། མིའི་རིགས་ཀྱི་མ་འོངས་པའི་ཆེད་དུ་ནུས་ཤུགས་འདོན་པའི་སྤྲོ་སྣང་ཡོད་སྲིད་དམ། སྤྱིར་ཤར་ཕྱོགས་ལྐོག་རྒྱུར་རིང་ལུགས་པས་བསམ་གཞིག་གི་མདའ་ཁ་འཁྲུལ་སྣང་དང་མི་ མངོན་པའི་དབྱིངས་སུ་གཏད་དེ་མིག་མདུན་གྱི་དོན་དག་ལ་ཁ་ཡ་ཡག་པོ་ཞིག་བྱ་མྱོང་མེད་ལ། སྒོས་གངས་ཅན་བོད་པའི་མི་རིགས་འདིས་མིག་གིས་རྒྱབ་ཏུ་བལྟས་ཤིང་རེ་བ་གཤིན་པོ་ལ་བཅོལ་ནས་བསྡད་པས། ད་གཟོད་དེང་སང་ཁ་ནུབ་གླིང༌། སྣ་ནུབ་གླིང་ཟེར་ནས་འགྲམ་ཆུ་ལྷུག་ལྷུག་ཏུ་བཞུར་དགོས་པའི་གནས་བབ་འདི་འདྲ་ཞིག་ཏུ་ལྷུང་བ་ཡིན་པར་འདོད་དོ། །
༧རྒྱལ་བ་ཐམས་ཅད་མཁྱེན་་པས་མ་གཟིགས་པ་ཞིག་ང་ཚོས་མི་མཐོང༌།
༧རྒྱལ་བ་ཐམས་ཅད་མཁྱེན་པས་མ་གསན་པ་ཞིག་ང་ཚོས་མི་གོ
༧རྒྱལ་བ་ཐམས་ཅད་མཁྱེན་པས་མ་གསུངས་པ་ཞིག་ང་ཚོས་མི་འཁྱོལ།
༧རྒྱལ་བ་ཐམས་ཅད་མཁྱེན་པ་མ་ཕེབས་པའི་ས་དེར་ང་ཚོ་མི་སླེབ།
༧རྒྱལ་བ་ཐམས་ཅད་མཁྱེན་པས་མ་གནང་བའི་ལས་དེ་ང་ཚོས་མི་འགྲུབ།
༧རྒྱལ་བ་ཐམས་ཅད་མཁྱེན་པས་མ་དགོངས་པ་ཞིག་ང་ཚོས་མི་ཤེས་པ་དང༌།
ང་ཚོ་སྡུག་ཚོད་སྣ་རྩེ་ནས་བཟུང་སྟེ་འགྲོ་ཤེས་འདུག་མཁས་བྱ་དགོས་པ་ལས། མི་མཁས་མཁས་མདོག་དང༌། མི་འཇོན་འཇོན་མདོག་གི་གསར་བཤད་དང་གསར་གཏོད་སོགས་བྱ་མི་རུང་བ་དང༌།
ང་ཚོ་ནི་མི་ལུས་ལེན་ཀྱང་ཁྱི་ཡི་གཟུགས་བརྙན་ཙམ། དོན་གྱི་བདག་པོ་ཐམས་ཅད་མཁྱེན་པས་ཡར་རྒྱུགས་གསུངས་ན་ཡར་དང། མར་རྒྱུགས་གསུངས་ན་མར། ཁོང་གིས་ཅི་གསུངས་བཀའ་སྒྲུབ་བྱེད་དགོས་པ་དང་། ཁོང་གིས་མཛུབ་མོ་ག་སྟོན་ཤར་རེད་ཟེར་དགོས་པའི་གནད་སྟངས་ཀྱི་འོག་ཏུ་ཡོད།
དེ་འདྲ་མིན་པར་ཐམས་ཅད་མཁྱེན་པའི་ལྟ་བ་དང་ལངས་ཕྱོགས་ལ་སྐྱོན་བརྗོད་དང་དགག་རྒྱབ་བྱས་ན་དྲིན་ལེན་ལོག་འཇལ་དང་བཀའ་དྲིན་བསམ་ཤེས་ཀྱི་དར་ཆ་ཕྱར་ནས་ང་ཚོའི་བདེན་པའི་གནས་ལུགས་ཀྱི་མགོ་སྐེ་བཅད་ཀྱི་དང་། རྒྱ་ཁྱི་དང་ཕོག་ཟན་སོགས་ཀྱི་ཞྭ་མོ་གོན་ནས་བོད་མི་རིགས་ཀྱི་སྤྱི་ཚོགས་ཀྱི་མཐའ་ལ་ཕུད་ཐབས། བྱས་སྟངས་འདི་དག་ནི་བོད་མི་རིགས་ཆེད་དུ་ང་ཡ་ཡིད་སྐྱོ་དགོས་པའི་གནད་དོན་ཆགས་ཡོད་ལ་ཡར་རྒྱས་གྱི་འགག་རྡོག་ཆགས་ཡོད། དམངས་གཙོའི་གཉའ་གནོན་ཆགས་ཡོད། བོད་མི་དམངས་ཀྱིས་ངེས་ཏུ་ཤེས་དགོས་པའི་གནད་དོན་ཡིན།
ཞིང་ལས་དང་འབྲོག་ལས། ཚོང་ལས་དང་བཟོ་ལས། དམག་ཇུས་དང་གོ་མཚོན་སོགས་ལ་འབད་བརྩོན་བྱེད་མཁན་རྣམས་ནི་མི་ལུས་ཀྱང་དུད་འགྲོའི་བྱ་སྤྱོད་ཙམ་ཡིན་པས། སྒྲུབ་མི་དགོས། མི་ཆོས་རིག་གནས་སྣེ་གཅིག་ནང་འདྲེན་བྱས་མྱངས་མེད་ལ་བྱ་མི་དགོས།
དེ་ལས་དགོན་པ་གསར་རྒྱབ་དང་གྲྭ་པ་བསྡུ་རུབ། ཆོས་ཚོགས་རྒྱ་བསྐྱེད། དབང་སྐོར་ཆོས་གསུང། སངས་ཆོས་དར་སྤེལ། ཆོས་རིག་ཕྱིར་འདྲེན་སོགས་བྱེད་ཐུབ་ན་ཚེ་འདི་ཕྱི་གཉིས་ཀྱི་དོན་ཆེན་ཡིན་པས་སྒྲུབ་དགོས། འབད་དགོས། ནུས་ཤུགས་ཡོད་ཚོད་འདིའི་ཐོག་ཏུ་བཏང་དགོས། xxxxx བོད་གངས་ཅན་པའི་འཇིག་རྟེན་འཁོར་བ་འདི་ག་པ་ཐོར་ན་འཐོར། སངས་ཆོས་འདི་མ་ཉམས་རྒྱུན་འཛིན་ཐུབ་ན་འགྲིག་གི་བསམས་བསྡད་པ་དང་སྒྲུབ་བསྡད་པ་མིན་ནམ།།།།
ཁྱོད་ཚོ། ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ལ་མགོ་བོ་མཐོ་པོར་བཀྱགས་ནས་རྒྱུག་ཆོག་པའི་ལྟ་བ་དང་ཕུག་བསམ་ཞིག་མེད་པ་སྔ་མོ་ནས་ཤེས་ཡོད། ཡིན་ན་ཡང་། དེ་རང་མི་བཤད་བཀའ་མེད་ལ་ཆགས་སོང་།
གསར་གཏོད་པ་བྱེད་འདོད་ན། མི་ལ་སྐྱོན་བརྗོད་དང་གོང་ལ་གུས་བཀུར་མི་བྱེད་པའི་ལས་ལ་གསར་གཏོད་པ་ནམ་ཡང་མི་ཟེར།
གསར་གཏོད་པ་བྱེད་འདོད་ན། རང་ལ་ཡོད་པའི་མེས་བོའི་ཤུལ་བཞག་གླང་དར་ལྟར་མེ་སྲེག་ལ་བཏང་ན་གསར་གཏོད་པ་མི་ཟེར།
གསར་གཏོད་པ་བྱེད་འདོད་ན། ཕྱི་རྒྱུ་ནང་ལ་རྐུ་བསྒྱུར་བྱས་བ་ལ་ཡང་གསར་གཏོད་པ་ནམ་ཡང་མི་ཟེར།
གསར་གཏོད་པ་བྱེད་འདོད་ན། མི་རིགས་ཀྱི་ཁ་ཐོད་དུ་ལངས་ནས་སྐྱོན་མཚང་འཛུགས་པ་ལ་གསར་གཏོད་པ་མི་ཟེར།
གསར་གཏོད་པ་བྱེད་འདོད་ན། ཁ་བརྡ་ཚང་ནས་ཉིན་ལྟར་ཁ་བླས་ནས་བསྡད་པ་ལ་ཡང་གསར་གཏོད་པ་མི་ཟེར།
གསར་གཏོད་པ། གསར་བརྗེས་བ། དེང་རབས་པ། རྟག་སད་པ་སོགས་མིང་ཚིག་སྙིང་རྗེ་ལོ་རེ་ལ་ཡིད་ཆགས་ནས་བསྡད་པ་ཙམ་ལས། ཁྱེད་ཚོ་འདྲ་མོ་དྲང་མོར་བཤད་ན། མ་མཐའ་ཡང་iphone ཨཡེཧྥོན་གྱི་མ་ལག་ཆ་ཚང་ལ་བྱང་ཆ་རྒྱུས་ང་མེད་མཁན་ཅན་གྱི་ཀླད་པ་ཡིན་པ་ཨ།
ད་འགྲིག་སོང་། དེ་ལས། བོད་རིགས་གཅིག་པ་ཡིན་པའི་དུང་ཞེན་ལ་གླུ་ཞིག་ལོང་དང་དེ་དྲག་ལེ་རེད།
ཁྲི་རེ་རེ་སྟེང་ན་དཔོན་རེ་ཡོད།
དཔོན་རེ་རེ་ཞེ་ན་བློ་རེ་ཡོད།
བོད་ཁ་བ་ཅན་ལ་འདང་ཞིག་ཡོད།
འདི་ཡན་གྱི་དྲིན་ཆེན་དགོས་ལེ་མེད།
དཔྱད་རྩོམ་ཡག་པོ་བྲིས་གནང་འདུག་པས་བསྔགས་བརྗོད་ཞུ
༡་་་་འདས་པའི་སྐྱོན་དང་ནོར་འཁྲུལ་གླེང་མ་ཆོག་པ་དང་ངོས་མ་ཟིན་བར་མ་འོངས་མདུན་ལམ་ལ་ཕན་ཐོགས་ཡོད་པའི་ཤེས་བྱ་གསར་པ་གསར་གཏོད་བྱ་མི་ཐུབ། ངེས་པ་ཏུ་སྐྱོན་བརྗོད་དེ་དག་དོན་ལ་གནས་མིན་བལྟ་དགོས། དོན་ལ་གནས་པའི་སྐྱོན་བརྗོད་ཡིན་ན་ངོས་ལེན་བྱ་དགོས།
༢་་་་མེས་པོའི་ཤུལ་བཞག་གི་མི་ཆོས་རིག་གནས་དང་ཕ་མེས་ཡང་མེས་ནས་རྒྱུད་པའི་བོན་ཆོས་རིག་གནས་རྩ་གཏོར་བཏང་ནས་རྒྱ་གར་བའི་ཤཀྱའི་རིག་གནས་ནང་འདྲེན་བྱས་མཁན་གྱི་རྙིང་གཏོར་གསར་བརྗེ་བ་ནི་རྒྱལ་མཆོག་དམ་པ་འུ་དུམ་བཙན་པོ་ག་ལ་ཡིན། བོད་བཙན་པོའི་རྒྱལ་ཁབ་ཀྱི་དམག་དོན་བསྟན་བཅོས་དང་བཟོ་ལས་རིག་གནས། ཐ་ན་བོད་བཙན་པོའི་བང་སོ་ཡན་ཆད་རྩ་མེད་བཟོ་མཁན་དང་བོད་རྒྱལ་ཁབ་སིལ་བུ་བཏང་མཁན་ལྷ་སྲས་དར་མ་ག་ལ་ཡིན།། བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཡིག་ཆ་རྣམས་་ཏུང་ཧོང་བྲག་ཕུག་ནང་དུ་སྦས་དགོས་པ་ཞིག་བཟོ་མཁན་ནི་ཤཀྱའི་རྗེས་འབྲངས་པ་ཚོ་ཡིན་པ་ལས་ལྷ་སྲས་འུ་དུམ་བཙན་པོ་ག་ལ་ཡིན།
༣་་་ཕྱིའི་རྒྱལ་ཁབ་ཁག་གི་མི་ཆོས་རིག་གནས་སྣེ་གཅིག་ནང་འདྲེན་བྱས་ཐུབ་མེད་པ་དང་། ཞིང་ལས་དང་འབྲོག་ལས། བཟོ་ལས་དང་ཚོང་ལས། འཕྲུལ་ལས་དང་གློག་ལས། ཐ་ན་མོ་ཊ་གཏོང་སྟངས་ཀྱི་རིག་གནས་ཙམ་ཡང་མི་ལོ་ལྔ་བཅུ་རིང་དུ་བཙན་བྱོལ་བའི་དབང་ཆ་ཟིན་ནས་བསྡད་པའི་རིང་ནང་འདྲེན་བྱས་མེད་པ་ནི་བོད་མི་རིགས་དང་རྒྱལ་ཁབ་སྐྱོང་འདོད་ཀྱི་བསམ་བློ་མེད་པ་མིན་ན་ག་རེ་རེད་དམ།
༤་་་ནུབ་ཕྱོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་ཨེ་ཕོར་་དྲུག་པ་གསར་གཏོད་བྱེད་པའི་དུས་སྐབས་སུ་བོད་མི་རིགས་ཀྱིས་སྤྱི་སྟངས་ཀྱི་ཁ་དཔར་ཙམ་ཡང་བཟོ་ཤེས་པའི་རིག་གནས་མེད་པ་དང་། བཟོ་སྟངས་བོད་ཡིག་ནང་དུ་མེད་པ་འདི་ནི་ལྷ་ཆོས་སྒེར་གཅོད་རིང་ལུགས་པའི་དབང་སྒྱུར་གྱི་འོག་ཏུ་ལྷུངས་སོང་བ་མིན་ན་ཅི་རེད་དམ།
ཁྲི་རེ་རེའི་ཐོག་ཏུ་དཔོན་རེ་བཞུགས།
དཔོན་རེ་རེའི་ཁོག་ན་ཆོས་རེ་ཡོད།
མགོ་ཆོས་ཀྱིས་བཟི་བའི་རང་རློམ་འདིས།
བོད་ཆེན་པོ་ཕུང་ལ་སྦྱར་ནས་ཡོད།
གནས་ལུགས་མེད་པའི་སྐད་ཆ་ཁུང་མེད་ལ།།
ཡིན་ལུགས་བརྗོད་པའི་ཨུ་ཚུགས་གཡོ་སྒྱུ་ཅན།།
མི་རྒན་བློ་རྒྱ་ཆེ་བའི་བཀའ་དྲིན་ལ།།
གོང་བཀུར་མེད་པའི་བྱ་སྤྱོད་ངན་པ་ཅན།
བཙན་བྱོལ་བ་ནི་བོད་མི་གཅིག་པོ་མིན།
མང་མང་གྲངས་ཀྱི་མིག་དཔེར་ལྟ་ས་དེ།
༧རྒྱལ་བ་བཀའ་དྲིན་གྱི་འཚེ་བ་མེད།
ཡ་རབ་བཟང་སྤྱོད་རྡོག་རྩ་ཉིད་ལས་མེད།
ཆོས་སྒར་སློབ་གྲྭ་མང་བའི་བཀའ་དྲིན་ལ།།
བོད་པའི་ངོ་བོ་བརྟན་ཅང་བརླིང་བ་ཡོད།
༧རྒྱལ་བ་མཆོག་གི་སྐུ་ངོ་སྐུ་དྲིན་ལ།།
བཙན་བྱོལ་བོད་གཞུང་མིང་ལ་གྲགས་པ་ཡོད།
རྒན་པ་རྣམ་པའི་སྐུ་དབང་ཤོར་ཉིན་ནས།།
ལྟས་ངན་ཙི་གུའི་རྔ་མ་འབྱུར་མགོ་བརྩམས།།
ངོ་ལོག་བཀའ་ལོག་གསར་གཏོད་ཉིད་དུ་གོ།
བཙན་བྱོལ་གཞུང་དེ་ཚོགས་པ་ཞིག་ལ་འགྱུར།།
ཕྱི་ལ་སོང་ནས་མྱི་དཔོན་མི་ཐུབ་པར།།
ནང་ལ་འཁོར་ནས་ཁ་ཕོ་དཀྲུག་འཁོར་སྐོར།།
མིང་ལ་རྟག་སད་བཏགས་ནས་ལྟས་ངན་བཤད།
རྒྱལ་སྲིད་གང་ལ་མི་ཕན་ཕྱོགས་རིས་བསྒྲགས།།
གཞན་ས་ལག་མཐུལ་ཙམ་ཡང་མི་དབང་བར།
དགྲ་ས་གཏོར་བའི་དམགས་ས་གང་དུ་ཆགས།
ཕྱི་ཆས་དངོས་བོའི་མ་རྩ་མི་འབྱོར་བར།།
ཤེས་བྱ་ཀླད་པར་བླུག་པས་ཅི་ཞིག་བྱེད།
གསར་འབྱོར་ལག་སྟོང་མཆན་སྟོང་བོད་ནས་འབྱོར།།
ཀ་ཁ་ཙམ་ལས་མེད་རུང་སྣང་བ་ཡོད།
འཇོན་པ་ཡོད་ན་ཁ་མིན་དོན་ཤོག་དང་།།
ཕན་པའི་ལས་ཤིག་ཡིན་མིན་བལྟས་ཆོག་གི།
ད་ཁྱེད་རང་ཚོ་བརྒྱ་བཤད་སྟོང་བཤད་ན་བོད་ཀྱི་གནས་སྟངས་མཐོང་འདུག་རྒྱུ་འདི་རེེད། བོད་ཆོས་དད་རིང་ལུགས་པ་དེ་ལ་བསྟོད་པ་ནམ་མཁར་མི་ཤོང་བ་ཞིག་བྱས་ཀྱང་མཐོང་འདུ་རྒྱུ་འདི་རེད། བོད་ཀྱི་རྒྱལ་པོ་དེ་ཚོའི་འཇོང་རབ་ཡོད་རབ་བརྒྱ་སྟོང་ཁྲི་འབུམ་ག་ཚོད་བཤད་ན་ཡང་མཐོང་འདུག་རྒྱུ་འདི་རེད། བོད་ལ་ཤེས་ཡོན་དང་རིག་གནས་ཡར་ཐོན་ཡོད་རབ་ག་ཚོད་བཤད་ཀྱང་མཐོང་འདུ་རྒྱུ་འདི་རེད། བོད་ལ་ཞེན་ཁོག་ངོ་མ་ཞིག་ཡོད་ན་རྨོང་ལམ་ལ་མི་འགྲོ་བར་དངོས་ཡོད་གནས་ཚུལ་ཁས་ལེན་བྱས་པའི་ཐོག་ནས་། ནོར་བ་ལ་སྐྱོན་བརྗོད་དང་བྱས་རྗེས་ལ་བྱ་དགའ་སྤྲོད་དགོས། དེ་མ་བྱས་བར་རྒྱལ་པོ་དང་བློང་པོ་སྐུ་དྲག་དག་གི་ནོར་འཁྲུལ་ག་ཚོད་བཟོས་ཅང་སྦས་གསང་ཁོ་ན་བྱེད་ཅིང། དེ་ལས་ལྡོག་དེ་བསྟོད་པ་ཤར་དག་འཐེན་ནས་ལེག་ཉེས་མཐོང་མཁན་ལ་སྐྱོན་བརྗོད་ཁོ་ན་བྱས་བསྡད་ན་འབྲི་ཨ་ཡུའི་མགོ་ལ་རྭ་གཅིག་དུས་ནམ་ཡང་སྐྱེ་ཡ་ཡོད་ཀྱི་མ་རེད། ཆོས་ལུགས་ཀྱི་དོན་དུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་ནས་བཟུང་ད་རབ་ནང་ཁུལ་འཐབ་རྩོད་ཁོ་ན་བྱས་ནས་དུས་ཚོད་ཡོངས་སུ་རྫོག་ཟིན་པ་དངོས་ཡོད་རེད་བ། དེ་ལས་ལྡོག་དེ་ཆོས་ལུགས་ཀྱི་འོག་ཏུ་མགོ་བོ་ཡོངས་སུ་རྨོང་ནས་དེང་རབ་ཀྱི་ལག་རྩལ་སྣེ་གཅིག་ནང་འདྲེན་བྱས་མེད་པ་དང། རྒྱལ་ཁབ་རང་སྲུང་གི་སྣུས་པ་མེད་ཁར་རྒྱལ་ཁོང་ཡང་བེམ་རོ་བྱ་གཅན་གྱི་གཏོར་བ་ལྟར། ཤར་རྒྱ་ནག་་་བྱང་སོག་པོ་་་ནུབ་རྒྱ་གར་་ལྷོ་བལ་པོ་་སོགས་ཀྱི་དུམ་རེ་དུམ་ཁྱེར་ཏེ་མཐར་འབྲུ་ཆུ་ཡན་དང་མངའ་རིས་མན་ཆད་ཙམ་ལས་ལྷག་མེད། མཐར་གུང་ཁྲན་ཏང་ཡོང་དུས་བོད་ལ་ཆུ་བསྐོར་ཙམ་འཐག་ལས་གཞན་དེང་དུས་ཡར་ཐོན་གྱི་འཕྲུལ་རིགས་ནང་འདྲེན་སྣེ་གཅིག་མེད་ཁར། རྒྱལ་སྲུང་གི་ནུས་པ་སྣུམ་ཟད་མར་མེ་ལྟར་གྱུར་ནས་། དགྲ་ལ་དམག་དགོས་དུས་དམག་མེད་པ། མེ་མདའ་ཡོད་ན་འཕེན་མི་ཤེས་པ། ཁྲིམས་དང་སྒྲིག་གཞི་མེད་པའི་དུད་འགྲོ་བཞིན་རང་སྣང་གང་ཤར་བྱེད་པ། བོད་སྨད་ཕྱོགས་ལ་ཁྲག་གི་འཁོར་ལོ་བསྐོར་ཡང་དབུས་སྲིད་གཞུང་གི་ཤོ་བག་དང་སྤྲོ་སྐྱིད་དུས་ཆེན་ལ་རོལ་ནས་བོད་ཀྱི་དུས་བབ་ཛ་དྲག་གནས་ཚུལ་སྙན་སེང་ཞུ་མཁན་དག་ཐུག་སྤྲོ་ལ་བར་ཆད་བྱེད་མཁན་གྱི་ལྟས་ངན་ཡིན་ཚུལ་བརྗོད་ནས་ཕྱིར་འཕུད་གཏོང་བའི་ལོ་རྒྱུས་འདུག། ད་རུང་བོད་ཀྱི་རྒྱལ་དཔོན་དག་གི་འཇོན་རབ་ཐུབ་རབ་དག་དག་བཤད་མཁན་འདི་ཚོ་ངོ་ཚ་དང་གནས་ལུགས་ལ་བསམ་ཤེས་ཏིལ་འབྲུ་ཙམ་ཡང་མེད་པ་ཤེས་ཐུབ། ཧཧཧ
རྩོམ་པ་པོའི་དཔྱད་བརྗོད་དང་འབྲེལ་བའི་གླེང་བརྗོད་སྤེལ་རོགས། དེ་མིན་འབྲེལ་མེད་དོན་གཞན་ས་བཤད་གནམ་བཤད་མ་བྱེད་རོགས།
སྤོབས་པ་མཐའ་ཡས་ཀྱི་འབོད་སྐུལ་ལྟར་རེད། བརྗོད་གཞི་དང་འབྲེལ་ཡོད་ཐོག་ནས་དགོངས་ཚུལ་སྤེལ་ན་ལེགས་པར་མཐོང་།
གནམ་ལགས། ༼བཙན་བྱོལ་སྒྲིག་འཛུགས་ཀྱི་སྒོ་མོ་ཇི་སྲིད་མ་བརྒྱབ་པ་དེ་སྲིད་དུ་རྒྱ་ནག་གིས་རྒྱ་གར་ལ་གནོད་ཤུགས་སྤྲོད་དགོས་ཤིང་། སྤྲོད་སྟངས་ལེགས་ཤོས་ནི་ས་མཚམས་སུ་རྩོད་རྙོག་བཟོ་རྒྱུ་དང་། ཀ་ཤི་སྨིར་གྱི་གནད་དོན་ལ་ཐེ་གཏོགས་བྱེད་རྒྱུ་དེ་རེད།༽ སྐབས་འདིར་བོད་པ་ཚོས་རང་འགུལ་གྱིས་བཙན་བྱོལ་སྒོ་རྒྱག་དགོས་རེད་ཞུས་པ་ཡིན་ནམ། ག་རེ་བཤད་བཞིན་པའི་ཁུལ་ཡིན།༽
ནང་དོན་ནི་བཙན་བྱོལ་བོད་གཞུང་སྒོ་རྒྱག་རྒྱུ་ནི་རྒྱ་ནག་གི་རྩ་བའི་དམིགས་ཡུལ་དང་རྒྱ་ནག་གཙོག་གི་སྲིད་ཅེས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། དེ་བཞིན་རྒྱ་གར་གྱིས་ཀྱང་རྒྱ་གར་གཅིག་གིས་སྲིད་ཇུས་བཟུང་ནས་རྒྱ་ནག་གིས་རྒྱ་གར་གྱི་མི་སེར་ལ་ཀུན་རྒྱ་ནག་྄ལ་འགྲོ་སྐབས་གཅིག་མཚུངས་ཀྱི་Visaསྤྲོད་རྒྱུ་དང་། ས་མཚམས་ཀྱང་དེ་སྔོན་རྒྱ་གར་དབྱིན་གཞུང་གི་ས་རྟགས་བཞིན་རྒྱ་ནག་གིས་ངོས་འཛིན་ཡོང་བའི་རེ་བ་བྱེད་ཀྱིན་ཡོད་ཀྱང་། ཉེར་ཆར་མོ་ཞིས་ཀྱི་མཇལ་འཕྲད་སྐབས་གྲོས་མོལ་ལེགས་པོ་ཞིག་ཡོང་མེད་ཚུལ་སྐོར་རེད། ཕན་ཚུན་གྱི་དམིགས་ཡུལ་དེ་མ་འགྲུབ་བར་དུ་ཁོ་གཉིིས་ཡག་པོ་ཞིག་མཐུན་མི་ཐུབ་ཅིང་། མ་མཐུན་པ་ཡིན་ན་ཁོ་གཉིས་ཀྱིས་ཕན་ཚུན་ལ་ཐབས་ལམ་སྣ་ཚོགས་དང་གནོད་ཤུགས་སྣ་ཚོགས་སྤྲད་རེས་ཀྱིས་ལྷག་ངེས་ཤིང་། ལྷག་དགོས་བ་བའང་ཕན་ཚུན་ལ་ཡིད་ཆེས་མེད་པས་རེད། ཇི་སྲིད་དུ་རྒྱ་གར་ནག་གཉིས་ཡག་པོ་ཞིག་མ་འགྲིག་པ་ཡིན་ན་དེ་སྲིད་དུ་རྒྱ་གར་གཞུང་གིས་རྒྱ་ནག་གི་འདོད་བློ་བཞིན་བཙན་བྱོལ་བོད་གཞུང་སྒོ་རྒྱག་མི་སྲིད་པ་འདོད།
ཇི་སྲིད་དུ་རྒྱ་གར་གཞུང་གིས་བཙལ་བྱོལ་བོད་གཞུང་སྒོ་མ་རྒྱག་པ་ཡིན་ན་དེ་སྲིད་དུ་རྒྱ་ནག་གིས་ཀྱང་རྒྱ་གར་གྱིས་སྟོན་པའི་དགོས་མཁོ་ཀུན་སྐོང་མི་སྲིད་ལ་། མི་སྐོང་རྒྱུའི་ཐབས་ལམ་ཡང་སྔ་ལྟར་རྒྱ་གར་གྱི་ཡུལ་མི་ཀུན་ལ་མཐོང་ཆེན་གཅིག་མཚུངས་མི་སྤྲོད་རྒྱུ་དང་ས་མཚམས་ཁག་ལ་དཀའ་རྙོག་སོགས་མུ་མཐུད་དུ་བཟོ་རྒྱ་སོགས་ཡིན་པས་དེ་ལྟར་གནང་ངེས་རེད། དེ་བརྟེན། རང་གི་རེ་བ་འགྲུབ་ཆེད་དུ་རྒྱ་གར་གྱིས་རྒྱ་ནག་གི་དགོས་འདོད་ཀུན་སྐོང་དགོས་ཀྱང་། སྐོང་བ་ཡིན་ན་རྒྱ་ནག་གིས་ཁས་ལེན་ལྟར་མ་གནས་བ་མུ་མཐུད་དུ་རྒྱ་སྐྱེད་དང་རྒྱ་གར་གྱི་ནང་དུ་ཐེ་གཏོགས་བྱས་བ་ཡིན་ན། དེ་དུས་རྒྱ་གར་གྱིས་རྒྱ་ནག་ལ་གནོད་ཤུགས་སྤྲད་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་སྟེ། བཙན་བྱོལ་བོད་གཞུང་བརླགས་ཟིན་པས། རྒྱ་གར་གྱིས་དེ་ལྟར་ནམ་ཡང་མི་བྱེད་པ་འདོད། བྱེད་པ་ཡིན་ན་རྒྱ་ནག་ལ་ཡིད་ཆེས་བྱེད་དགོས་ཀྱང་། འདས་བའི་ཉམས་མྱོང་ལས་རྒྱ་གར་རྒྱ་ནག་ལ་ཡིད་ཆེས་རྒྱུ་ཧ་ཅང་གི་ཁག་པ་མ་ཟད། ས་མཚམས་དཀའ་རྙོགས་ཀྱི་རྐྱེན་པས་ད་ལྟ་རྒྱ་གར་བ་མང་པོས་ཀྱང་བོད་ས་བརླགས་པ་དེ་རྒྱ་གར་ལ་ཧ་ཅང་གི་གྱོང་གུད་ཅིག་ཡིན་པ་འདོད་ཀྱིན་ཡོད།
མེ་མདའ་གཡུགས་ཞོག བྱིའུ་མདའ་ཙམ་ཡང་བཟོ་ནུས་མི་ཡོང་སྙམ་པའི་དོགས་པ་ཡོད། རྒྱལ་ཀླུ་ཞྭ་བས་འབྲེལ་ལམ་གྱིས་མེ་མདའ་ཐབས་བཀོད་བཏང་ནས་ཡོང་བ་རེད། ཆོལ་གསུམ་བོད་མི་རིགས་ལག་སྟོང་དུ་བསྡད་པ་རེད་མ་གཏོགས། འཕུལ་འདེད་ཡིན་ཡང་གཡུགས་མི་ནུས་པ་མ་རེད། ཐབས་བཀོད་ཆི་གང་མེད་པར་མེད་སྐད་མུག་ཁ་བཙུམ་མ་གཏོགས་ཅོ་མཇེས་འའཇམ་མཇེས་འཛུགས་ཡོང་། ལས་ཀ་ཙམ་ཡང་འགྲོ་མི་ནུས་པའི་བྱ་ངན་ལང་ཤོར་འདི་ཚོ།
དེ་ཐེངས་ཀྱང་།
ཛམ་གླིང་ཡུལ་ཚང་མའི་ཕལ་སྐད་གྱུར་ནས་འགྲོ། ཕལ་སྐད་དང་ཡིག་སྐད་གཉིས་ལ་ཁྱད་ཡོད་པར་བརྩི། བོད་ཀྱི་དཔེ་ཆ་ཀུན་དང་། བོད་ཀྱི་ས་གནས་འགའ་ཞིག་ཏུ་ད་ལྟ་ཡང་། དེ་ཐེངས་ཀྱི་ཚབ་ཏུ་ད་ལན་ཡང་ཞེས་ཟེར། ལན་གཅིག། ད་ལན་སོགས་མང་དུ་བྲིས་ཡོད། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ༡༧༡༣ནས་༡༧༩༣དགུང་ལོ་གྱ་གཅིག་བཞུགས་པའི་རྣམ་ཐར་ན། ལན་གཅིག་ཅེས་བྲིས།
དིང་སང་ཐེངས་མ་གཏོགས་ལན་ཞེས་འབྲི་མཁན་མེད་པ་ལྟ་བུ་འདུག་པས། གལ་ཏེ་གཅིག་གིས་ད་ལན་ཞེས་འབྲི་ན། དིང་སང་གི་ཀློག་པ་པོ་འགའ་ཞིག་མགོ་འཐོམས་དགོས་པ་མི་འདུག་གམ།
ལན་གྱི་ཚབ་ཏུ། ཐེངས། ཞེས་པ་དུས་ནམ་ནས་བཟུང་འབྲི་རྒྱུ་ཚུགས་པ་དེ་ཤེས་དགོས་པ་ཞིག་ལགས། དེ་ཡང་།
འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་།
ཞེས་པ་ལྟ་བུ་སོགས་ན་ཡོད་པའི་ཐང་ཞེས་པ་ཐེངས་ལ་གྱུར་པར་ངེས། དེས་ན་འབྲི་བ་པོ་དག་གིས་བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་དག་ལ་བལྟས་ཏེ། བོད་ཀྱི་རིག་གཞུང་སྲུང་དགོས་པར་མཐོང་།
འདི་ལ་ལན་གསལ་རྒྱབ་མཁན་ཞིག་འབྱུང་ན། ཁ་སྐད་འགྱུར་སྟངས་ཤེས་པ་དང་བོད་ཀྱི་ཡིག་སྐད་བརླག་སྟོར་དུ་མི་འགྲོ་བ་ལ་ཕན་ནོ།
དེ་རིང་ཁ་བརྡར་ཞུགས་པ་དང་རྩོམ་ཡིག་འདི་བཀླགས་པས། དངོས་གནས་གནད་དོན་མང་པོ་ཞིག་གསར་པ་དང་། བསམ་བློ་གཏོང་རྒྱུ་འདུག་པས་བཀྲིས་བདེ་ལེགས། ཐུགས་རྗེ་ཆེ་ཞུ་བ་ཡིན།