ལ་རྒྱའི་བདག་པོས།
དང་པོ། ཐ་སྙད་དེ་དག་གིའབྱུང་ཁུངས།
སྐུ་དྲག་དང་། བཀས་བཀོད་རྒྱུད་འཛིན། མངའ་བདག་ཆེན་པོ་གསུམ་གཏོར་ཕམ་གཏོང་དགོས་ཟེར་བའི་འབོད་ཚིག་ནི་བོད་ནང་རིག་གནས་གསར་བརྗེའི་སྐབས་རྣ་བར་མི་སྙན་པའི་བརྗོད་ཚིག་ཅིག་ཡིན། རྒྱ་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཚིག་དེ་དག་དོ་གལ་ཆེན་པོས་གླེང་ནས་དྲིལ་བསྒྲགས་ཀྱི་ལག་ཆ་མེད་དུ་མི་རུང་བ་ཞིག་ལ་རྩིས་བཞིན་ཡོད། འདས་པའི་ལོ་ངོ་དྲུག་ཅུའི་ནང་རྒྱ་གཞུང་གི་སྲིད་བྱུས་ལ་འགྱུར་བ་སྣ་ཚོགས་ཤིག་བྱུང་ཡོད་ཀྱང་གོང་གསལ་གྱི་ཚིག་དེ་དག་བེད་སྤྱོད་གཏོང་རྒྱུར་འགྱུར་བ་གང་ཡང་བཏང་མེད།
རྒྱ་གཞུང་གིས་བོད་ལ་བཙན་འཛུལ་མ་བྱེད་སྔོན་ཙམ་ལ་ཚིག་དེ་དག་བེད་སྤྱད་ནས་བོད་མི་རིགས་ཆིག་སྒྲིལ་གྱི་ནུས་པ་གཏོར་བརླག་གཏང་རྒྱུར་བེད་སྤྱད་པ་དང་། དོན་དངོས་ཐོག་ནུས་པའང་ངེས་ཅན་ཞིག་ཐོན་ཡོད། རིག་གསར་སྐབས་ཚིག་དེ་དག་བེད་སྤྱད་ནས་མི་རབས་གསར་པ་ཡིན་ཟེར་མཁན་རྣམས་ཀྱིས་རང་གི་དགེ་རྒན་དང་། དྲིན་ཅན་གྱི་ཕ་མ། ཤེས་ཡོན་ཅན། བླ་མ། མཐོ་རིམ་མི་སྣ་བཅས་ལ་རྡུང་རྡེག་གཏོང་བྱེད་ཀྱི་ལག་ཆ་གཙོ་བོར་གྱུར་ཡོད། འོན་ཀྱང་དེང་ཁོ་པ་ཚོས་ཚིག་དེ་དག་བཙན་བྱོལ་བོད་མིའི་ཁྲོད་བེད་སྤྱོད་ཀྱི་༸གོང་ས་མཆོག་གི་མཛད་འཕྲིན་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོ། རང་དབང་། སྒྲིག་འཛུགས། མི་སྣ་གྲགས་ཅན་བཅས་ལ་ཉེས་མེད་ཉེས་བཙུགས་བྱས་ཏེ་ནག་པོ་བཟོ་རྒྱུ་དང་། མི་སེམས་དཀྲུགས་ནས་གཞུང་མང་བར་དང་། མི་མང་དང་མཐོ་རིམ་མི་སྣའི་བར། མི་མང་ནང་ཁུལ་བཅས་ཀྱི་ཡིད་ཆེས་དང་མཐུན་ལམ་མེད་པ་བཟོས་ནས་བཙན་བྱོལ་གྱི་མཐུན་སྒྲིལ་ཆེན་པོ་གཏོར་བརླག་གཏོང་རྒྱུ་ནི་ཁོ་པ་ཚོའི་དམིགས་ཡུལ་ཡིན།
གཉིས་པ། དམིགས་ས།
རྒྱ་གཞུང་གིས་བརྗོད་པའི་སྐུ་དྲག་དང་། བཀས་བཀོད་རྒྱུད་འཛིན། མངའ་བདག་ཆེན་པོ་གསུམ་གྱི་བདག་པོ་གཙོ་བོ་ནི་བོད་མིའི་བསམ་པའི་གཙོ་འཛིན་༸རྒྱལ་བ་ཡབ་སྲས་གཉིས་དང་། ཆོས་བརྒྱུད་ཁག་གི་བླ་ཆེན། མཐོ་རིམ་མི་སྣ། ཤེས་ཡོན་ཅན་བཅས་ལ་བརྗོད་ཀྱི་ཡོད། ཚིག་དེ་དག་ནི་རྒྱ་གཞུང་སྔ་ཕྱི་བར་གསུམ་དུ་བོད་དོན་དང་འབྲེལ་ནས་གླེང་མཚམས་བཞག་མྱོང་མེད། འོ་ན་རྒྱ་གཞུང་གི་དེ་ལྟར་གླེང་དགོས་དོན་གང་ཡིན་ནམ་ཞེ་ན། དེ་ནི་དུམ་བུར་བཏང་ནས་དབང་བསྒྱུར་བྱེད་ཅེས་པ་ལྟར། དེའི་རྒྱབ་ལྗོངས་སུ་ཁོ་པ་ཚོས་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་། བྱས་པ་ཅན་གྱི་མཐོ་རིམ་མི་སྣ་བཅས་ནག་པོ་བཟོས་ཏེ་ཁོང་རྣམ་ལ་གཞིས་བྱེས་མི་མང་གིས་ཡིད་ཆེས་ཉམས་བརླག་ཏུ་ཤོར་དུ་བཅུག་མཐར་བཙན་བྱོལ་གྱི་སྒྲིག་འཛུགས་གཏོར་བརླག་གཏོང་རྒྱུར་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལག་ཆར་དམིགས་ཡོད།
གསུམ་པ། སྐབས་འཚོལ་བས་བེད་སྤྱོད།
སྟབས་མ་ལེགས་པ་ཞིག་ལ་རྒྱ་གཞུང་འཐབ་ཕྱོགས་གཅིག་འགྱུར་ཟེར་བས་བཟོས་པའི་དྲིལ་བསྒྲགས་ཀྱི་མཚོན་ཆ་དེ་དག་ད་ཆ་རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་བེད་སྤྱོད་གཏོང་ཐུབ་ཀྱི་འདུག དེའི་རྒྱུ་མཚན་ནི། བཙན་བྱོོལ་བོད་མིའི་ཁྲོད་སྐབས་འཚོལ་བ་ཉུང་ཤས་ཀྱིས་སྒེར་གྱི་ཁེ་ཕན་དང་། ཐོབ་གོ་སར་ཐུག་དུས་མི་རབས་གསར་རྙིང་དང་། སྐུ་དྲག དང་ཕལ་པའི་ཁྱིམ་བརྒྱུད་སོགས་ཀྱི་འབོད་སྒྲ་བསླངས་བའི་ཁྲོད་ནས་རང་ཉིད་ལ་མི་མང་གིས་རྒྱབ་སྐྱོར་ཐོབ་ཐབས་ཀྱི་རྩོད་ལེན་བྱེད་ཀྱི་ཡོད། ཕྱོགས་མཚུངས་སྲིད་དོན་པ་དེ་ཚོའི་རྗེས་སུ་གཞོན་སྐྱེས་ཉུང་ཤས་ཀྱིས་རི་བོང་ཅལ་འདྲོགས་ཀྱི་ཚུལ་དུ་ཧོལ་རྒྱུགས་བྱས་ནས། ཧ་ལམ་བཙན་བྱོལ་གཞུང་གི་སྲིད་བྱུས་དང་། བྱ་སྤྱོད། གཏམ་གླེང་བཅས་རྒྱ་གཞུང་གི་བརྗོད་བབ་དང་། རྣམ་འགྱུར་ལ་བསྟུན་ནས་འགྱུར་བ་དགོས་པའི་ལྟ་ཚུལ་གླེང་གི་ཡོད།
ལྷག་པར་རྒྱ་གཞུང་གི་དྲིལ་བསྒྲགས་ཀྱིས་ཤུགས་རྐྱེན་ཐེབས་པའི་གཞོན་སྐྱེས་དེ་དག་གིས་གོང་གསལ་བརྗོད་ཚིག་དེ་དག་ལ་ཚོར་སྣང་ལེན་ཆ་ཤུགས་ཆེན་གྱིས་ང་ཚོའི་དོན་ཆེན་སྣ་དང་འབྲེལ་ནས་གླེང་བ་མ་ཟད། མཚམས་རེ་རྒྱ་བོད་ཀྱི་རྒྱུད་ལམ་མི་འདྲ་བ་མ་གཏོགས་བརྗོད་ཚིག་དེ་དག་བེད་སྤྱད་དེ་༸གོང་ས་མ་ཆོག་དང་། བོད་གཞུང་། བྱས་པ་ཅན་གྱི་མི་སྣ་མང་པོར་ཚུར་རྒོལ་གྱི་རྣམ་པ་ཐོན་གྱི་ཡོད། དེ་ནི་བུ་ྐླད་མེད་ཀྱིས་ཕའི་མགོ་བཅོམ་པ་ལྟར། དགྲ་བོའི་ལག་ཆ་གཡར་ནས་རང་གི་དྲིན་ཅན་ཉམ་ཉེས་སུ་གཏོང་གི་ཡོད། རྒྱ་གཞུང་འཐབ་ཕྱོགས་གཅིག་འགྱུར་གྱི་བཏབ་པའི་དུག་ཤིང་གི་སྡོང་པོ་དེའི་ཡལ་ག་དང་ལོ་འབྲས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྨིན་པ་ནི་ཡ་མཚན་རེད། མང་གཙོའི་སྤྱི་ཚོགས་ནང་དམར་པོའི་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་སླེབས་པ་ནི་དེ་བས་ཡ་མཚན་ཞིག་ཅིིས་མ་ཡིན།
བཞི་པ། སྐུ་དྲག་ལ་སྡང་དགོས་སམ།
འོ་ན་ང་ཚོས་སྐུ་དྲག་དང་བཀས་བཀོད་རྒྱུད་འཛིན་ལ་དམའ་འབེབས་དང་སྡང་ཟུག་དེ་ལྟར་དགོས་དོན་གང་ཡིན་ཞེས་དྲིས་ན། ྐླད་སྟོང་དེ་ཚོས་ཁ་གཅིག་བསྒྲགས་ངང་བོད་རང་བཙན་བསྐྱལ་བ་རེད་ཅེས་སྟབས་བདེའི་བསྡོམས་ཚིག་ཅིག་བརྒྱབ་སྲིད། སྐ྄ུྭ་དྲག་ཁ་ཤས་ཀྱི་བག་མེད་སྤྱོད་ཚུལ་ལས་བོད་རང་བཙན་ཤོར་བར་འདོད་པ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་དང་། སྤྱི་ཚོགས་ཀྱི་འཕེལ་འགྱུར་མ་རྟོགས་པའི་སྐྱོན་འབའ་ཞིག་ལས་ཡང་དག་པའི་ཕྱོགས་བསྡོམས་ཤིག་ག་ལ་ཡིན། བོད་རང་བཙན་ཤོར་བ་ནི་ཁྱིམ་ཚང་ཐོར་བ་དང་མི་འདྲ་ཞིང་། དེར་ལོ་ངོ་བརྒྱ་ཕྲག་དུ་མའི་བརྒྱུད་རིམ་ཞིག་ཡོད་པ་ནི་ལོ་རྒྱུས་སྨྲ་བ་ཐུན་མོང་གི་གཟིགས་ཚུལ་གཅིག་འགྱུར་ཡིན་པས་དེ་ལ་དོགས་པ་དང་ཐེ་ཚོམ་མེད། དེའི་སྐོར་ཞིབ་ཕྲ་སྐབས་འདིར་གླེང་བྱ་མིན་པས་སྐབས་གཞན་དུ་གླེང་ཟིན་པས་ཤེས་པར་བྱའོ།
ངས་འདིར་གླེང་གཞི་དང་མཐུན་པར་སྐུ་དྲག་གི་དགེ་མཚན་ཕྱོགས་ནས་གནད་དོན་གཅིག་དྲངས་ན། ང་དགུའི་དུས་འགྱུར་སྐབས་བོད་མི་རིགས་དང་། ཆོས་རིག། ཆབ་སྲིད་ཆག་འཇིགས་ལ་ཐུག་པའི་འགག་རྩའི་དུས་སྐབས་དེར་སྐུ་དྲག་རྣམ་དཔྱོད་ཅན་ཚོས་རེ་བ་དང་ཕུགས་བསམ་ཆེན་པོ་བཅངས་ཏེ། གནད་ལ་འཁེལ་བའི་འཆར་གཞི་དང་། སྒྲིག་འཛུགས་བཟོས་ནས་༸གོང་ས་མཆོག་དང་། བོད་གཞུང་རྒྱ་གར་ལ་གདན་དྲངས་ཐུབ་པ་དང་གཅིག བཙན་བྱོལ་བོད་གཞུང་སྒྲིག་འཛུགས་མ་ལག་དང་བཅས་གསར་བཙུགས་ཐུབ་པ་དང་གཉིས། གཞིས་ཆགས་ཁག་དང་། ཆོས་རིག་གི་བསྟི་གནས་འཛུགས་བསྐྲུན་ཐུབ་པ་དང་གསུམ། རྒྱལ་ཚོགས་སུ་བོད་དོན་ཁྲིམས་གཏུག་གིས་མཚོན་པའི་རྒྱལ་སྤྱིར་བོད་དོན་དྲིལ་བསྒྲགས་བྱས་པ་དང་བཞི་བཅས་བྱ་བ་རླབས་ཆེན་དེ་དག་ཐོག་མར་གོ་འཛུགས་ཐུབ་མེད་ན། ད་གཟོད་ཡང་དག་པའི་མང་གཙོ་གཞུང་དང་། ཚོགས་སྡེ། བོད་དོན་རྒྱལ་སྤྱི་ཅན་དུ་གྱུར་པའི་རྩ་དོན་འཐབ་རྩོད། རྒྱལ་སྤྱིར་ཆོས་ཚོགས་ཆེ་ཆུང་སྟོང་ཕྲག་རྒལ་བ་དང་། ཤེས་རིག་གི་བསྟི་གནས་དགོན་སྡེ་ ༢༦༠ ལྷག་དང་། སློབ་གྲྭ་ ༡༠༠ ལ་ཉེ་བ་བཙུགས་པ་བཅས་འབྱུང་མི་སྲིད་ལ། བོད་མི་རིགས་དང་། རིག་གཞུང་། རྩ་དོན་བཅས་ནི་འཛམ་གླིང་ལོ་རྒྱུས་ཀྱི་འགྲེམས་སྟོན་ཁང་ནང་ལྟ་ཅི། ལོ་རྒྱུས་ཀྱི་ཤོག་སྙིགས་ནང་དུའང་འཁོད་མ་ཐུབ་པའི་གནས་སྟངས་སྐྱོ་པོ་ཞིག་ཆགས་རྒྱུར་ངེས་ཤིང་། གོང་གསལ་རླབས་པོ་ཆེ་བྱ་བ་དེ་དག་ནི་ཁྱོད་ཚོས་སྡང་སའི་སྐུ་དྲག་དེ་དག་གི་བྱས་རྗེས་དང་ཐད་ཀར་འབྲེལ་བ་ཡོད།
ལྔ་པ། ཁྱིམ་རྒྱུད་ཆེན་པོར་སྡང་དགོས་སམ།
བཙན་བྱོལ་ནང་གི་ཁྱིམ་རྒྱུད་ཆེན་པོ་གསུམ་གྱི་དབང་ཆ་སྒེར་འཛིན་ཟེར་བའི་འཆལ་གཏམ་ཞིག་གླེང་སྲོལ་ཡོད་པའི་ཁྱིམ་རྒྱུད་དེ་དག་མདོར་བསྡུས་ཤིག་བརྗོད་ན། ཡབ་གཞིས་ཀྱི་མི་རབས་རྒན་པ་རྒྱ་ལོ་དོན་གྲུབ་ལགས་དང་། ལྟག་མཚེར་རིན་པོ་ཆེ། མཁན་ཆུང་བཅས་ཆབ་སྲིད་ཀྱི་བྱས་པ་ཆེ་བ། རྗེེ་བཙུན་པད་མ་ལགས་ཤེས་ཡོན་འཕེལ་རྒྱས་ཀྱི་བྱ་གཞག་ལ་མཛད་རྗེས་ཆེ་བ་མ་ཟད། ཕྱི་ལོ་ ༡༩༨༩ ལོར་གཞོན་སྐྱེས་ཤེས་འབྱོན་གཉིས་ལྡན་དུ་ངོས་འཛིན་དམིགས་བསལ་ཚོགས་ཆེན་ནས་བཀའ་བློན་དུ་བསྐོ་གཞག་བྱུང་། མི་རབས་གསར་པ་སྟག་ལྷ་བསྟན་རྣམ་དང་། འཇིགས་མེད་ནོར་བུ་སོགས་ཀྱང་དེ་བཞིན་ཡིན་པས་དེ་དག་གི་བྱས་རྗེས་ལ་སུས་ཀྱང་སྙོན་མི་ཐུབ།
བཀྲས་མཐོང་ལ་མཚོན་ན། བཀྲས་མཐོང་བསྟན་འཛིན་དགེ་བྱེད་དང་ཚེ་ཆོས་གཉིས་འཛིན་སྐྱོང་གི་བྱས་པ་ཆེ་བ། བཀྲས་མཐོང་རག་ར་རིན་པོ་ཆེ་ཤེས་ཡོན་ལ་བྱས་པ་ཆེ་བ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་རང་ལོ་ ༡༢ སྟེང་མ་སུ་རིར་དགེ་རྒན་བྱས་པ་དང་། རང་ལོ་ ༡༧ ལོར་རང་གཞུང་ལ་མཛད་དཀའ་ཆེ་བའི་དུས་སུ་དྲུང་ཡིག་ནས་བཟུང་ལས་ཚན་ཐེག་པ་རིམ་འཛེགས་ཀྱི་ལས་འཁུར་སྣེ་མང་ནང་ཞུགས་མཐར། ཕྱི་ལོ་ ༡༩༨༩ ལོར་བོད་གཞུང་མང་དམིགས་བསལ་ཚོགས་ཆེན་ནས་གཞོན་སྐྱེས་ཤེས་འབྱོན་གཉིས་ལྡན་དུ་ངོས་འཛིན་གྱིས་མང་མོས་འོས་འདེམས་ཀྱིས་བཀའ་བློན་ལ་བསྐོ་གཞག་བྱུང་བ་ལས། ས་འོག་དར་ཐག་འཐེན་ནས་སློབ་གྲྭ་ཐོན་ཙམ་ཉིད་ནས་ཐད་ཀར་བཀའ་བློན་ལ་བསྐྱོད་མེད། མི་རབས་གསར་པར་ཆ་མཚོན་ན་བཀྲས་མཐོང་ལྷ་སྒྲོན་དང་། བཀྲས་མཐོང་དབང་པོ་གཉིས་ཨ་རི་དང་ཡུ་རོབ་གཉིས་སུ་རང་གི་ཡོང་སྒོ་ཆེ་བའི་ཁེ་གཉེར་དོར་ནས་རང་ནུས་ཡོད་ཚད་བོད་དོན་ཆེད་འབད་སྤུངས་བྱེད་བཞིན་འདུག དཔེར་ན་ ༢༠༠༨ གཅིག་པུར་མཚོན་ན་ཁོ་གཉིས་ཀྱིས་རང་གི་ཉེན་ཁར་མ་འཛེམས་པར་རྒྱ་ནག་རི་བོ་རྩེ་ལྔ་དང་། གནམ་སྡེ་སྒོ་མོར་འཕྲེད་དར་འཕྱར་བ་དང་། རྒྱལ་དར་ལུས་ལ་དཀྲིད་ནས་ངོ་རྒོལ་བྱས་པ་ལྟ་བུ་བཙན་བྱོལ་ནང་གི་གཞོན་སྐྱེས་སུས་བྱེད་ཐུབ་ཀྱི་འདུག འོ་ན་དེ་དག་ནོར་བ་ཡིན་ནམ། ཁ་བདེ་པོ་བྱེད་པ་སླ་རུང་དོན་དངོས་ལག་ལེན་བསྐྱལ་རྒྱུ་ཤིན་ཏུ་དཀའ།
རྒྱ་རི་ཚང་ལ་ཆ་མཚོན་ན་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་གྲོས་ཚོགས་དང་། འཛིན་སྐྱོང་། དམིགས་བསལ་སྐུ་ཚབ་སོགས་ཀྱི་ལས་འཁུར་སྣེ་མང་ནང་ཚེ་གང་ཕྱག་ལས་གནང་དང་གནང་མུས་ཡིན། རྒྱ་རི་སྒྲོལ་མར་མཚོན་ན་མཐོ་སློབ་སྐབས་ནས་བོད་ཀྱི་རྩ་དོན་གྱི་ལས་འགུལ་ནང་ཞུགས་ཤིང་། དེ་རྗེས་མདོ་སྟོད་མི་མང་གིས་འོས་འདེམས་བྱས་པའི་གྲོས་ཚོགས་ཀྱི་འཐུས་མི་ལོ་མང་རིང་བྱས་པ་དེ་དག་ཡོངས་སུ་བོད་གཞུང་མང་ལ་ཞབས་འདེགས་ཡིན་པར་ངོས་འཛིན་བྱེད་ཆོག་པ་ཡིན། ལྷག་པར་བཙན་བྱོལ་སྤྱི་ཚོགས་ཉག་ཕྲ་བའི་དུས་སྐབས་སུ་༸གོང་ས་མཆོག་དང་བོད་གཞུང་ལ་མི་སྣ་དགོས་མཁོ་ཆེ་བའི་དུས་སུ་ཁྱོད་ཚོས་བརྗོད་པའི་ཁྱིམ་བརྒྱུད་ཆེན་པོ་དེ་ཚོས་བོད་གཞུང་མང་ལ་ནུས་པ་ལྡན་པའི་ཞབས་ཞུ་བསྒྲུབས་ཡོད་ལ། ད་ལྟའི་བཙན་བྱོལ་གཞུང་མང་གི་གྲུབ་འབྲས་ནི་ཁྱིམ་བརྒྱུད་གསུམ་གྱི་བྱས་རྗེས་དང་འབྲེལ་བ་ངེས་ཅན་ཞིག་ཡོད། མདོར་ན་ཁྱིམ་བརྒྱུད་དེ་དག་གི་མི་རབས་གསུམ་རིང་དབང་ཆ་ཆེ་ཆུང་གང་བཟུང་བ་ཚང་མ་ཁྲིམས་མཐུན་ལུགས་མཐུན་གྱི་བརྒྱུད་རིམ་ངེས་ཅན་ཞིག་འགྲིམས་ནས་སླེབས་པ་ཞིག་ལས། དྲིལ་བསྒྲགས་ལོག་པའི་བསླུ་བྲིད་དང་། ས་འོག་དར་ཐག་འཐེན་ནས་བྱས་རྗེས་སྣེ་གཅིག་མེད་པར་མཐོ་རིམ་གྱི་དབང་ཆར་ཐད་བསྐྱོད་བྱས་པ་གཅིག་ཀྱང་བྱུང་མེད། ང་ཚོས་ཤེས་པ་རྣལ་དུ་གནས་ནས་བསམ་བློ་ཞིབ་ཏུ་ཐོངས་དང་། མི་རབས་གསར་རྙིང་དང་། སྐུ་དྲག བཀས་བཀོས་བརྒྱུད་འཛིན་གྱི་དབང་ཆ་སྒེར་འཛིན་ཟེར་བའི་འབོད་སྒྲ་དང་། གཏམ་འཆལ་དེ་དག་ང་ཚོའི་སྤྱི་ཚོགས་ནང་ཐོག་མར་སུས་འཁྱེར་ཡོང་གི་འདུག་གམ། གཏམ་འཆལ་དེ་དག་གིས་༸གོང་ས་མཆོག་གི་མཛད་འཕྲིན་ལ་མཚན་དམས་བཟོ་བ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་ཡང་དག་པའི་མང་གཙོར་དམའ་འབེབས་བྱས་པ་ཞིག་རེད།
དྲུག་པ། ཞིབ་བསྡུར་གྱིས་དགེ་སྐྱོན་གླེང་དང་།
ང་ཚོས་བྱ་དངོས་གང་ཞིག་གི་དགེ་སྐྱོན་བརྟག་ཚེ་ངོ་བོ་དང་། གནས་སྟངས་གཅིག་མཚུངས་ཀྱི་ཞིབ་བསྡུར་བྱས་ནས་དགེ་སྐྱོན་གླེང་དགོས། དེ་ཡང་འཛམ་གླིང་རྒྱལ་ཁབ་ཚང་མར་སྐུ་དྲག་དང་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་བྱུང་མྱོང་ཡོད་ལ། བཀས་བཀོད་རྒྱུད་འཛིན་ནས་སྤྱི་ཚོགས་གསར་པ་འགྲིམས་པའི་ཉམས་མྱོང་ཡང་ཚང་མར་ཡོད། དེས་ན་རྒྱལ་ཁབ་དང་མི་རིགས་ཕན་ཚུན་གྱི་སྐུ་དྲག་དང་སྐུ་དྲག་གི་སྤྱི་ཚོགས་དང་། དེང་རབས་དང་དེང་རབས་ཀྱི་སྤྱི་ཚོགས་དབར་ཕན་ཚུར་བསྡུར་བ་བྱས་ནས་ད་གཟོད་བོད་ཀྱི་སྐུ་དྲག་གི་དགེ་སྐྱོན་ལ་ཆོད་བསྡོམས་ཤིག་རྙེད་ཐུབ། བོད་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་དང་དེང་སྐབས་ཀྱི་སྤྱི་ཚོགས་རིང་ལུགས་སམ་མང་གཙོའི་དབར་བསྡུར་བ་བྱས་ནས་བཀས་བཀོད་རྒྱུད་འཛིན་ལ་སྐྱོན་བརྗོད་བྱས་པ་ནི་གླེན་པའི་ནང་གི་གླེན་ལྐུགས་རང་རེད། དཔེར་ན་ལམ་གསར་པ་དང་རྙིང་པ་གཉིས་བསྡུར་ནས་རྙིང་པར་འཕྱ་དམོད་བྱས་པ་དང་མཚུངས། སྤྱིར་བཏང་ལམ་གསར་པ་བདེ་པོ་ཡོད་པ་དེ་ལམ་རྙིང་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་མིན་སྐུ་དྲག་གསར་པའི་སྐོར་བརྗོད་ན། དེང་སྐབས་རྒྱ་ནག་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཚང་མའི་ནང་སྐུ་དྲག་གསར་པའི་མྱུ་གུ་རྒྱས་ཤིང་ཡོད། དེ་དག་གཡོ་སྒྱུ་དང་། གདུག་རྩུབ། ཐབས་བྱུས་བཅས་སྐུ་དྲག་རྙིང་པ་ལས་ཧ་ཅང་གི་མཁས་པ་དང་ཞེ་གནག་པ་ཡོད། འཛམ་གླིང་གི་སྐུ་དྲག་གསར་པ་གཞན་རྣམས་ང་ཚོའི་བཙན་བྱོལ་བོད་མིའི་སྐུ་དྲག་གསར་པ་རྣམས་དང་ཕན་ཚུན་བསྡུར་ན་ཁྱོད་ཚོ་སྡུག་སྐད་ཤོར་བའི་ཚོད་ལ་སླེབས་མེད།
བདུན་པ། རྒྱ་གཞུང་ལ་བརྡ་ལན་སྔར་ནས་སྤྲད་ཟིན།
ང་ཚོས་མང་གཙོའི་ལམ་ཆེན་དུ་བསྐྱོད་ནས་ལོ་ངོ་ལྔ་བཅུའི་ལོ་རྒྱུས་ཡོད། དེ་ནི་རྒྱ་གཞུང་ལྟ་བུ་མང་གཙོར་ཉིན་གཅིག་བསྐྱོད་མྱོང་མེད་པ་དང་བསྡུར་ན་ང་ཚོས་གོམ་པ་མདུན་སྤོས་བྱས་པ་གསལ་པོ་རེད། བཙན་བྱོལ་བོད་གཞུང་གི་བདེན་པ་དང་། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་ལྟ་གྲུབ་དེས་རང་དབང་དང་། མང་གཙོ། ལམ་ལུགས་བཅས་ཀྱི་ཐད་ནས་བརྗོད་ན་རྒྱ་གཞུང་སྔོན་ལ་གོམ་པ་སྤོ་བཞིན་ཡོད་པ་དེས་ང་ཚོས་རྒྱ་གཞུང་ལ་སྔར་ནས་ཆབ་སྲིད་ཀྱི་བརྡ་ལན་ཆེན་པོ་ཞིག་སྤྲད་ཟིན་པ་མ་ཡིན་ནམ།
མང་གཙོའི་ལམ་ལུགས་ནང་གྲོས་ཚོགས་དང་། དབུ་འཁྲིད་གཉིས་རང་དབང་གི་སྒོ་ནས་གདམ་བྱ་འདེམས་བྱེད་བྱ་རྒྱུ་ཡོད་མེད་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་ཅིང་། ང་ཚོར་ཕྱིར་མིག་ཅིག་བལྟས་ན་མི་མང་གི་འཐུས་མི་མི་མང་གིས་ཐད་ཀར་བདམས་ནས་ལོ་ངོ་ལྔ་བཅུ་ལྷག་སོང་ཟིན། འཛིན་སྐྱོང་བཀའ་ཤག་གི་དཔོན་རིགས་གྲོས་ཚོགས་ནས་བདམས་ནས་ལོ་སུམ་ཅུ་ལྷག་ཕྱིན་ཡོད། གྲོས་ཚོགས་ཀྱིས་གཏན་ལ་འཕབ་པའི་བཅའ་ཁྲིམས་རིན་པོ་ཆེ་ལག་ལེན་བསྟར་ནས་ལོ་ངོ་བཅུ་ཕྲག་འགའ་སོང་འདུག མི་མང་གིས་ཐད་ཀར་སྲིད་བློན་འདེམས་པའི་ལམ་སྲོལ་ཆགས་ནས་ལོ་བརྒྱད་ཙམ་གྱི་ལོ་རྒྱུས་ཡོད། སྤྱི་ཚོགས་ནང་མི་མང་གིས་གླེེང་སློང་མང་བ་རྣམས་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ཆགས་ཀྱི་ཡོད་ལ། གྲོས་ཚོགས་ཀྱི་གྲོས་ཆོད་བཞག་པ་རྣམས་འཛིན་སྐྱོང་གིས་ལག་ལེན་བསྟར་གྱི་ཡོད།
གཞུང་ཞབས་འདེམས་བསྐོ་ལྷན་ཁང་ཞེས་འཛིན་སྐྱོང་བཀའ་ཤག་གིས་དབང་བྱུས་འོག་མེད་པར་རང་དབང་ཅན་གྱི་སྡེ་ཚན་ཟུར་བཙུགས་ཡོད་ལ། ལྷན་ཁང་དེས་གཞུང་ཞབས་ལས་བྱེད་ཇི་ཡོད་ཡིག་རྒྱུགས་ཀྱི་ལམ་ནས་བསྐོ་གཞག་གི་ལམ་སྲོལ་གཏོད་ནས་ལོ་ངོ་བཅུ་ཕྲག་འགའ་ཤས་ཀྱི་ལོ་རྒྱུས་ཡོད་ཅིང་། ད་ཡོད་གཞུང་ཞབས་པ་བརྒྱ་ཆ་བརྒྱ་ཡིག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་བྱེད་ཀྱི་ཡོད་པ་ནི་ངོ་མཚར་མི་ཆེའམ། སྲིད་བློན་དང་དཔོན་རིགས་སུ་ལ་སྐྱོན་བརྗོད་བྱས་ཀྱང་འཛིན་ཟུང་བཙོན་བཅུག་བྱེད་མཁན་གཅིག་ཀྱང་བྱུང་མྱོང་མེད། ང་ཚོ་བོད་རིགས་ཡིན་ནོ་ཅོག་གི་རྒྱ་གཞུང་འཐབ་ཕྱོགས་གཅིག་འགྱུར་གྱི་དྲིལ་བསྒྲགས་ཀྱི་ནད་འབུད་ཕྲ་མོ་དེ་ག་དུས་ཡིན་ནའང་ང་ཚོའི་ནང་འགོས་བཅུག་རྒྱུ་མེད། དེ་བས་རང་རེའི་སྤྱི་ཚོགས་གས་ནང་ཡིབ་བསྡད་པའི་སྐབས་འཚོལ་བ་འགས་ཤས་ཀྱི་དྲིལ་བསྒྲགས་ལོག་པར་མགོ་སྒུར་བ་ནི་ངོ་གནོང་སྐྱེས་དགོས་པའི་གནས་ཚུལ་ཞིག་རེད།
བརྒྱད་པ། མཐའ་དོན།
དེ་ན་ང་ཚོས་ད་ཡོད་ཀྱི་གཞུང་དང་གཞུང་དབར་དང་། སྤྱི་ཚོགས་དང་སྤྱི་ཚོགས། དཔོན་རིགས་དང་དཔོན་རིགས་དབར་ཞིབ་བསྡུར་བྱས་ཏེ་་ད་གཟོད་ང་ཚོའི་སྤྱི་ཚོགས་འདི་གནས་སྟངས་ལ་དཔག་པའི་ཚད་གཞི་གང་དུ་སླེབས་འདུག་བསམ་ཞིབ་བྱོས། རྒྱ་གཞུང་གིས་གཡོག་པའི་བཀས་བཀོད་བརྒྱུད་འཛིན་དང་། སྐུ་དྲག་གི་དྲི་ཙམ་ཡང་འདུག་གམ། ང་ཚོས་རྒྱ་གཞུང་གི་དྲིལ་བསྒྲགས་བརྗོད་ཚིག་དེ་དག་ནམ་ཡང་བདག་པོ་བརྒྱབ་མི་རུང་།
ང་ཚོའི་གཞུང་དང་སྤྱི་ཚོགས་ཀྱི་སྐྱོན་ཆ་གླེང་ནས་ནད་བཅོས་སྲོག་སྐྱོབས་བྱེད་དགོས་མོད། དེ་བས་དགེ་མཚན་གླེང་ནས་གཞུང་མང་དབར་ཡིད་ཆེས་དང་མཐུན་སྒྲིལ་གྱི་ཁོར་ཡུག་བསྐྲུན་དགོས། ལྷག་པར་མི་རིགས་དང་སྤྱི་ཚོགས་ཀྱི་དགེ་མཚན་གླེང་ན་མི་རིགས་ཀྱི་སྤོབས་པ་དང་། ལ་རྒྱ། གསོན་ཤུགས་བཅས་མ་ཉམས་པར་གསོན་པོ་གནས་པའི་དགེ་མཚན་ཆེན་པོ་ཡོད་པ་བཅས་སོ། །
ལ་རྒྱའི་བདག་པོ་ལགས། རྒྱ་དམར་གྱིས་བཤད་པའི་བཀས་བཀོད་རྒྱུད་འཛིན་དང་མངའ་བདག་ཆེན་པོ་གསུམ་ཟེར་བ་བཅས་ཀྱི་སྐོར་ཁྱེད་ཀྱིས་ངེས་ཟིན་མི་འདུག། བོད་ཀྱི་བླ་ཆེན་ཚང་མ་དེ་གཉིས་ཀྱི་ཁོངས་སུ་གཏོགས་ཀྱི་མ་རེད། བཀས་བཀོད་རྒྱུད་འཛིན་ནི་ཆབ་སྲིད་དང་མཁར་དབང་བཅས་ལ་ཕའི་ཤུལ་ལ་བུ་ཡིས་འཛིན་པ་རྣམས་བཤད་ཀྱི་ཡོད་པས་བོད་ཀྱི་བླ་ཆེན་ས་སྐྱ་ཚང་མ་གཏོགས་གཞན་ལ་མི་གོ། མངའ་བདག་ཆེན་པོ་གསུམ་ནི་ ས་བདག་དང་འབྲོག་བདག་སྲིད་བདག་བཅས་ལ་བཤད་ཀྱི་ཡོད་པས་༸གོང་ས༸་མཆོག་མ་གཏོགས་བླ་ཆེན་གཞན་ལ་མི་གོ། བླ་ཆེན་གཞན་རྣམས་ལ་མིང་འདོགས་གཞན་ཞིག་བྱས་ཡོད། ལ་ནི་བཀས་བཀོད་རྒྱུད་འཛིན་བྲན་གཡོག་གི་ལམ་ལུགས་དེར་འཇིག་རྟེན་མིར་རན་པ་ཞིག་མིན་ལ་བོད་ནང་དུ་ཡང་དེས་ཤུགས་རྐྱེན་ཆེན་པོ་ཡོད་པས་བོད་མིས་བོད་ཀྱི་མཐོ་རིམ་མི་སྣར་འཁོང་ར་དང་རྒྱ་དམར་གྱིས་བོད་འདིར་བཅོས་སྒྱུར་གྱི་ཆ་རྐྱེན་གཙོ་བོར་གྱུར་ཡོད། དམིགས་སྔའི་ཆ་རྐྱེན་དེ་ཚོར་འཛམ་གླིང་ཁྱེན་ཡོངས་ཀྱི་མི་དམངས་རྣམས་ཀྱིས་མཐར་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། མ་གཞི་རྒྱ་དམར་གྱིས་བཤད་ཚད་ལ་ཁྱེད་ཀྱིས་དོར་བྱ་འཛིན་པ་དེ་ཡང་ཁྱེད་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱད་མེད་པའམ་ཡང་ན་ཕྱོགས་ལྷུང་འབའ་ཞིག་གི་གཏམ་ལས་མ་འདས་སོ། དྲང་པོ་བཤད་ན་རྒྱ་མི་ཡི་ཆབ་དཔལ་རིག་གསུམ་གྱི་སྲིད་ཇུས་དེས་དེང་སྐབས་འཛམ་གླིང་འདིར་སྒྱུར་བཅོས་གཏོང་གི་ཡོད་པ་དེར་མཐར་ཅིག་ཏུ་དགག་པ་བྱེད་ཨེ་ཐུབ། རང་ཅག་བོད་པ་ཚང་ཕྱི་མི་ནང་ལ་འགྲོ་མི་ཆོག་པ་དང་ནང་མི་ཕྱིར་འགྲོ་མི་ཆོག་པ་སོགས་ཀྱི་མཚོན་ཡིད་སྐྱོ་བའི་གནས་སུ་ལྷུང་བ་འདིར་བྱ་འཐབ་དང་བྱེད་ཐབ་གང་ཡང་མེད་པ་དེ་ཡང་རྒྱའི་སྲིད་ཇུས་དེར་འབྱོན་ཐང་དང་ནུས་པ་ཆེ་ཚད་དུ་མཐོང་། བཙན་བྱོལ་དུ་མི་ཚང་གསུམ་གྱིས་གཞུང་ཡིན་བཤད་པའི་བྱུང་རིམས་དེ་ཁྱེད་ཀྱིསངེས་མི་འདུ། དེ་ཐོག་མར་གསུང་མཁན་ནི་སྐུའི་གཅེན་པོ་སྟག་མཚེར་རིན་པོ་ཆེན་ཡིན་ལ་དེར་རྒྱུ་མཚན་ཡང་ཡོད་པར་བཤད་མི་དགོས། ངས་འདིར་བཤད་འདོད་པ་ནི་ཁྱེད་རྣམས་ཀྱིས་གང་གླེང་འདོད་པར་དགག་བྱ་མེད་ཀྱང་གང་གླེང་པར་རྒྱུ་མཚན་དང་ཁུངས་དང་ལྡན་པ་དགོས་ཞེས་ནན་སྐུལ་ཡིན།
སྐུ་མཁྱེན། འདི་འདྲའི་རིང་པོ་ཞིག་བྲིས་འདུག་མོད། གནད་འགག་གཅིག་བཤད་ཐུབ་མི་འདུག བཙན་བྱོལ་བོད་མིས་གང་ལ་འགྱུར་བ་གཏོང་འདུན་ཡོད་དམ་ཞེ་ན། དེང་སྐབས་བཙན་བྱོལ་བོད་གཞུང་གི་ལས་ཀ་མཐའ་དག་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བཀོད་མངགས་ལ་མི་ཉན་རང་ཉན་ལྟ་བུ་ཆགས་པ་དེ་རེད་ལ། དེ་ནི་སྐུ་དྲག་གསར་བ་སྐོར་ཞིག་བྱས་རྗེས་ཧམ་སེམས་ལངས་པ་ལས་དེ་ལྟར་ཆགས་པ་ཞིག་ཡིན་འདུག དེ་བས། འཐབ་ཕྱོགས་གཅིག་གྱུར་ཁང་གི་བཀོད་བྱུས་འོག་སུ་ཞིག་ཤོར་ཡོད་མེད་གསལ་བོ་རེད།
ཁྱོད་རང་ལྟར་ན། རང་བཙན་ཤོར་རྐྱེན་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གི་ནོར་འཁྲུལ་ལས་བསྐྲུན་པ་ཞིག་རེད། དེ་ལྟ་ཡིན་ན། གཞུང་འདི་རྒྱལ་དབང་ལྔ་བ་ནས་རེད་ལ། ནོར་འཁྲུལ་བཟོ་མཁན་ཡང་རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་དབུ་ཁྲིད་ལ་ཐུག་ཡོད། དེ་བས། སྐད་ཆ་འདི་དག་སུས་ཁྱོད་ལ་བསླབས་པ་ཡིན་ནམ།
འཁོར་ཡུག་ཆུང་ལ་རྙོག་དྲ་རྒྱ་ཆེ་བ་འདིར་སུན་སྣང་སྐྱེས། ད་ནི་ཨ་ཕ་ཤི་ན་ཨ་ཕ་ཤི ཨ་མ་ཤི་ན་ཨ་མ་ཤི ཤི་མི་རུང་བ་གཅིག་བུ་དེ་ང་རང་ཁོ་ན་ཡིན་ཟེར་ནས་བསྡད་ན་ཡག་ས་རེད།
འཇོན་ཐང་མི་བྲིན་ཁ་ཕོ་བྲིན།།
དྲ་གྲོགས་བསྟན་འཛིན་ཆོས་འཕེལ་མཆོག་ལ།
༡༽་སྐུ་ཉིད་ཀྱིས་མངའ་བདག་ཆེན་པོ་གསུམ་ནི་སབདག་འབྲོག་བདག་སྲིད་བདག་བཅས་གསུམ་ལ་ངོས་འཛིན་གནང་བ་བཞིན་དེ་གསུམ་གྱི་ནང་ལ་བོད་ཀྱི་བླ་སྤྲུལ་མང་བ་ཚུད་ཀྱི་ཡོད།་གང་ཡིན་ཟེར་ན།དེ་སྔ་ལུགས་རྙིང་སྐབས་བོད་ཀྱི་བླ་སྤྲུལ་མང་ཆེ་བར་གཞི་རྒྱ་ཆེ་ཆུང་ལ་མ་དཔག་པའི་འབྲོག་ར་དང་ས་གཞིས་བདག་ཐོབ་བྱེད་མྱོང་རྐྱང་རེད།
༢༽བཀའ་བཀོད་རྒྱུད་འཛིན་ལམ་ལུགས་ལ་འཛམ་གླིང་མི་མང་གིས་ངོ་རྒོལ་བྱེད་ཀྱི་ཡོད་གསུངས་པ་བཞིན་ང་ཡང་དེ་དེ་བཞིན་ཡིན་མོད།་དེང་གི་མང་གཙོའི་སྤྱི་ཚོགས་དང་བོད་ཀྱི་བཀའ་བཀོད་རྒྱུད་འཛིན་གཉིས་བསྡུར་བ་བྱས་ནས་སྐྱོན་བརྗོད་བྱས་པ་ནི་ལུགས་མཐུན་མིན་ཞེས་བརྗོད་ཀྱི་ཡོད།
༣༽དྲ་གྲོགས་ཁྱེད་བློ་རྣལ་དུ་གནས་རོགས་ཞུ་རྒྱུ་ཡིན།་ངས་རྒྱ་མིས་གང་བརྗོད་པ་མཐའ་དག་དོར་བྱ་རེད་ཅེས་བཤད་མེད་ལ་དེ་འདྲ་ངས་ནམ་ཡང་བཤད་མི་སྲིད།
དགའ་བསུ་ཞུ།
དྲ་གྲོགས་ཀ་ཏེ་མཆོག་ལ་ཞུ་རྒྱུར།
སྐུ་ཉིད་དོན་དམ་པའི་ནོར་བུ་ཀེ་ཏ་ཀའི་ཡོན་ཏན་དེ་དག་ཚང་ན་ཅི་མ་རུང་།
༡༽དེང་སྐབས་བཙན་བྱོལ་བོད་གཞུང་གི་ལས་ཀ་མཐའ་དག་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བཀོད་མངགས་ལ་མི་ཉན་རང་ཉན་ལྟ་བུ་ཆགས་པ་ཟེར་བ་དེ་སྐུ་ཉིད་གཅིག་པུའི་ཚོར་སྣང་ཙམ་ལས་དོན་དངོས་དེ་སྲིད་ལ།དེ་ལྟར་མིན་པ་ང་ལ་ངེས་ཤེས་བརྟན་པོ་རྙེད་བྱུང་ཡང་ཡིད་ཆེས་ཡོད།མ་གཞི་ནས་བཙན་བྱོལ་བོད་གཞུང་སྲིད་བྱུས་ཆེ་ཕྲ་རྣམས་ནི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་གཏན་ལ་ཕབ་པ་གཞི་བཟུང་ཐོག་བསྐྱོད་བཞིན་ཡོད།ལར་ནས་ནོར་འཁྲུལ་ཡོད་ན་ཁྱེད་ཀྱིས་བདམས་ཐོན་བྱས་པའི་འཐུས་མི་དེ་ཚོར་བརྗོད་དགོས
༢༽བོད་ཤོར་རྐྱེན་དེ་ལོ་བརྒྱ་ཕྲག་གི་བརྒྱུད་རིམ་ཡོད་པ་དེར་གཞུང་གཅིག་པུའི་བྱེད་སྤྱོད་ལས་བྱུང་བ་མིན་པར།གཞུང་དང་།་སྒེར།་སྡེ།་དགོན་བཅས་དང་དེ་མིན་རང་རེའི་གོམ་གཤིས་དང་བསམ་བློ་བཅས་ཕྱོགས་མང་པོ་ཞིག་དང་འབྲེལ་བ་ཡོད་པ་རེད།
༣༽་དེང་གི་བོད་གཞུང་དེར་གཞུང་ས་དགའ་ལྡན་ཕོ་བྲང་ཞེས་སྔ་མའི་དེ་རྒྱུན་འཇགས་པ་ཙམ་ནང་དོན་ངོ་བོ་བྱེད་ལས་ཚང་མ་འགྱུར་བ་ཐེབས་ཟིན་པ་ད་དུང་སྐུ་ཉིད་མཁྱེན་ཚོར་བྱུང་མེད་པ་དེ་དེ་བས་ཀེ་ཏ་ཀའི་མཚན་དོན་ལ་ངོ་ཡང་མི་ཚའམ།
ཨ རྩི་སྐུ་རྩེད་ཞུས།་དེ་དག་ངའི་བསམ་ཚུལ་ཙམ་ཡིན།་ཁྱེད་ཀྱིས་མུ་མཐུད་ཕཻབས་དང།
ང་ད་ལྟ་ལས་ཀ་བྱེད་ཀྱིན་བྲེལ་འཚུབ་ངང་བྲིས་པས་ནོར་འཁྲུལ་ཤོར་བའི་ནང་ནས་མི་བཅོས་ཐབས་མེད་དེ།
དོན་དངོས་དེ་སྲིད་ལ་ཞེས་པར་མི་སྲིད་ལ་བཅོས་རོགས་གནང་ཐུགས་རྗེ་ཆེ།
་
ལ་རྒྱའི་བདག་པོས་བྲིས་པ་དེ་ཡག་པོ་འདུག
དྲ་གྲོགས་བསྟན་འཛིན་ཆོས་འཕེལ་མཆོག་གིས་དགོངས་ཚུལ་གསུངས་པར་དགའ་བསུ་ཞུ་རྒྱུ་ཡིན་ལ་ནན་སྐུལ་གནང་བར་ཡང་ཐུགས་རྗེ་ཆེ་ཞུ།
༡༽སྐུ་ཉིད་ཀྱིས་མངའ་བདག་ཆེན་པོ་གསུམ་ནི་སྲིད་བདག་དང་།ས་བདགའབྲོག་བདག་བཅས་གསུམ་བཞེད་པ་དེ་དག་ནང་བོད་ཀྱི་བློ་སྤྲུལ་མང་ཆེ་བ་བསྡུས་ཡོད།དེ་ཅིའི་ཕྱིར་ཞེས་ན།
དེ་སྔ་བོད་ལུགས་རྙིང་སྐབས་བོད་ཀྱི་བླ་སྤྲུལ་ཆེ་ཆུང་མང་བར་ཆེ་བར་ཆེ་ཆུང་མ་དཔག་པའི་ས་གཞིས་དང་འབྲོག་གཞིས་ཡོད་པ་ལས་མཁྱེན་ཐུབ།
༢༽བོད་ཀྱི་བཀའ་བཀོད་བརྒྱུད་འཛིན་ལམ་ལུགས་ཐོར་ནས་ལོ་དྲུག་ཅུ་ཙམ་སོང་བའི་དེ་རིང་དུས་ཚོད་འདིར་སྐུ་ཉིད་གོ་རྟོགས་ཆེ་མདོག་གིས་མང་གཙོའི་ལམ་ལུགས་དང་བསྡུར་བ་བྱས་ནས་བོད་ཀྱི་བཀའ་བཀོད་བརྒྱུད་འཛིན་ལམ་ལུགས་ལ་སྐྱོན་བརྗོད་པ་དེ་མི་འགྲིགས་ཟེར་བ་ལས།མཐའ་གཅིག་ཏུ་ལམ་ལུགས་དེ་ཡག་པོ་རེད་ཅེས་བརྗོད་མེད།
ངས་བརྗོད་དོན་གཙོ་བོ་ནི།ང་ཚོའི་བཀའ་བཀོད་བརྒྱུད་འཛིན་ལམ་ལུགས་དང་འཛམ་བུ་གླིང་གཞན་གྱི་བཀའ་བཀོད་བརྒྱུད་འཛིན་ལམ་ལུགས་གཉིས་བསྡུར་བ་བྱས་ནས་བོད་ཀྱི་ལམ་ལུགས་བོད་དེར་འདེང་འཇོག་དང་རིན་ཐང་ཚད་འཇལ་བྱེད་དགོས་པ་ཡིན།
༣༽འཇིག་རྟེན་འདིར་བཀའ་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་རན་མ་རན་གྱི་སྐོར་གསུངས་པ་དེར།
ད་སྐབས་ལམ་ལུགས་མ་རན་པ་བདེན་མོད་དེ་སྔའི་དུས་སུ་སྐབས་བབ་ལ་གཞིགས་ནས་དེ་དག་འགྲིགས་ཀྱི་ཡོད་པ་རེད།་འཛམ་བུ་གླིང་ཚང་མར་ལམ་ལུགས་དེ་ཡོད་པ་རེད།སྐབས་དེ་དུས་བྱ་ཕོ་མེད་ཀྱང་བུང་བུས་ནམ་ཚོད་བཟུང་ཡོད།
༤༽ཁྱིམ་ཚང་ཆེན་པོ་ཞེས་དང་པོ་སུས་བརྗོད་མིན་དང།་དམིགས་ཡུལ་གང་ཡིན་གཙོ་བོ་མིན་པར།་དེ་སྐབས་ང་ཚོས་བེད་སྤྱོད་ལོག་པ་བྱ་རྒྱུ་མེད་པར་ཞེས་བརྗོད་ཀྱི་ཡོད།་སོ་སོར་དགོས་མཁོ་ཡོད་དུས་ཁྱིམ་བརྒྱུད་གསུམ་གྱི་དབང་ཆ་ཟེར་བ་གླེང་བ་དང་དགོས་མཁོ་མེད་དུས་ཉལ་ནས་བཞག་བཅས་བྱེད་ཀྱི་འདུག
ད་ལྟ་ང་ལས་ཀ་བྱེད་ཀྱིན་བྲེལ་འཚུབ་ངང་བྲིས་པ་ཡིན།་ནོར་འཁྲུལ་དང་སྐུ་གསུང་ཐུགས་ཕོག་བྱུང་ན་དགོངས་འགལ་མེད་པ་ཞུ།
དྲ་གྲོགས་བསྟན་འཛིན་ཆོས་འཕེལ་མཆོག་གིས་དགོངས་ཚུལ་གསུངས་པར་དགའ་བསུ་ཞུ་རྒྱུ་ཡིན་ལ་ནན་སྐུལ་གནང་བར་ཡང་ཐུགས་རྗེ་ཆེ་ཞུ།
༡༽སྐུ་ཉིད་ཀྱིས་མངའ་བདག་ཆེན་པོ་གསུམ་ནི་སྲིད་བདག་དང་།ས་བདགའབྲོག་བདག་བཅས་གསུམ་བཞེད་པ་དེ་དག་ནང་བོད་ཀྱི་བློ་སྤྲུལ་མང་ཆེ་བ་བསྡུས་ཡོད།དེ་ཅིའི་ཕྱིར་ཞེས་ན།
དེ་སྔ་བོད་ལུགས་རྙིང་སྐབས་བོད་ཀྱི་བླ་སྤྲུལ་ཆེ་ཆུང་མང་བར་ཆེ་བར་ཆེ་ཆུང་མ་དཔག་པའི་ས་གཞིས་དང་འབྲོག་གཞིས་ཡོད་པ་ལས་མཁྱེན་ཐུབ།
༢༽བོད་ཀྱི་བཀའ་བཀོད་བརྒྱུད་འཛིན་ལམ་ལུགས་ཐོར་ནས་ལོ་དྲུག་ཅུ་ཙམ་སོང་བའི་དེ་རིང་དུས་ཚོད་འདིར་སྐུ་ཉིད་གོ་རྟོགས་ཆེ་མདོག་གིས་མང་གཙོའི་ལམ་ལུགས་དང་བསྡུར་བ་བྱས་ནས་བོད་ཀྱི་བཀའ་བཀོད་བརྒྱུད་འཛིན་ལམ་ལུགས་ལ་སྐྱོན་བརྗོད་པ་དེ་མི་འགྲིགས་ཟེར་བ་ལས།མཐའ་གཅིག་ཏུ་ལམ་ལུགས་དེ་ཡག་པོ་རེད་ཅེས་བརྗོད་མེད།
ངས་བརྗོད་དོན་གཙོ་བོ་ནི།ང་ཚོའི་བཀའ་བཀོད་བརྒྱུད་འཛིན་ལམ་ལུགས་དང་འཛམ་བུ་གླིང་གཞན་གྱི་བཀའ་བཀོད་བརྒྱུད་འཛིན་ལམ་ལུགས་གཉིས་བསྡུར་བ་བྱས་ནས་བོད་ཀྱི་ལམ་ལུགས་བོད་དེར་འདེང་འཇོག་དང་རིན་ཐང་ཚད་འཇལ་བྱེད་དགོས་པ་ཡིན།
༣༽འཇིག་རྟེན་འདིར་བཀའ་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་རན་མ་རན་གྱི་སྐོར་གསུངས་པ་དེར།
ད་སྐབས་ལམ་ལུགས་མ་རན་པ་བདེན་མོད་དེ་སྔའི་དུས་སུ་སྐབས་བབ་ལ་གཞིགས་ནས་དེ་དག་འགྲིགས་ཀྱི་ཡོད་པ་རེད།་འཛམ་བུ་གླིང་ཚང་མར་ལམ་ལུགས་དེ་ཡོད་པ་རེད།སྐབས་དེ་དུས་བྱ་ཕོ་མེད་ཀྱང་བུང་བུས་ནམ་ཚོད་བཟུང་ཡོད།
༤༽ཁྱིམ་ཚང་ཆེན་པོ་ཞེས་དང་པོ་སུས་བརྗོད་མིན་དང།་དམིགས་ཡུལ་གང་ཡིན་གཙོ་བོ་མིན་པར།་དེ་སྐབས་ང་ཚོས་བེད་སྤྱོད་ལོག་པ་བྱ་རྒྱུ་མེད་པར་ཞེས་བརྗོད་ཀྱི་ཡོད།་སོ་སོར་དགོས་མཁོ་ཡོད་དུས་ཁྱིམ་བརྒྱུད་གསུམ་གྱི་དབང་ཆ་ཟེར་བ་གླེང་བ་དང་དགོས་མཁོ་མེད་དུས་ཉལ་ནས་བཞག་བཅས་བྱེད་ཀྱི་འདུག
ད་ལྟ་ང་ལས་ཀ་བྱེད་ཀྱིན་བྲེལ་འཚུབ་ངང་བྲིས་པ་ཡིན།་ནོར་འཁྲུལ་དང་སྐུ་གསུང་ཐུགས་ཕོག་བྱུང་ན་དགོངས་འགལ་མེད་པ་ཞུ།
དྲང་པོར་བཤད་ན་སྐུ་དྲག་ལམ་ལུགས་དང་ཕལ་པའི་སྐྱེ་བོ་སོགས་གླེང་མཁན་མི་འདི་ཚོ་ཤེས་ཚད་དེ་ཙམ་མེད་པ་ཤ་སྟག་རེད། དེ་སྔ་བོད་དུའང་རྒྱ་མི་ཤེས་ཡོན་མེད་པའི་མི་དེ་ཚོ་བེད་སྤྱོད་གཏོང་བདེ་པོ་ཡོད་པ་ཤེས་ཏེ་ཁོང་ཚོར་བསླུ་བྲིད་ཀྱིས་གྲལ་རིམ་དབྱེ་འབྱེད་ཀྱིས་གྲལ་རིམ་དགྲ་བོ་དང་། ཡར་ལངས་ཞིང་བྲན་རྒྱལ་ཁབ་ཀྱི་བདག་པོ་སོགས་བེད་སྤྱད་དེ་བོད་ཀྱི་རིགས་དངོས་རིག་གཞུང་དང་བཅས་པ་མཐའ་དག་རྩ་མེད་བཏང་བ་རེད། འོ་ན་ངས་གཅིག་དྲི་གི་ཡིན། སྐུ་དྲག་ལམ་ལུགས་ལ་ངོ་རྒོལ་བྱེད་མཁན་ཚོས་ལན་རྒྱག་རོགས། རྒྱ་མིས་སྐུ་དྲག་ལམ་ལུགས་རྩ་མེད་བཏང་ནས་འབྱོར་གྲལ་རིམ་ཟེར་མཁན་ཁྱེད་རང་ཚོ་དང་ཡར་ལངས་ཞིང་བྲན་ཁྱེད་རང་ཚོ་ལ་ཁེ་ཕན་ག་རེ་རག་བྱུང་། གསལ་པོ་ཤོད་དང། ངས་བྱས་ན་གང་གང་རག་མེད། བོད་པ་ཡིན་པ་ཙམ་གྱིས་ཕམ་ཁ་མྱོང་མཁན་གཅིག་པ་རེད། རྡོ་དོན་ངས་སྡོམ་ཚིག་གཅིག་རང་རྒྱག་རྒྱུ་ཡོད་པ་འདི་ཁྱེད་རང་ཚོས་མ་བརྗེད་པ་གནང་རོགས། རྒྱ་དམར་གཞུང་གིས་སྡུག་ཅག་རེད་ཅེས་སྐྱོན་བརྗོད་དྲག་པོ་བྱེད་ས་རྣམས་བརྒྱ་ཆ་བདུན་ཅུ་བརྒྱད་ཅུ་ཙམ་ཞིག་ཡག་པོ་ཡོད་ཅེས་ཐག་བཅད་ཆོག རྒྱ་དམར་གཞུང་ནས་ཡག་པོ་རེད་ཅེས་བསྟོད་ར་གཏོང་ཡུལ་རྣམས་བརྒྱ་ཆ་བདུན་ཅུ་ནས་བརྒྱད་ཅུ་ཙམ་སྡུག་ཅག་རེད་ཅེས་ཐག་བཅད་ཆོག ཁྱེད་ཚོས་བསམ་བློ་གཏོང་དང་། རྒྱ་དམར་གཞུང་འདི་འཛམ་གླིང་གི་སྲིད་གཞུང་ཚང་མའི་ནང་ནས་ཆེས་གདུག་རྩུབ་ཆེ་ཤོསདང། མགོ་བདེ་ཤོས། གཡོ་ཁྲམ་ཚད་ལས་བརྒལ་བ་སོགས་མདོར་ན་སྲིད་གཞུང་འདིའི་ལམ་སྟོན་འོག་ཕྲུ་གུས་ཕ་མ་བསད་པ་དང་། འཐེར་འདོན་བྱས་པའང་གྲངས་ལས་འདས་ན་གཞན་ལྟ་ཅི་སྨོས། དོན་དམ་དུ་སྐུ་དྲག་ལམ་ལུགས་དང་བོད་ཀྱི་མི་དྲག་ལ་ངོ་རྒོལ་བྱེད་མཁན་ཚང་མ་གླེན་པ་གཞན་གྱི་གཡོ་འོག་ཏུ་ཚུད་པ་ཤ་སྟག་རེད། ཁོ་ཚོས་འཛམ་གླིང་གི་བྱུང་བ་ཤེས་ཀྱི་མེད་པ་དེ་ནས་དཔོག་ཐུབ། འཛམ་གླིང་གི་བྱུང་བ་ཤེས་ཚེ་འཛམ་གླིང་གི་རྒྱལ་ཁབ་གཞན་རྣམས་ཀྱི་སྐུ་དྲག་ལ་བལྟོས་ན་བོད་ཀྱི་སྐུ་དྲག་དང་མི་ཆེན་རྣམས་ལྷ་གསོན་པ་རེད་ཅེས་ངས་ཚིག་ཐག་ཆོད་པོ་དང་སྤོབས་པ་མཐོན་པོའི་སྒོ་ནས་ཤོད་ཐུབ། ད་མང་པོ་ཤོད་པར་དུས་ཚོད་ཀྱང་མི་འདུག ང་ལས་ཀར་ཐོན་རན་འདུག གང་ལྟར་བོད་པ་སུ་ཡིན་ཀྱང་བསམ་བཞིན་མ་ཡིན་པར་རྒྱ་དམར་ལ་རོགས་རམ་དང་བོད་ལ་གནོད་མ་བསྐྱལ་ན་ལེགས།
ང་ཡང་ཁྱོད་དང་གཅིག་མཚུངས་ཏེ་༼བཙན་བྱོལ་བོད་གཞུང་སྲིད་བྱུས་ཆེ་ཕྲ་རྣམས་ནི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་གཏན་ལ་ཕབ་པ་གཞི་བཟུང་ཐོག་བསྐྱོད་བཞིན་ཡོད་༽ན་ཅི་མ་རུང་བསམ་ཡོད། ད་ལྟ་དེ་ལས་ལྡོག་ནས་གནད་འགག་རྣམས་སྤྱི་འཐུས་ལྷན་ཚོགས་ནས་ཤེས་ཀྱི་མེད། དཔེར་ན། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་ལ་སྤྲད་ཚར་བའི་ཡིག་ཆ་སྔ་རྗེས་གཉིས་དང་། བོད་ཀྱི་རྒྱལ་དར་གང་བྱུང་དུ་བསྒྲེངས་འཛུགས་མི་ཆོག་པ། ལོ་ཤས་རིང་བོད་མིས་རྒྱ་ནག་གི་དཔོན་རིགས་ཚོར་ངོ་རྒོལ་བྱེད་མི་ཆོག་པ་ལྟ་བུའི་རིགས་ཡིན། དེ་ལ་འགྲེལ་བཤད་ཇི་ལྟར་རྒྱག་གམ།
༼བོད་ཤོར་རྐྱེན་དེ་ལོ་བརྒྱ་ཕྲག་གི་བརྒྱུད་རིམ་ཡོད་པ་དེར་གཞུང་གཅིག་པུའི་བྱེད་སྤྱོད་ལས་བྱུང་བ་མིན་པར།གཞུང་དང་།་སྒེར།་སྡེ།་དགོན་བཅས་དང་དེ་མིན་རང་རེའི་གོམ་གཤིས་དང་བསམ་བློ་བཅས་ཕྱོགས་མང་པོ་ཞིག་དང་འབྲེལ་བ་ཡོད་པ་རེད༽ཟེར་བ་འདི་བདེན་པ་ཡིན་ན། གཞུང་གི་དབུ་ཁྲིད་མཁན་གྱིས་མ་འཇོན་པ་དང་ལེགས་ཕྱོགས་ས་བསྒྱུར་མ་ཐུབ་པ་ཞིག་མིན་ནམ།
ལ་རྒྱའི་བདག་པོ་ནས་ཕྱོགས་རིས་ལ་རྒྱ་ཅན་གྱི་གཡོག་པོར་འགྱུར་མི་ཉན་ཡ། ཨ་སྐུ་རྩེད་ཡིན།
ཡུལ་གང་ཞིག་ནས་གང་ཞིག་ལ་བསམ་བློ་བཏང་ནའང་། གཅིག་གིས་གཅིག་ལ་དབང་བསྒྱུར་བྱེད་སྐབས་ཐོག་མར་སྐུ་དྲག་གི་རིགས་རྨོངས་སུ་འཇུག་གི་རེད། ཡོ་རོབ་ལོ་རྒྱུས་ཀྱི་སྟེང་གི་དབྱིན་ལན་རྒྱལ་རབས་ལྔ་བ་རྐང་རིང་གིས་ཧྥ་རན་རིའི་སྐུ་དྲག་དག་དབང་དུ་བསྒྱུར་ནས་མང་ཚོགས་ལ་སྡུག་པོ་བཏང་བ་དང་། སོ་ཀི་ལན་གྱི་སྐུ་དྲག་དག་དབང་དུ་བསྒྱུར་ནས་མང་ཚོགས་ལ་སྡུག་པོ་བཏང་བ། དེ་དང་དེ་ལ་སོགས་པའི་ཡ་ང་བའི་ལོ་རྒྱུས་ཤིན་ཏུ་མང་ལ། ཉེ་བའི་ཆར་དགྱ་ནག་གིས་ཀྱང་ཐོག་མར་རང་རེའི་སྐུ་དྲག་ལ་དངུལ་ད་ཡང་གིས་བསླུ་བྲིད་བཏང་ནས་གུང་དམག་གིས་ལྷ་སར་གཞི་ཚུགས་པ་སོགས་ལ་བསམ་ན། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཆེས་རྨོངས་པར་ལས་སླ་བ་ནི་སྐུ་དྲག་གི་རིགས་དེ་ཡིན་པ་རེད།
སྔར་ལོ་གྲོས་ཚོགས་གི་༼རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་ལ་སྤྲད་ཚར་བའི་ཡིག་ཆ་སྔ་རྗེས་གཉིས༽ཉིན་ཞིབ་མཐིལ་ཕྱིན་པ་ཞིག་བྱེད་པ་དེ་ ཀེ་ཏ་ཀིའི་གོ་མེད་པ་འདྲ་
སྐུ་ངོ་མཇུ་ཆེན་ཐུབ་བསྟན་གིས་གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཟེར་ནས་རྒྱ་གར་ལྷོ་ཕྱོགས་ལ་དཀྲོག་གཏམ་སྤེལ་ནས་དམིགས་བསལ་ཚོགས་འདུ་ཞིག་བསྐོང་ནས་སྤྱི་མཐུས་ཚོའི་གོ་བྱུང་དང་ཤེས་བྱུང་ཟེར་ནས་ཁ་འདར་འདར་དང་ལྕེ་ནར་ནར་བྱེད་པ་ཡོངས་གྲགས་ཡིན་ བོད་ཤོར་རྐྱེན་དེ་ཡང་མི་ངན་ཁ་ཤས་ཞིག་གིས་དཀྲོག་གཏམ་སྤེལ་ནས་གཞུང་གི་དབུ་ཁྲིད་ཚོའི་ལམ་ཁ་བཀག་པ་ལུས་ཡིན།།
ལ་རྒྱ་ལགས། ངས་བཤད་པའི་སྐད་ཆས་ཁྱེད་ལ་འགྲོ་དོན་བྱུང་འདུག། དྲང་བདེན་ལ་ངེས་ལེན་གནང་བ་ནི་མཁས་པའི་
སྤྱོད་ཚུལ་རེད། ད་དུང་ཡང་ཁྱེད་ཀྱིས་བོད་ཀྱི་བླ་ཆེན་ཁག་ལ་ས་ཞིང་དང་འབྲོག་ཕྱུགས་ཀྱི་བདག་པོ་ཡིན་པས་ཆེན་པོ་གསུམ་གྱི་ཁོངས་སུ་རྒྱ་ཡིས་ངེས་འཛིན་བྱས་ཚུལ་དེ་ནོར་འདུག། བོད་ས་སྟོད་སྨད་བར་གསུམ་དུ་རྒྱ་ཡིས་བོད་མིར་མིང་འདོགས་འདྲ་མིན་སྣ་ཚོགས་ཀྱི་སྡུག་པོ་འདི་བཏོང་དང་འདི་མ་བཏོང་མེད་པ་བྱུང་ཡོད་འོན་ཀྱང་བོད་ཀྱི་བླ་སྤྲུལ་རྣམས་ལ་མངའ་བདག་དང་ས་བདག་གང་ཞིག་ཉེས་དམིགས་ཐོག་ནས་དཀའ་སྡུག་མྱོང་པའི་ལོ་རྒྱུས་མེད་ཟེར་ན་མ་འགྲིག་པ་མེད། ཁོང་རྣམ་ཚོར་ལྷ་འདྲེ་གདན་འགོད་སོགས་ཆོས་ལུགས་ཀྱི་ཞྭ་མོ་འདྲ་མིན་ཐོག་ནས་དཀའ་སྡུག་ཚད་མེད་བྱུང་ཡོད། ངས་འདིའི་སྐོར་དཀར་ས་དང་ནག་ས་ཕྱེ་དགོས་དོན་མེད་ཀྱང་ངེད་ཚོས་དོན་མེད་ཀྱི་སྙོག་གླེང་དང་དགོས་མེད་ཀྱི་ཟུར་ཟ་འདིའི་རིགས་ཀྱིས་བོད་འདི་ས་མཚམས་འདིའི་བར་དུ་སྐྱེས་ཚར་བ་རེད། ཕྱོགས་ཞེན་ཁོ་ནའི་དབང་གིས་བོད་འདིར་ཡར་རྒྱས་ཀྱི་རྣམ་པ་བྱུང་མྱོང་མེད་པར་སེམས་དགོས། ཁྱེད་གཅིག་པུར་ཞུ་གི་མེད་ང་རང་ཡང་དེའི་ནང་དུ་ཚུད་ཡོད།
ལ་རྒྱའི་བདག་པོ་བོང་བུ་ལགས།
“འཛམ་གླིང་གི་སྐུ་དྲག་གསར་ པ་གཞན་རྣམས་ང་ཚོའི་བཙན་བྱོལ་བོད་མིའི་སྐུ་དྲག་གསར་པ་རྣམས་དང་ཕན་ཚུན་བསྡུར་ ན་ཁྱོད་ཚོ་སྡུག་སྐད་ཤོར་བའི་ཚོད་ལ་སླེབས་མེད།” ན་བློ་སེང་ལགས་ལ་འོས་བླུག་མཁན་ཚང་མ་གླེན་ལྐུགས་ཞ་ར་འོན་པ་རྐྱང་རྐྱང་རེད་ཅེས་ཤོད་འདོད་ཡོད་དམ། ལན་ཅིག་གནོངས་དང་། འདིས་ཀྱང་སྤྱི་པར་ཕན་ངེས་འདུག
ཨ་ལ། དེ་རིང་ཞི་བ་ཀ་རྡོ་རབ་འབྱམས་པ་དྲག་པོའི་སྐུར་བཞེངས་འདུག་གོ།
འདི་ན་ཟླ་མེད་ཀྱི་རྗེས་སུ་འབྲང་ནས་ཁ་རོག་འདུག་རྒྱུ་ཡིན།
མེ་ཏོག་དཀར་པོ་ལགས་དགོངས་དག
ངས་ལོ་བཅུ་གཉིས་དཔེ་ཆ་བལྟས་ནས། རབ་འབྱམས་པ་ཆགས་པ་ཡིན་མ་གཏོགས། ལ་རྒྱའི་བདག་པོའི་ང་ལ་རབ་འབྱམས་མ་རེད་བོང་བུ་རེད་ཅེས་ཚིག་མཚོན་དང་པོ་བསྣུན་མཁན་ཁོང་རང་རེད། ང་ཡང་ནོར་འདུག དྲ་རྒྱའི་ནང་ལ་ལ་རྒྱ་བདག་པོ་རང་གི་རང་གི་མིང་ཙམ་ཡང་སྨྲོས་མ་ཐུབ་མཁན་ཅིག་གིས་སུ་ལ་རྒྱབ་སྐྱོར་བྱེད་ཐུབ། ང་རང་ལ་ནི། བཀྲ་ཤིས་དབང་འདུས་ལས་ལྷག་པ་ཅིག་རྙེད་མ་བྱུང་བས། བློ་སེང་ལགས་རྒྱབ་སྐྱོར་བྱེད་མཁན་ཅིག་མིན་ཡང་། ཁོང་ལ་འོས་འཕེན་མཁན་ཚང་མ་བསླུ་བྲིད་འོ་དང་། ས་འོག་དར་ཐག་ལས་བྱུང་བ་རྐྱང་རྐྱང་རེད་ཟེར་ན། ཟེར་མཁན་སྨྱོའམ། འོས་འཕེན་མཁན་སྨྱོ་བ་རེད་མ་གཏོགས། རྒྱུ་མེད་རྐྱེན་དུ་འདོད་ན་ནང་པའི་ལྟ་གྲུབ་དང་ཡང་འགལ་ཚར་བ་རེད་ལགས།
འོ་དེ་འོག་ལ་བཅོས།
རབ་འབྱམས་པ་ལགས། ང་ཚོ་ཁ་བརྡའི་ནང་འདི་འདྲ་ཞིག་བྱ་དགོས། བརྗོད་གཞི་གང་རུང་ཞིག་གི་འོག་ཏུ་ཕན་ཚུན་མི་མཐུན་པར་རྩོད་ཀྱང་བརྗོད་གཞི་གཞན་པའི་ཐོག་ལ་རྩོད་པ་སྔ་མའི་རྒྱུན་མི་རྐྱོང། དཔེར་ན་ཞིང་བུ་དང་ངེད་གཉིས་ཕོ་མོའི་ཐོབ་སྟངས་སམ་ཞིག་གི་བརྗོད་གཞིར་འདོད་མ་མཐུན་པར་གྱུར་ཀྱང་། བཀའ་བསྟན་ཕྱི་སྐད་དུ་བསྒྱུར་ན་འགྲིག་མིན་ཐད་ལྟ་བ་མཐུན་པས་དེ་ལུགས་ཀྱི་མཆན་བུ་ཁག་བཏགས་པ་ཇི་བཞིན་ནོ།།
ཐོག་མར་ལ་རྒྱའི་བདག་པོས་བསམ་ཚུལ་ལ་རྒྱབ་སྐྱོར་མཐའ་གཅིག་དུ་ཡོད། བདག་གིས་ཀྱང་དེ་ལྟར་བསམ་མྱོང་མོད། འོན་ཀྱང་འབྲི་མྱོང་མེད། དེ་ནི་གནོན་ཤུགས་གཞན་གང་ཡང་མིན། གང་བསམ་པ་འབྲི་རྒྱུའི་ཤེས་ཚད་མེད་པས་ཡིན། ལོ་རབས་བརྒྱད་བཅུའི་མགོ་སྟོད་ནས་བཟུང་ང་ཚོའི་བོད་ཀྱི་མི་རབས་གསར་བ་སྟེ་སྙུག་འཛིན་པའི་མིང་ཐོག་ཚུལ་མང་ཆེ་བས་ཕྱི་རྗེས་གཅིག་བཞགས་ཡོད་པ་ནི། ང་ཚོའི་ཕ་མེས་ཡང་མེས་ཚོ་དང་ཁོང་ཚོས་ཤུལ་བཞགས་ཀྱིས་རིག་གནས་རྩ་ལག་བཅས་ལ་དགེག་རྒྱག་གྱི་རྩོམ་ཡིག་རེ་སྤེལ་ཡོད་པ་དང་ཇ་ཁ་ཆང་ཁ་ནས་ཁོང་ཚོའི་ཤུ་འཚིངས་རོ་འཚིངས་སྔོགས་འདོན་བྱེད་རྒྱུ་དེ་རེད། དེ་ནི་ཁོང་ཚོས་ཆེད་ལས་ཞིག་རེད་ཞེས་བཤད་ནའང་མི་ཆོག་པ་མེད། འོན་ན་ཁོང་ཚོས་ཁ་ཕྱོགས་མེད་པས་བསམ་བློ་སྡོམ་པོ་དེ་གང་ཞིག་ནས་རྙེད་པ་ཟེར་ན། དེ་ནི་ང་ཚོའི་སེམས་པར་གསལ་ལྷིང་ངེ་འཆར་པའི་རིག་གསར་སྐབས་སུ་དེང་རབས་ཅན་བཞི་ཟེར་པའི་རླུང་འཚུབས་དམར་པོ་དེའི་ནང་རྙེད་པའི་ཆམ་ནད་ཞིག་རེད། ཁྲེལ་གཞུང་དང་རྒྱུ་འབྲས་མེད་པའི་ཆམ་ནད་དེ་བོད་ནང་ནས་གཞོན་སྐྱེས་ཚོའི་གླད་རྒྱ་གཏོར་ཏེ། བོད་ཕྱི་ལའང་སླེབས་ཡོད་པ་མ་ཟདའབྱུང་འགྱུར་གྱི་བཀའ་ཁྲི་གསར་བ་གསུམ་པོ་གང་རུང་ལ་ཡང་འགོས་ཡོད་ཚོད་འདུག། བཀའ་ཁྲི་གསར་བ་དེས་ང་ལ་དེ་འདྲའི་ནད་ཚ་ཁྱོན་ནས་མེད་ཚུལ་དང་ནང་མི་ལྷན་དུ་ཞལ་འདོན་ཡང་སྐྱོར་གིས་ཡོད་ཞེས་བཤད་གིས་ཡོད།།
རང་གི་ལུས་ལ་དཔེར་བླངས་ནས། །
གཞན་ལ་གནོད་པ་མ་སྐྱེལ་ཅིག །
གདོན་དེ་རང་གི་གནས་སུ་དེངས། །
ལ་རྒྱའི་བདག་པོ།་བུ་ལྷ་མཆོད་རྒྱུ། དེ་རིང་ཁྱི་ཚང་ནང་ནས་མི་སྐད་ཅིག་གོ་བྱུང་། བཀའ་བློན་ཁྲི་བ་སི་བླུག་ཐོག་ཁྱད་པ་མི་འདུག་ཀྱང་། ཁྱོད་ཀྱི་འགྲེལ་བརྗོད་དེ་མ་རེད་ཟེར་རྒྱུ་མི་འདུག མ་གཞི་ནས་བཀྲས་མཐོང་སྐུ་ངོ་ཐེ་ཝན་ཕེབས་མཁནདང་། ཧོང་ཀོང་ལ་བཞུགས་མཁན་གྲས་མིན་པ་མ་ཟད། ལོ་མང་རིང་བོད་གཞུང་གི་ཕྱག་ལས་གནང་མྱོང་མཁན་ཡིན་པས་གུས་ཞབས་ཞུ་ངེས་ཡིན། དཀའ་རྡོ་རབ་འབྱམས་པ་ལགས། ཁྱོད་གཉིས་ཁ་འཛིང་མ་བགོ། ཁྱི་ཚང་ནང་ལ་མི་འཛིང་བགོ་ན་མི་མཛའ།་དེ་བས་གཞོན་ནུ་དང་མེ་ཏོག་དཀར་པོ་ནང་བཞིན་བཟོད་སྒོམ་བཟོ་རོགས། དགོངས་ཚུལ་གསུང་ནའང་ག་ལེར་གསུངས་རོགས། བཀའ་བློན་འོས་གཞི་གསུམ་ཀར་དགའ་གསུ་ཡོད། ཁྱི་ལ་མི་དགའ།་མི་ལ་དགའ། ལྷ་ལ་རྩི། འདི་ངའི་སྡོམ་ཚིག་ཡིན།
༡༤༽ འཇང་གཡུ་ལྷ་ཐོགས་འགྱུར་ནས། སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢༥ གི་ཆུ་ཚོད་ ༡ སྐར་མ་ ༡༤
སྔར་ལོ་གྲོས་ཚོགས་གི་༼རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་ལ་སྤྲད་ཚར་བའི་ཡིག་ཆ་སྔ་རྗེས་གཉིས༽ཉིན་ཞིབ་མཐིལ་ཕྱིན་པ་ཞིག་བྱེད་པ་དེ་ ཀེ་ཏ་ཀིའི་གོ་མེད་པ་འདྲ་སྐུ་ངོ་མཇུ་ཆེན་ཐུབ་བསྟན་གིས་གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཟེར་ནས་རྒྱ་གར་ལྷོ་ཕྱོགས་ལ་དཀྲོག་གཏམ་སྤེལ་ནས་དམིགས་བསལ་ཚོགས་འདུ་ཞིག་བསྐོང་ནས་སྤྱི་མཐུས་ཚོའི་གོ་བྱུང་དང་ཤེས་བྱུང་ཟེར་ནས་ཁ་འདར་འདར་དང་ལྕེ་ནར་ནར་བྱེད་པ་ཡོངས་གྲགས་ཡིན་ བོད་ཤོར་རྐྱེན་དེ་ཡང་མི་ངན་ཁ་ཤས་ཞིག་གིས་དཀྲོག་གཏམ་སྤེལ་ནས་གཞུང་གི་དབུ་ཁྲིད་ཚོའི་ལམ་ཁ་བཀག་པ་ལུས་ཡིན།།ཞེས་བཤད་འདུག ངས་ཡང་གཅིག་བཤད་འདོད་བྱུང་། ང་ཚོའི་བཀའ་བློན་ཁྲི་བ་དེ། ཐེ་ཝན་གྱི་ཕོག་ཟ་མཁན་དང་གཅིག རྒྱ་ནག་ལ་གཞིས་ཆགས་མཁན་དང་གཉིས། ཕར་སྤྲོད་ཚུན་ལེན་གྱིས་བོད་བཙོང་མཁན་དང་གསུམ། འདི་རིགས་མིན་ན་བཀའ་བློན་སུ་བསྐོས་ནའང་དགག་བྱ་མེད་ལགས།
འདིར་ལ་རྒྱའི་སྐད་ཆ་ལ་བརྟག་སྐབས། རྩ་བ་དོར་ནས་ཡན་ག་བཟུང་བསྡད་འདུག ལན་འདི་སྟབས་བདེ་པོ་ཡིན། དཔལ་ལྡན་རྒྱལ་ཡང་ངའི་ལན་འདིར་བསམ་བློག་ཐོངས་རོགས། གཙོ་བོ་ཁྱེད་གསར་འགོད་པ་ཞིག་ཡིན་པས། ཁྱེད་ཀྱི་བསམ་བློ་གཏོང་སྟངས་ལ་ཕན།
ལན་དང་པོ། ལ་རྒྱས་བཤད་པ་བཞིན་སྐུ་དྲག་དང་དཔོན་ཚང་དེ་ཚོའི་ནང་མིས་བོད་གཞུང་ལ་ཞབས་ཞུ་མང་པོ་སྒྲུབ་པ་ཐུབ་པ་འདི་གཙོ་བོ་བོད་གཞུང་གི་ལས་བྱེད་དང་དཔོན་པོར་ཁོང་ཚོར་གོ་སྐབས་མང་བ་ཐོབ་ཡོད། གོ་སྐབས་དེ་དབང་གིས་ཁོང་ཚོའི་བུ་ཕྲུག་ལ་སློབ་གསོ་དང་ཤེས་ཡོན་ལེགས་པ་ཐོབ་ཡོད། ཕ་ཚ་བུ་བརྒྱུད་ཐོག་ནས་ཁོང་ཚོས་རང་གི་བུ་ཕྲུག་དང་སྤུན་ཉེ་ལ་ཁེ་དབང་ཚད་ལས་འདས་པ་སྦྱིན། བོད་རྒྱ་ཆེའི་མི་དམངས་རྣམས་བྲན་གཡོག་དང་མནར་གཅོད་ཚད་མེད་བཏང་ནས་མཐར་རང་ཡུལ་གཞན་ལ་སྦྱིན་པ་ལྟ་བུ་བྱས་ནས་བྲོས་ཡོང་བ་རེད།
ལན་གཉིས་པ། ཁོང་ཚོས་བྱས་རྗེས་བཞག་པ་དེར་གླ་དང་ཁོང་ཚོའི་ལྟོ་གོས་ཀྱང་ཕྱིད་ཡོད་སྟབས། དེ་ལ་བྱས་རྗེས་གཅིག་པུ་ཨེ་ཡིན། དེང་སང་ཨ་རིའི་ནང་ལ་གླ་ཆ་སྤྲད་ན། ཁ་ཆེ་དེ་ཚོས་ཨ་རིའི་གླ་ཆ་ལེན་ནས་ཨཻ་རག་དང་ཨ་ཕེ་གན་ལ་དམག་ལ་འགྲོ་གི་འདུག སྐུ་དྲག་དེ་ཚོས་བོད་མིའི་ལས་ཀ་བྱེད་སྐབས། སྲོག་བློས་གཏོང་དགོས་ཀྱི་མིན་འདུག ཁང་པ་དང་གླ་ཆ་ས་གནས་ཀྱི་གནས་ཚུལ་དང་བསྟུན་ན་གྱོང་རག་མེད། ད་སྡུག་ཡུས་མ་ཤོད་རོགས་ལ་རྒྱ།
སྐུ་དྲག་དེ་ཚོ་བོད་གཞུང་བཞག་ནས་འགྲོ་ས་ཡོད་ན་སྔར་ནས་ཕྱིན་ཟིན། ཁོང་ཚོ་སྐབས་དེ་དུས་འགྲོ་ས་དང་འདུག་ས་བོད་མི་དམངས་ལ་མགོ་བོའི་ཐོག་ལ་གནོན་པའི་བཅའ་ཁྲལ་དེ་ལས་ལེགས་པ་མེད་སྟབས། དེ་ལྟར་མ་བྱས་སྟབས་མེད། འགྲོ་ས་ཡོད་ནས་མ་ཕྱིན་པར་བོད་མིའི་བདེ་སྐྱིད་བསྒྲུབས་ནས་སྡོད་མཁན་སྐུ་དྲག་སུ་འདུག
བསྟན་འཛིན་རྣམ་རྒྱལ་བཀའ་ཁྲི་བཞག་ནས་ཨ་རིར་ལོགས་རྗེས་ལས་ཀ་མ་འཐོབ་པར་ག་ཚོད་མྱངས་སོང་ངམ། མཐར་ཨ་རིའི་མཐོན་སློབ་ཞིག་ལ་གླ་ཆ་ཉུང་ཉུང་ཞིག་བླངས་ནས་བོད་ཡིག་ཁྲིད་ནས་སྡོད་པ་དང་། རྗེས་མ་དེས་ཀྱང་ལྟོ་གོས་མ་ཕྱིད་པར། སྐུ་སྒེར་ཡིག་ཚང་ལ་ཞུས་ནས། ཁོང་གི་གཅེན་པོ་བསྟན་འཛིན་དགེ་བྱེད་ཀྱི་རོགས་སྐྱོར་འོག རྒྱལ་བ་རིན་པོ་ཆེའི་ཐེབས་རྩ་བཙུགས་ནས་དེ་ལས་གླ་ཆ་བླངས་ནས་ལྟོ་གོས་ཕྱིད་པ་དེ་དངོས་ཡོད་རེད། ད་དེ་རྒྱལ་བཞེན་དང་མི་རིགས་ཀྱི་དོན་རེད་དམ།
ད་ལྟ་ལ་རྒྱས་བཤད་པའི་སྐུ་དྲག་དང་དཔོན་ཆེན་ཚང་གི་བུ་ཕྲུག་དེ་ཚོར་བོད་གཞུང་ལ་ཞབས་ཕྱི་མ་ཞུས་པར་ཁོང་ཚོར་འགྲོ་ས་དེ་ལས་ལེགས་པ་ག་པར་འདུག བསམ་བློ་ཡག་པོ་བཏང་ནས་འབྲི་རོགས།
སྐུ་དྲག་མི་དགོས། ཁྱིམ་བརྒྱུད་ཆེན་པོ་ཡང་མི་དགོས། དགོས་རྒྱུ་དེ་མང་གཙོ་ཡང་དག་པ་ཅིག་དགོས།
ཨ་རོ་ད་ གྲལ་རིམ་འཐབ་རྩོད་དེ་ལོ་དགུ་བཅུའི་གོང་ལ་ཨུ་རུ་སུར་བྱུང་བ་དང་ ལོ་རྒྱད་བཅུའི་གོང་ལ་ཀྲུང་གོར་བྱུང་ དེ་ནས་བོད་ལ་བྱུང་ནས་ལོ་དྲུག་བཅུ་སོང་ འཐབ་རྩོད་དེའི་ནང་མི་ས་ཡ་་མང་པོ་དམར་གསོད་གཏང་ ད་ལྟ་༢༠༡༡ ལོ་ལ་རང་ལ་དབང་བའི་ས་ཆ་སེ་མོ་རྩམ་མེད་པའི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་གཞི་ནས་གྲལ་རིམ་འཐབ་རྩོད་མགོ་ཚུགས་ཀྱི་ཡོད་པར་བསམ་བློ་གཏང་ན་རྒྱལ་སྤྱིའི་ཐོག་ང་ཚོ་རྗེས་ལུས་ག་ཚོད་ཐེབས་ཡོད་མེད་ཤེས་་ཀྱི་འདུག
དམངས་གཙོ་ཡང་དག་པ་ཞིག་དགོས་ན་དམར་པོའི་གྲལ་རིམ་འཐབ་རྩོད་བཞག་ན་དགའ་
དམར་ཤོག་ཀྱི་ལྟ་བ་ཤུགས་ཆེན་པོ་འཁྱེར་ནས་་དམངས་གཙོ་ཡང་དག་པ་དགོས་ཟེར་ན་ཡོང་ཡས་མེད་པ་ཞིག་རེད་
ང་ནི་གྲལ་རིམ་འཐབ་རྩོད་ལ་ཤིན་ཏུ་ནས་མི་དགའ། སྔོན་ཆད་དམར་སྲུང་དམག་དེ་ཚོས་ལོ་ལོ་ཚོ་ལ་གྲལ་རིམ་དགྲ་བོ་ཟེར་ནས་རྡུང་། ཤེས་ཡོན་པ་ཚོ་ལ་གྲལ་རིམ་དགྲ་བོ་ཟེར་ནས་རྡུང་། རྣ་ནང་ལ་རྔ་རྡུང་ནས་རྡུང་། རྣ་ནང་ལ་སྦུག་རྡུང་ནས་རྡུང་། མགོ་ལ་ཤོག་བུའི་ཞྭ་མོ་བསྐོན་ནས་རྡུང་། གདོང་ལ་མཆིལ་མ་བཏབ་ནས་རྡུང་། རྡུང་རྡུང་བའི་བྱ་འགུལ་དེའི་ནང་ནས་གྲལ་རིམ་འཐབ་རྩོད་ལ་སུན་པར་གྱུར།
ད་བཙན་བྱོལ་སྤྱི་ཚོགས་འདིའི་ནང་དུ་ཡང་གྲལ་རིམ་འཐབ་རྩོད་ཀྱི་མགོ་འབུས་པའི་དམར་སྲུང་དམག་མི་ཁ་ཤས་ཀྱི་གྲལ་རིམ་དགྲ་བོ་ཟེར་ནས་ཀུ་ཅོ་འདོན། མངའ་བདག་ཟེར་ནས་ཀུ་ཅོ་འདོན། སྐུ་དྲག་ཟེར་ནས་ཀུ་ཅོ་འདོན། གང་ལྟར་ཀུ་ཅོ་འདིའི་འཁོར་ཡུག་ཀུན་ཏུ་སུན་པོ་བཟོ།
བཀས་བཀོད་རྒྱུན་འཛིན་ཟེར་ནས་ངས་ནི་དེང་སང་གོ་བ་མི་འདྲ་བ་ཞིག་ཤར་ཡོང་གི་འདུག དེ་ནི་རྒྱ་ནག་ཚང་གིས་བཀའ་བཏང་ཟིན་ནས་ཡུན་རིང་འགོར་རྗེས། བོད་པ་ཚང་གིས་རྒྱུན་འཛིན་བྱེད་པ་ལ་བཀས་བཀོད་རྒྱུན་འཛིན་ཟེར་ན་འགྲིག་པར་སྣང་། གྲལ་རིམ་འཐབ་རྩོད་འདི་རྒྱ་ནག་ཚང་གིས་བསྒྲགས་པའི་བཀའ་རྙིང་པ་ཞིག་རེད། དེ་བཙན་བྱོལ་སྤྱི་ཚོགས་ན་རྒྱུན་འཛིན་བྱེད་པའི་ཅོལ་ཆུང་སྐོར་ཞིག་ནི་ངོ་ནས་བཀས་བཀོད་རྒྱུན་འཛིན་རང་རེད། དེ་འདྲ་མ་རེད་དམ།
དྲ་གྲོགས་རྣམས་ཀྱིས་དགོངས་འཆར་ལྷུག་པོར་གསུངས་པར་དགའ་བསུ་ཞུ་རྒྱུ་ཡིན།
དང་ཐོག་ཀ་རྡོ་རབ་འབྱམས་པ་ལགས་སྐུ་ཉིད་ཐུགས་རྣལ་དུ་གནས་ནས་ཞིབ་ཏུ་སོམས་དང།་ངས་སྐུ་ཉིད་ལ་བུང་བུ་རེད་ཅེས་ངའི་མཆན་བུ་གང་གི་ནང་དུ་འདུག་གམ་གསུངས་རོགས་གནང་།་ང་མི་གཞན་ལ་དེ་ལྟར་བརྗོད་རྒྱུ་དགའ་པོ་མེད།ངས་སྐུ་ཉིད་ལ་བུང་བུ་ཞེས་དངོས་ཤུགས་བརྒྱུད་གསུམ་གང་གིའང་བརྗོད་མེད།་
གཅིག་བྱས་ན་སྐུ་ཉིད་རྣམ་རྟོག་གི་དྲ་བས་བཅིངས་དུས།
ཆུ་འབབ་ཀླུང་ལ་ཡི་དག་སྣག་བློ་བཞིན་ཞེས་པ་ལྟར་ཁྱེད་རང་གིས་འཁྲུལ་འདུགདེར་གསལ་བཤད་གནང་རོགས།
གསལ་བཤད་བྱེད་དགོས་རིགས་གཞན་རྣམས་རྗེས་སུ་ཞུ་རྒྱུ་ཡིན།
དྲ་གྲོགས་BBCདང་དཔལ་ལྡན་ལགས་སོགས་ཀྱིས་གཙོས་པའི་དྲ་གྲོགས་རྣམས་ཀྱིས་ལྟ་བ་མཐུན་མིན་ལ་མ་ལྟོས་པར་དོ་སྣང་ཆེན་པོས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ་བ་སྦྲགས།་དྲ་གྲོགས་འགའ་ཤས་ཀྱི་དགོངས་འཆར་ལ་གསལ་བཤད་ཞུ་རྒྱུ་ཡིན།
དྲ་གྲོགས་ཚངས་དབྱངས་ལགས་ཀྱི་མཆན་༢༤་ལ་གསལ་བཤད་ཞུ་རྒྱུར།
༡༽དེ་སྔ་བོད་ནང་སྐུ་དྲག་དང་མི་ཚང་ཕལ་པ་གང་ཡིན་རུང་།་བཙན་བྱོལ་ལ་ཕེབས་ཁ་ཕོར་ཙམ་ཡང་འཁྱེར་ལོངས་གཅིག་མཚུངས་རེད།སྐུ་དྲག་གི་བུ་བརྒྱུད་གོ་སྐབས་འཕར་མ་དེ་སུས་སྤྲད་དམ།
༢༽སྐུ་དྲག་ཚོས་བོད་གཞུང་ལ་སྲི་ཞུ་བསྒྲུབས་པ་དེ་གླ་ཡོན་གྱི་ཆེད་དང་མི་གཞན་གྱིས་སྲི་ཞུ་བསྒྲུབས་པ་དེ་ལྷག་བསམ་རེད་གསུངས་ཀྱི་ཡོད་དམ།ཧ་ཧ་གཞས་གད་སློང་བྱེད་ཀྱི་བཀའ་མོལ་དགོད་དྲོ་པོ་གསུངས་འདུག
དཔེར་ན།བཀྲས་མཐོང་ལྟ་སྒྲོན་གྱིས་༢༠༠༨་ལོར་རྒྱ་ནག་ལྕགས་རི་རིང་པོར་སྲོག་ཀློད་བཏང་གི་བོད་རང་བཙན་གྱི་འཕྲེད་དར་འབྱར་བ་དེ་ཡང་གླ་ཡོན་གྱི་ཆེད་ཡིན་ནམ།
བཀྲས་མཐོང་དབང་པོས་༢༠༠༨་ལོར་ལུས་རྩལ་འགྲན་ཚོགས་སྐབས་སུ་གནམ་སྡེ་འགོར་མོའི་ཐང་ཆེན་དུ་བོད་ཀྱི་རྒྱལ་དར་ལུས་ལ་དཀྲིད་ནས་ཉལ་བསྡད་པ་ཡང་གླ་ཡོན་གྱི་ཆེད་ཡིན།
བཀྲས་མཐོང་ཨུ་རྒྱན་ལགས་ཀྱིས་རང་ཉིད་ཀྱི་ཁྲིམས་རྩོད་ཀྱི་ཡོངས་འགོ་ཆེ་བའི་ལས་ཀ་དོར་ནས་ལོ་མང་རིང་དང་བླངས་ཐོག་ཡོབ་བོད་ཀྱི་གཞོན་ནུའི་ཚོགས་གཙོའི་ལས་འགན་བསྒྲུབས་པའང་གླ་ཡོན་ཆེད་ཡིན་ནམ།
དེ་དག་ནི་བཀྲས་མཐོང་གི་མི་རབས་གསར་པ་ཞེ་གཅིག་རེད།
༣༽ཁ་བརྡ་ཚང་དེ་ཁུངས་མེད་གཏམ་འཆལ་བཤད་སར་བེད་སྤྱོད་མ་གནང་བར་དོན་དམ་པའི་བགྲོ་གླེང་གི་ར་བ་བཟང་པོ་ཞིག་ལ་བེད་སྤྱོད་བྱེད་པའི་རེ་བ་ཞུ་ཡིན།
དེ་ནས་སྐུ་ཉིད་ཀྱིས་བཀྲས་མཐོང་བསྟན་རྣམ་མཆོག་གི་སྐོར་ལ་ཁ་ནས་གང་ཐོན་རྐྱང་རྐྱང་གསུངས་འདུག
འོན་ཀྱང་སྟབས་ལེགས་པ་ཞིག་ལ་དེང་སང་འཆཪ་འཕྲིན་གྱི་དུས་རབས་སུ་བཙན་བྱོལ་བོད་མི་ཚང་མས་ཁ་མིག་རྣ་གསུམ་ཕྱི་ཕྱོགས་སུ་སྲིངས་ནས་ཕྱི་རོལ་གྱི་ཤེས་བྱ་མང་པོ་ཞིག་བསྡུ་ལེན་གྱི་བླང་དོར་དང་དབྱེ་ཞིབ་བྱེད་ཀྱི་ཡོད་སྟབས།་ཁྱེད་ཀྱི་ཁུངས་མེད་གཏམ་འཆལ་དེ་དག་ཆུ་ནང་གི་གཏུག་དྲི་བཞིན་ནུས་མེད་དུ་འགྲོ་རྒྱུར་གདོན་མི་ཟ།
༤༽་དོན་དངོས་ཐོག་བཀྲས་མཐོང་བསྟན་རྣམ་མཆོག་ནི་བཙན་བྱོལ་བོད་མིའི་ཁྲོད་ནས་མཛད་རྗེས་ཅན་དང།་ལྷག་བསམ་ཅན།འཇོན་ཐང་ཅན་ཞིག་ཡིན་པ་སྐུ་ཉིད་ལྟ་བུའི་ཁྲོན་ནང་གི་སྦལ་པ་རེ་གཉིས་མ་གཏོགས་གཞན་ཚང་མས་ཁོང་ལ་བསྟོད་བསྔགས་ཀྱི་མཐེ་བོང་གུང་ལ་སྒྲེང་བཞིན་པ་འཆར་འཕྲིན་གྱི་བརྒྱུད་ལམ་ཁག་ནང་ཡོངས་གྲགས་རེད།
༥༽ལར་ནས་མི་ཞིག་ནག་པོ་བཟོས་པར་ཁུངས་དང་རྒྱུ་མཚན་དགོས་ལ།་དེ་བས་བཙན་བྱོལ་བོད་མིའི་རླབས་ཆེན་གྱི་མི་སྣ་དེ་དག་ནག་པོ་བཟོས་པར་ངོ་ཚ་ཞེ་ཁྲེལ་སྤངས་ནས་གདོང་པར་ལྕགས་ཀྱི་སྦག་གྱོན་ན་མ་གཏོགས་ཁག་པོ་ཡིན་པ་མཁྱེན་སོང་ངམ།
དྲ་གྲོགས་ཚོས་། བགྲོ་གླེང་གནང་བར་ཁ་བརྡས་དགའ་བསུ་ཞུ།
འོན་ཀྱང་། དོན་མེད་དབྱེན་དཀྲུགས་སོགས་ཀྱི་མཆན་ལ་འདི་ནས་དགའ་བསུ་མི་ཞུ།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
ཁ་བརད་ནང་དུ་ཁ་འཛིང་མ་བགོ་རོགས།། སྐུ་དྲག་ཚོ་ལ་སྐུར་བ་མ་བཏབ་རོགས།། བསྟན་འཛིན་རྣམ་རྒྱལ་བྱས་རྗེས་ཆེན་པོ་རེད།། བློ་བཟང་སེངྒེ་ཡོན་ཏན་ཆེན་པོ་རེད།། བློ་བཟང་སེངྒེ་ཐེ་ཝན་སྡོད་མཁན་མིན།། བསྟན་འཛིན་ྲྣམ་རྒྱལ་ཧོང་ཀོང་བཞུགས་མཁན་མིན།། ང་ཡི་རེ་བ་ཆེ་ས་ཁོང་གཉིས་ཡིན།།
ངའི་རེ་བར་བཀྲ་ཤིས་དབང་འདུས་གསུམ་པ་ཡིན།