ཤར་ཕྱོགས་ཁུག་རྟ།
ད་ཉིས་སྟོང་བཅུ་གཉིས་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ལ་སླེབས་སོང། ཕྱི་ཟླ་བཅུ་གཉིས་པ་འདི་གྲོས་མོལ་གྱི་ལམ་ནས་མིའི་རིགས་ཀྱི་དཀའ་ངལ་སེལ་བའི་ལྟ་གྲུབ་ལ་ཡིད་ཆེས་ཡོད་མཁན་ཚང་མས་རེ་སྒུག་བྱས་པའི་ཟླ་བ་ཞིག་ཡིན། ཟླ་བ་བཅུ་གཉིས་པ་ནི་རྒྱ་ནག་གི་མགོ་ཁྲིད་འཕོ་འགྱུར་ཕྱིན་པ་མ་ཟད་ཞིས་ཅིན་ཕིན་གྱིས་མཛད་འཕྲིན་སྐྱོང་བཞིན་པའི་སྒང་ཡིན། བོད་མི་ཚོའི་རྣ་བ་དང་སེམས་ངོགས་ན་ད་ལྟ་ད་དུང་ཡལ་མེད་པའི་སྐད་ཆ་ཚ་ལམ་མེ་བ་ཞིག་ཡོད་པ་ནི། ཕྱི་ཟླ་བཅུ་གཉིས་པ་འདིའི་ནང་འབྲེལ་མོལ་བསྐྱར་གསོ་བྱ་རྒྱུ་མ་ཟད། སྐུ་ཚབ་ཀྱང་བསྐོ་བཞག་བྱེད་ཀྱི་ཡིན་ཅེས་པའི་ང་ཚོའི་སྲིད་སྐྱོང་མཆོག་གི་གསུང་འདི་རེད།
ད་བར་རང་སྲེག་ཐད་རྒྱལ་སྤྱིས་ནུས་ལྡན་གྱི་རྒྱབ་སྐྱོར་མ་བྱས་ཀྱང། རང་སྲེག་གིས་རྒྱ་ནག་གཞུང་ལ་བློ་འཚབ་ཆེན་པོ་ཞིག་སྤྲོད་བཞིན་པའི་སྐབས་འདིར། ཞིས་ཅིན་ཕིན་གྱི་ཁྱིམ་བརྒྱུད་དང་རྒྱལ་སྤྱིའི་སྣང་བརྙན་ལ་མི་གསོད་ལག་དམར་ཧུའུ་ཅིན་ཐའོ་ལས་གདེང་འཇོག་འོས་འཚམས་བྱེད་བཞིན་པའི་སྐབས་འདིར། སྐུ་ཞབས་ཞིས་ནས་ཀྱང་རུལ་སུངས་རྩད་གཅོད་དང་སྔོན་འགོག་གི་ལས་དོན་ཞིག་རྒྱ་ཁྱབ་ལག་བསྟར་བྱེད་པའི་སྐབས་འདིར། ཐ་ན་ཞིས་ཀྱི་ཨ་ཕས་དེ་སྔ་༸པཎ་ཆེན་རིན་པོ་ཆེར་སྤྲིངས་པའི་འཕྲིན་ཡིག་ཅིག་ཀྱང་དེང་སྐབས་བསྐྱར་དུ་ཚགས་པར་སྟེང་བཀོད་དེ་པེ་ཅིང་དུ་གླེང་སློང་ཡ་མཚན་ཡོང་བཞིན་པའི་སྐབས་འདིར། རྒྱ་ནག་གི་མགོ་ཁྲིད་ནང་ཁུལ་ལ་མངོན་དང་མི་མངོན་པའི་འགལ་བ་རྣོ་ངར་ཅན་ཡོད་པའི་སྐབས་འདིར། རང་ཉིད་ལ་གདེང་ཚོད་ཆེན་པོ་ཡོད་པའི་བོད་ཀྱི་སྲིད་སྐྱོང་གིས་གོ་སྐབས་འདི་རྣམས་ཇི་ལྟར་བླངས་ཏེ་སྐུ་ཚབ་བསྐོ་བཞག་གིས་འབྲེལ་མོལ་བསྐྱར་གསོ་བྱ་རྒྱུ་ཡིན་མིན་དེ་རེད།
སྐབས་འདིར་ང་ཚོས་ཕྱིར་ལྟོས་ཤིག་བྱས་ན། ༢༠༠༨ ལོའི་ལོ་རྒྱུས་སུ་མ་གྲགས་པའི་ཞི་རྒོལ་ཆེན་མོའི་སྐབས། རྒྱ་གཞུང་གིས་གསུམ་བཅུའི་དུས་དྲན་ནས་བྱུང་བའི་ཞི་རྒོལ་ལ་མིང་འདོགས་སྣ་ཚོགས་ཤིག་བཏགས་པ་མ་ཟད་ཞི་རྒོལ་ངན་སྐུལ་བ་༸གོང་ས་མཆོག་ཡིན་ཚུལ་སྒྲོག་བཞིན་པའི་སྐབས་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་རྭ་ནས་སྲིད་བློན་ཝུན་ཅཱ་པོས་ཁོ་རང་གི་ངོས་ན་བརྡ་ལན་ཞིག་བཙན་བྱོལ་བོད་གཞུང་ལ་བསྐྱལ་རྒྱུ་ཡོད་པ་རྡ་རམ་ས་ལར་འབྱོར་ཡོད་པ་འདྲ་ལ། སྲིད་བློན་རྒྱལ་ཕྱི་ལའོ་སིར་འབྱོར་ནས་ནམ་རྒྱུན་འཆར་ཅན་གྱི་བཀའ་མོལ་ནང་”༸གོང་ས་སྐྱབས་མགོན་ཆེན་པོས་ཤུགས་གནོན་བེད་སྤྱོད་བཏང་ནས་བོད་ནང་ལྷིང་འཇགས་བཟོ་རོགས་”ཞེས་པ་ཞིག་བཅུགས་ནས་ཡོངས་བསྒྲགས་གནང་རྐྱེན། ༸གོང་ས་ཆེན་པོས་ཕྱི་ཟླ་ ༣ ཚེས ༡༩ ཉིན་ཧུའུ་ཅིན་ཐོའི་མིང་ཐོག་ལ་ཐད་ཀར་བཀའ་ཡིག་ཅིག་སྩལ་ཏེ། སྲིད་བློན་ཝུན་ཅཱ་པོའི་རེ་བ་དེ་ལྷག་བསམ་རྣམ་དག་ཡིན་ན། ༸གོང་ས་མཆོག་གི་ནུས་ཤུགས་བོད་དུ་བསླེབ་རྒྱུར་ཆ་རྐྱེན་བསྐྲུན་ན་སྐུ་ཚབ་ཆེད་གཉེར་གནང་དགོས་བྱུང་ནའང་གོ་སྒྲིག་ཡོད་ཅེས་གསུངས་སྟབས། ཕྱི་ཟླ ༤ ཚེས ༢༣ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ ཙམ་ལ་འབྲེལ་མོལ་བྱ་རྒྱུ་ཡིན་པའི་བརྡ་ལན་འབྱོར་སྟབས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་ཛ་དྲག་གི་སྐབས་ཀྱི་ནང་མོལ་དེ་བྱུང་བ་རེད།
བྱུང་རིམ་འདིའི་སྐབས་ཀྱི་གནས་ཚུལ་བཞིན་རྒྱ་གཞུང་གིས་༸གོང་ས་མཆོག་གིས་རང་སྲེག་གཏོང་མཁན་ལ་ཇུས་འགོད་བྱས་ཚུལ་དང། ཡང་ཕྱོགས་གཞན་ཞིག་ནས་འུ་ཐུག་ནས་༸གོང་ས་མཆོག་གིས་རང་སྲེག་གཏོང་མཁན་གཏན་འགོག་གནང་གི་མི་འདུག་ཅེས་སྤྱི་མཚུངས་སྐད་ངན་མང་པོ་ཤོར་ཡོད། ཡིན་ནའང། བྱུང་རབས་ལྟར་སོང་ན། སྲིད་སྐྱོང་མཆོག་གིས་ཕྱི་ཟླ་བཅུ་གཉིས་པ་འདི་དམིགས་བསལ་གསལ་འདོན་བྱེད་དགོས་དོན་ཡང་འབྲེལ་མོལ་བསྐྱར་གསོ་བྱེད་ལ་ཉེ་བའམ། བྱེད་དགོས་པའི་གནས་བབ་ཅིག་ངོས་ལེན་དང་སྦྲགས་མེ་ཡིས་འབར་བཞིན་པའི་བོད་ནང་གི་ཛ་དྲག་གནས་བབ་གང་མགྱོགས་རྒྱ་གཞུང་དཔོན་རིགས་དང་ཐུག་འཕྲད་ཀྱིས་ཐག་གཅོད་བྱེད་དགོས་དགོངས་པ་ཡིན་ནམ་སྙམ།
སྲིད་སྐྱོང་གི་ཐུགས་རེ་འདི་དང་འབྲེལ་ནས་བསྐོ་བཞག་བྱ་རྒྱུའི་སྐུ་ཚབ་སྐོར་ལའང་ང་ཚོས་གླེང་སློང་བྱེད་དགོས་པ་འདྲ་སྟེ། སྐུ་ཚབ་ནི་འབྲེལ་མོལ་གྱི་རྩ་དོན་ཡིན་པ་ཚང་མར་ཉམས་མྱོང་བྱུང་ཡོད་པ་དེ་རེད། དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་རྩ་དགོངས་ཞུས་ནས་ཉིན་ཤས་མ་འགོར་ཡང། ད་ལྟ་གཞི་ནས་ཤེས་ཚོད་བྱས་ན་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ཡོ་རོབ་དམིགས་བསལ་སྐུ་ཚབ་ཏུ་ལམ་སེང་བསྐོ་བཞག་གིས་ཕྱག་ལས་གནང་བཞིན་པ་ཡིན་ནའང། ཨ་རི་གཞུང་དང་གཞུང་གི་ཆེས་མཐོའི་དཔོན་རིགས་ལ་འབྲེལ་བ་གཏིང་ཟབ་ཡོད་པའི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རིན་པོ་ཆེ་མཆོག་ལ་ད་བར་ལས་གནས་གང་ཡང་གོ་སྒྲིག་ཞུས་མེད་སྟབས། ཁོང་ཉིད་བསྐྱར་དུ་དམིགས་བསལ་སྐུ་ཚབ་ཀྱི་ཕྱག་ལས་སྟེང་མ་ཕེབས་ཐབས་མེད་ཡིན་ཚུལ་ལ་ཚོད་དཔག་བྱེད་མཁན་མང་པོ་ཡོད། དེ་ནི་ཉེ་ཆར་ཨ་རིའི་གྲོས་ཚོགས་ནང་སྐུ་ཚབ་ཟུར་པ་མཆོག་ལ་ཨ་བོད་བར་གྱི་ཟམ་པ་ལྟ་བུའི་ཕྱག་ལས་གནང་མཁན་དང་། རྒྱ་བོད་འབྲེལ་བའི་སྐོར་གྱི་བྱས་པར་གྲོས་ཆོད་ཅིག་བཞག་ཡོད་པ་དང་འབྲེལ་བ་ལོས་ཡོད་བསམས་མོད། ཕྱོགས་གཞན་ཞིག་ནས་འཐབ་ཕྱོགས་གཅིག་གྱུར་གྱི་རྩོམ་པ་པོ་ཡེ་རྡོར་གྱིས་བྲིས་པའི་བློ་རྒྱ་བར་གྱི་དཀྲོགས་གཏམ་ཀྱང་སྐུ་ཚབ་དང་འབྲེལ་བའི་དཔྱད་གླེང་ནང་ཚུད་ཡོད། ངས་ནི་རིན་པོ་ཆེའི་དགུང་ནའི་བབ་དང་མཛད་བྲེལ། བསྒྲགས་གཏམ་ཁག་གང་ལ་གཞིགས་ཀྱང་ཁོང་ཉིད་བསྐྱར་དུ་སྐུ་ཚབ་གནང་འདོད་མེད་པ་ནི་གསལ་རྟོགས་འདྲ་ཞིག་བྱུང། དེ་བཞིན་སྐུ་ཚབ་སྐལ་རྒྱམ་ཡང་འགན་བློས་བཟོད་བྲལ་ལ་རེ་བ་གསར་པ་ཞིག་ཡོང་ཤེས་མེད་པ་དང། ཡོང་གི་ཡོད་ན། ད་ཐེངས་མི་མང་ལ་གསལ་བཤད་ཡོད་པའི་ལམ་ནས་ཕེབས་དགོས་སྟབས། འདིའང་ངས་བལྟས་ན་ཕལ་ཆེར་ཡོང་རེ་བྲལ།
དེས་ན་ང་ཚོས་གང་ཟག་སུ་ལ་འབྲེལ་མོལ་སྐུ་ཚབ་ཀྱི་འོས་འགན་འབབ་ཀྱི་ཡོད་པ་དང། སུའི་སྟེང་ན་འོས་ཆོས་ཚང་གི་ཡོད་མེད་དེ་གླེང་སློང་ཤུགས་ཆེན་གྱིས་བཀའ་ཤག་གསར་པར་གཞོགས་འདེགས་བྱེད་དགོས་པ་དེ་རེད། གཞོགས་འདེགས་ཐད་ཅི་ཡང་མི་ཤེས་མཁན་ང་ལྟ་བུ་ཞིག་གིས་ཀྱང་མི་མང་གི་གླེང་ཕྱོགས། དངོས་ཡོད་གནས་བབ་གང་ལ་བལྟས་ཀྱང་བཤད་ཐུབ་པ་ཞིག་ནི། སྐུ་ཚབ་རྣམ་པ་གཉིས་སྟག་སེང་ཁ་སྤྲོད་བཞིན་འགྱིང་ཡོད་པ་སྟེ། ༸སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང། སྐུ་ཞབས་ཨ་ཀྱཱ་རིན་པོ་ཆེ་རྣམ་གཉིས་རེད། ངས་འདི་ལྟར་བཤད་ན་ཆོས་ཀྱི་སེམས་ཁམས་ཀྱིས་སྲིད་སྟེགས་སྟེང་ཕན་འབྲས་མི་ཐོན་པར་བཤད་པའི་ཁུངས་མེད་རུ་དཔུང་གི་ཐུགས་ལ་འཕྲོད་པ་ཞིག་མི་ཡོང་ཡང་བྱ་ཐབས་བྲལ། ཁོང་རྣམ་པ་གཉིས་ཀྱིས་རྒྱལ་སྤྱི་དང་རྒྱ་ནག བོད་མི་རིགས་དང་བཅས་པའི་མཚོ་མཐའ་མི་བསྐོར་བའི་གནས་བབ་གང་ཡང་མེད་པ་ཡིན་སྟབས། སྐུ་ཚབ་འདི་འདྲ་ཞིག་རྒྱ་ནག་ལ་ཕེབས་ཏེ་གྲོས་མོལ་གནང་ཐུབ་པ་ཡིན་ན། སྤྱིར་རྒྱ་ནག་ལ་བོད་ཀྱི་དཀའ་ངལ་སེལ་འདོད་མེད་ན་གནས་ཚུལ་གཞན་ཞིག་རེད་མ་གཏོགས། རྒྱ་ནག་གི་མགོ་བསྐོར་འོག་ཚུད་རྒྱུ་མིན་པའི་བློ་བདེ་བོ་དེ་བོད་མི་ཚོས་རྒྱུན་བཅངས་ཞུ་ཆོག་གི་རེད་བསམས།
རང་སྲེག་ས་འབར་གནམ་འབར་དུ་སོང་རྐྱེན་དེང་རང་རེའི་སྨྱུག་འཛིན་པ་དག་ཀྱང་ལྐུགས་པའི་ངང་ཚུལ་འཛིན་མཁན་ཞེ་གཅིག་ཏུ་འགྱུར་བཞིན་པ་འདིས། འབྲེལ་མོལ་དང་སྐུ་ཚབ་སྐོར་གཞར་ཡང་བསམ་ཚུལ་སྤུངས་བརྩེགས་ཤིག་ཡོང་མིན་ཐེ་ཚོམ་ཡིན་ནའང། ༢༠༠༨ ལོའི་ཞི་རྒོལ་སྐབས་ཀྱི་ཛ་དྲག་ནང་མོལ་གནང་དགོས་པའི་ཆབ་སྲིད་དབུ་ཁྲིད་ཀྱི་བློ་སྟོབས་དང། ནང་མོལ་སྐབས་གསལ་བཤད་གནང་བ་ཁག་ཅིག་མཇུག་ཏུ་སྨྲ་ན། སྲིད་སྐྱོང་གི་འབྲེལ་མོལ་བསྐྱར་གསོ་དང་སྐུ་ཚབ་བསྐོ་རྒྱུ་ཇི་ལྟར་ཁས་བླངས་དམ་བཅའ་བཞིན་ཟླ་བ་འདི་ག་རང་ལ་གནང་ཐུབ་པ་ཞིག་དང། དེ་དེ་བཞིན་ལམ་ལྷོང་ཡང་ཡོང་བར་ཤོག
དེ་ཡང། ༢༠༠༨ ལོར། བོད་ས་ཡོངས་སུ་སྔར་མ་གྲགས་པའི་སྡེབས་ལངས་ཞི་རྒོལ་ཆེན་པོས་གནམ་ས་སྒྲིབ་སྐབས། འབྲེལ་མོལ་ཐེངས་དྲུག་པ་མུ་མཐུད་རྒྱུའི་གནས་བབ་མེད་ནའང། དུས་སྐབས་ཛ་དྲག་འདི་འདྲ་ཞིག་གི་སྐབས་སུ་ཁ་གཏད་རྒྱ་གཞུང་གི་དཔོན་རིགས་དང་ཐུག་འཕྲད་ཙམ་ཡང་མ་ཐུབ་པར། ཐག་རིང་ནས་བསྒྲགས་གཏམ་རེ་སྤེལ་ན་འཐུས་རྒྱུ་མིན་པ་བྱུང་རབས་ཀྱིས་གསལ་ཁ་བྱེད་པར་དགོངས་ཏེ། ཐབས་ཤེས་རྩལ་སྤྲུགས་ཀྱིས་རྒྱ་གཞུང་ལ་ཛ་དྲག་ནང་མོལ་མ་གནང་ཐབས་མེད་དང། གནང་བ་དེའང་འབྲེལ་མོལ་སྔར་འཕྲོ་མིན་པར་དང་པོ་ནས་ཆ་རྐྱེན་གྱི་གྲས་སུ་བཀོད་དེ་ཁས་ལེན་དུ་བཅུགས་པ། ནང་མོལ་སྐབས་དྲག་གནོན་མྱུར་དུ་མཚམས་འཇོག་དགོས་པ་དང། ༸གོང་ས་མཆོག་དང་སྒྲིག་འཛུགས་ལ་གཞི་མེད་སྐྱོན་འཛུགས་བྱས་པ་ཁུངས་སྐྱེལ་ག་རེ་ཡོད་མེད་ནག་འདེད་བྱས་པ། ཐ་ན་རྒྱ་གཞུང་ལ་སྐུ་ཚབ་རྣམས་པ་ཚོ་དང་མཉམ་དུ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་རྡ་རམ་ས་ལའི་ལས་ཁུངས་ཁག་གི་ཡིག་ཆ་ཞིབ་འཇུག་ཆེད་གཏོང་རོགས་གནང་ཞེས་གདོང་དང་གདོང་ཐུག་ནས་ངོ་ཚ་དགོས་པའི་གནས་སྟངས་དམར་རྗེན་དུ་བཟོས་པར། ཡུན་ཙམ་རིང་ནུས་དེ་ག་རང་ཐོན་པ་མ་ཟད། འབྲེལ་མོལ་མུ་མཐུད་པ་དང་བོད་མིའི་མངོན་འདོད་རང་སྐྱོང་༼ བསམ་འཆར ༽ཡང་མདུན་ཅོག་གཅིག་གི་སྟེང་བགྲོ་གླེང་གི་ལམ་ནས་ངོ་སྤྲོད་ཚད་ལྡན་བྱས་པར་དངོས་སུ་ལན་མེད་པའི་ཐོག་སྤྲོད་ཐུབ་པ་བྱུང་ཡོད།
སྐབས་དེར་བཀའ་ཤག་གི་ཛ་དྲག་ནང་མོལ་གནང་དགོས་པའི་དགོངས་གཞིའི་ནང་”རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོ་དང་ཐད་ཀར་འབྲེལ་བ་ཞིག་མ་གནང་ན་ད་ལྟ་ལམ་སེང་འཕྲལ་དུ་ཁེ་དང་གྱོང་གི་ཁྱད་པར་ཞིག་མ་བྱུང་རུང་འབྱུང་འགྱུར་བྱུང་རབས་ཀྱི་ནང། སྐབས་དེ་དུས་འབྲེལ་བ་གནང་ཡོད་ན་དགེ་མཚན་ཡོང་རྒྱུ་ཞིག་ཡིན་པ་ལས་དེ་གནང་མི་འདུག་ཟེར་རྒྱུའི་གནས་ཚུལ་ཞིག་ལྷག་སྲིད། དེ་ཙམ་དུ་མ་ཟད་ང་ཚོའི་ངོས་ནས་གང་གནང་རྒྱུ་ཡོད་པ་དེ་དག་གང་དགའ་ཅི་ལེགས་ཀྱིས་ཆ་ཚང་བ་ཞིག་མ་གནང་ན་གཅིག་བྱས་ན་མ་འདེང་བའམ་ཆད་པའི་སྐྱོན་ཡོང་སྲིད་”ཅེས་རྡོ་རྗེ་གཡར་དམ་བརྟན་པོར་བཅས་ཏེ། ཛ་དྲག་ནང་མོལ་བྱུང་བ་མ་ཟད་འབྲེལ་མོལ་མུ་མཐུད་རྒྱུའི་དུས་ཚེས་རྣམས་ཀྱང་གཏན་འབེབས་བྱུང་སྟེ་རྒྱ་ནག་ཡིབ་ས་མེད་པ་ཞིག་བཟོས་པའི་ང་ཚོའི་སྐབས་མིག་མཐོང་ལག་ཟིན་གྱི་བྱུང་རབས་ཀྱིས་ཐོག་དྲངས་ན། སྲིད་སྐྱོང་ལྷན་རྒྱས་ནས་ཀྱང་སྐུ་ཚབ་བསྐོ་བཞག་དང་འབྲེལ་མོལ་བསྐྱར་གསོ་གནང་མི་ཐུབ་པའི་གནས་བབ་ཅིག་ནམ་ནམ་ཞར་ཞར་དུ་མེད་པ་རིག་པས་མཚུངས་བསྡུར་གྱིས་ར་འཕྲོད་པ་འདི་ལོང་པས་བལྟས་ཀྱང་རྒྱལ་ཁམས་ཡིན་པས། ཕྱི་ཟླ་བཅུ་གཉིས་པ་འདི་ཁུག་རྟས་གནམ་ཆར་སྒུག་པའི་ནམ་ཟླ་དམིགས་བསལ་ཞིག་ལོས་ཡིན།།
༢༠༡༢། ༡༢། ༡༤ ། ཉིན་བྲིས།
ཁྱེད་རང་གིས་སྐུ་ཚབ་མིང་འདོན་གནང་སྟངས་འདིར་བལྟས་ན་མ་འོངས་པར་བོད་མིར་སྐུ་ཚབ་ཞིག་རག་ཁག་པོ་རེད། འོན་ཀྱང་ཁོང་རྣམ་པ་གཉིས་འོས་པོ་འདུག དེ་ལས་ད་ལྟའི་སྲིད་སྐྱོང་ནང་བཞིན་ཞིག་མིང་འདོན་གནང་དང་་་་་་་་་་་་་་་་ངས་སྒུག་ནས་ཡོད་་་་་་་་་་་་་་་་
ཕྱག་འཚལ་གྱི་སྐད་ཆ་ལ་རྒྱུ་མཚན་ཡོད་པ་རེད། ངས་ཀྱང་ཐོག་མར་ཁྱེད་རང་གི་བསམ་བློ་དེ་ལྟར་བཏང་བ་ཡིན། སྐུ་ཚབ་གཉིས་ཀྱིས་དགོངས་པ་ཞུས་པ་ནས་ངས་ཁྱེད་ནང་བཞིན་བསམ་བློ་བཏང་ཡིན། ད་དུང་དྲང་པོར་ཞུས་ན། སྲིད་སྐྱོང་ལས་ལྷག་ཅིག རྒྱ་ཤེས་མཁན། བོད་ཤེས་མཁན། རྒྱལ་སྤྱིའང་ཤེས་མཁན་ཞིག་བཙལ་ཡིན། གན་ན་ཅིག་ལོས་ཡོད། འདི་ན་ཅིག་ཡོད་ན་ཐང་བསམས་ཏེ་བར་སྐབས་ཤིག་ལ་ངས་ཆེད་མངགས་བོད་པ་ཨིན་ཡིག་རྩོམ་པ་པོ་ཚོའི་མཉམ་ཆུ་ཚོད་མང་པོ་བཏང་ཡིན། ཡིན་ནའང། རྒྱུ་མཚན་རང་གི་ཐོག་ནས་རིན་པོ་ཆེ་རྣམ་པ་གཉིས་ལས་ལྷག་ཅིག་མཐོང་གི་མི་འདུག གཙོ་བོ་ངས་རྒྱ་ནག་ཤེས་རྒྱུ་གཙོ་འདོན་བྱས་པ་ཡིན་མོད། དེའི་ཐད་ཀྱང་འདི་རྣམ་པ་གཉིས་ལས་ལྷག་ཅིག་དངོས་གནས་མ་རྙེད་ཐ།། ང་ཧམ་པ་ཆེ་དྲག་པ་མིན་ན་མི་འདུག་ཅེས་ཐག་བཅད་ནས་བཤད་ཆོག་གི་བསམས།།
ཡིན་ཅིག་མིན་ཅིག་གྲྭ་བ་ཞིག་འདོན་དགོས་པ་ག་རེ་ཡིན་ནམ། དེ་ལས་རྒྱ་བོད་སྐད་ཡིག་གི་མཁྱེན་རྒྱ་ཡངས་ཤིང་རྒྱ་ནག་སྲིད་གཞུང་གི་སྒྲོམ་གཞིར་ཆ་རྒྱུས་ཡོད་པའི་ཤེས་ལྡན་པ་རེ་ཡོང་ན་ག་རེ་འགྲིག་གི་མེད་པ་ཡིན་ནམ། གལ་སྲིད་རྡ་སར་གཡས་གཡོན་ལ་ཆ་བཞག་ནའང་འབའ་བ་སྐལ་བཟང་རྒྱལ་མཚན་དང་ཚེ་རྒྱམ་ལྟ་བུ་མང་པོ་ཡོད།
བརྗོད་དོན་འདིའི་སྐོར་ཁ་གསལ་བོས་ལན་འདེབས་མི་བྱེད་ཐབས་མེད་རེད།
གྲྭ་བ་ཞིག་འདོན་མི་ཆོག་པ་ག་རེ་ཡིན་ནམ། དུས་ཚོད་དེ་འདྲ་ཞིག་ཏུ་ད་ལྟ་སླེབས་མེད་པར་འདོད།
ཁུག་རྟས་ལྐུགས་སྐད་རྒྱབ་ཡོང་གི་འདུག
༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་མི་རབས་གཉིས་པ་གཞོན་སྐྱེས་ཚོར་གནང་ཚར་ཡིན་གསུངས་རེད། ད་དུང་རྒན་ཡོལ་ལ་ཕྱིན་ཟིན་མཁན་ཚོ་ཡར་འཐེན་ནས་ཕན་པ་གང་ཡོང། མི་ཚེ་ཆ་ཚང་རྐུབ་བསྐྱག་བཟུང་ན་གཞོན་སྐྱེས་ཚོར་ལས་ཀ་བྱེད་རྒྱུའི་གོ་ས་བཀག་ན་ཕན་པ་ཅི་འདུག་གམ
རྒྱ་རི་བློ་གྲོས་ཀྱིས་ནུས་པ་ཡོད་ཚད་རྒྱུགས་སྤྲད་ཚར་རེད་ད་དུང་ནུས་པ་གསར་པ་འདོན་རྒྱུ་ལྷག་མེད་རེད། སྔ་མའི་མི་དེ་རང་རེད།
ད་སྲིད་སྐྱོང་གཞོན་པས་འབྲེལ་འ྄ཐུད་གཞོན་སྐྱེས་ཁག་བསྡུ་དགོས་དེ་ཡི་ནང་ནས་ཁུག་རྟ་དྲག་ཡོང། ཁུག་རྟས་ཚང་བཅའ་དུས། ས་དེ་རྒྱ་གར་ནས་བླངས། ཆུ་དེ་རྒྱ་ནག་ནས་བླངས་ཐུབ་དུས་གཅིག་བྱེད་ན་འཇོན་བཟོ་རེད། ཡིན་ནའང་སྲིད་སྐྱོང་དང་ལྟ་བ་མི་མཐུན་ཙང་ངོས་ལེན་བྱེད་ཁག་པོ་རེད། ད་བླ་རྒན་གྲ་རྒན་དེ་ཚོ་རང་མལ་དུ་འཇོག་རོགས། བྱ་བ་དེ་རིགས་སྔར་ལོ་མང་པོར་བྱུང་ཚར་པ་རེད། བག་ཆགས་མ་བཞག་ཚར་རེད།
རིན་པོ་ཆེ་རྣམ་གཉིས་ལས་ལྷག་པ་མེད་པར་མཐོང་བ་དེ་རྨོངས་དད་ཀྱི་བག་ཆགས་རང་རེད། བྱས་ཙང་དད་པ་དང་བོད་པ་གཉིས་མཉམ་གནས་མང་དྲག་འདུག་ཅེས་བཤད་ཡིན།
སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང། སྐུ་ཞབས་ཨ་ཀྱཱ་རིན་པོ་ཆེ་རྣམ་གཉིས་རྒྱ་བོད་གྲོས་མོལ་གྱི་སྐུ་ཚབ་བསྐོ་བཞག་གནང་ན་འོས་འཚམས་རེད། རྣམ་པ་གཉིས་ཀྱིས་བོད་རྒྱའི་གནད་དོན་ཚང་མ་རྟོགས་ཡོད་པ་རེད། གང་མགྱོགས་གྲོས་མོལ་ལ་ཤུགས་སྣོན་རྒྱག་རྒྱུར་གལ་ཆེན་པོ་རེད། བོད་མིས་རང་ཉིད་མེར་བསྲེགས་ཀྱིས་རེ་འབོད་ཞུས་པའི་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཞེས་པའི་དོན་སྙིང་དེ་གྲོས་མོལ་གྱི་ཆ་རྐྱེན་དུ་བཞག་གནང་ན་འོས་འཚམས་རེད།
བོད་ཀྱི་མེ་རྒོལ་གྱི་གསར་བརྗེ་འདི་འགོ་བཙུགས་མ་ཐག་ཡིན་པ་དང་། མཇུག་བསྡུ་བའི་དུས་ཡུན་ནི་ད་དུང་རིང་པོ་ཡོད་པར་སྙམ། བོད་མིའི་འཐབ་རྩོད་ངོ་བོ་རྔམས་འཐུག་ཏུ་འགྲོ་བ་དང་གཏིང་ཟབ་ཏུ་ཕྱིན་པའི་དུས་དེར་སྲིད་དབང་སྒེར་འཛིན་པས་ང་ཚོར་སྐད་ཆ་བཤད་པའི་འདུན་པ་མ་སླེབས་བར་བོད་མིའི་སྒྲིག་འཛུགས་བྲེལ་མི་དགོས།
དེང་གི་བོད་ཕྱི་ནང་གཉིས་ཀྱི་སྙིང་སྟོབས་ཀྱི་མེ་ལྕེའི་འོད་བརྗིད་ནམ་ཞིག་འཇིག་རྟེན་ཧྲིལ་བོ་དམར་ལེམ་ལེམ་འཆེད་པའི་དུས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྡུག་མཛུབ་ཀྱི་གཟེར་ཁ་རྒྱ་ནག་སྲིད་དབང་སྒེར་སྤྱོད་པ་ཚོར་སྐོར་དུས་དེ་ལ་ང་ཚོའི་རེ་འབྲས་སྨིན་པའི་སྐལ་བར་སླེབས་པ་ཡིན།
དེ་དུས་ཟམ་གདོང་ལས་ལྷག་པ་རྒྱ་རི་དང་དེ་ལས་ལྷག་པའི་ཐབས་ཤེས་གཉིས་ལྡན་དཔའ་ཐུལ་དག་སྲིད་སྐྱོངས་བློ་བཟང་སེང་གེ་མཆོག་གིས་རྙེད་མི་སྲིད་པ་མིན་པར་སེམས།
རིན་པོ་རྣམ་པ་གཉིས་ཀྱི་མཛད་རྗེས་ལ་དད་མོས་དང་རྗེས་སུ་ཡི་རང་ཡོད་ཀྱང་། རྒྱ་གཞུང་གི་མི་རབས་གསར་པ་ཞིས་ཅིན་ཕིང་གི་མི་རབས་དང་མཚུངས་པ་གཅིག་བྱུང་ན་མི་དགའམ་སྙམ་ཡང་། ངས་ཤོད་ཚོད་གང་ཡང་མི་ཐིག་གོ །
ཐན་བྱ་ཁུག་རྟ་དེས་ཡང་བསྐྱར་སྡུག་སྐད་རྒྱག་གིན་འདུག ཟམ་གདོང་བླ་མས་ག་རེ་འཇོན་ཡོད་མེད་ང་ཚོའི་མིག་གིས་མཐོང་ཟིན་པ་རེད་ད་དུང་གཅིག་ལས་རྒྱུ་ཡོད་རབས་བཤད་མ་འདུག་ཐན་བྱ་ཁུག་རྟ། བོད་རྒྱ་འོག་ཏུ་འདུག་གི་ཡིན་ཟེར་མཁན་གྱི་མི་དེ་རིགས་ནི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ལ་ངོ་རྒོལ་བཟོ་མཁན་རེད། མི་དེ་དག་གི་ངོ་གདོང་དང་གྲིབ་་མ་ཙམ་ཡང་མཐོང་འདོད་མི་འདུག་གོ།
ཤར་ཕྱོགས་ཁུག་རྟ་བདེན།་་་་་་་་་་་་་་་་་་་་་་་་་རིན་པོ་ཆེ་རྣམ་པ་གཉིས་འོས་ཤིང་འཚམས་པ་རེད་་་་་་་་་་་་་་་་་་་་ངས་ཀྱང་དེ་ལྟར་མཐོང། ་་་་་་་་་་་སྐུ་ཚབ་ཚོགས་ཆུང་ནང་སྐྱ་སེར་གཉིས་ལས་གྲུབ་པ་ཞིག་བྱུང་ན་ཅི་མ་རུང། ་་་་་་་་་་་་་་་རིན་པོ་ཆེ་རྣམ་པ་གཉིས་ཀྱི་སྟེང་་་་་་་་་་་་་་་་་་་་་་་་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་གང་འདྲ་འདུག་་་་་་་་་་་་་་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་གང་འདྲ་འདུག་་་་་་་་་་་་་རྒྱ་རིགས་འབྲེལ་མཐུད་པ་ཨ་རི་ན་བཞུགས་ཀུན་དགའ་ལགས་གང་འདྲ་འདུག་་་་་་་་་་་་་་་་་་་་རྔ་བ་ཚེ་རྒྱམ་ལགས་གང་འདྲ་འདུག་་་་་་་་་་་་་་་དེ་ལས་མང་བའི་མིང་འདོན་འདོད་ཀྱང་རེ་ཞིག་མཇུག་བསྡུ་བར་བྱས་་་་་་་་་་་་་་་་་་་་་་་་་
གང་ལྟར་བོད་མིའི་དབུ་འཁྲིད་མ་འོངས་པར་ཡོང་མི་དེ་ཚོར་སྦྱོང་བརྡར་མ་བྱས་ན་ག་དུས་རྐུབ་བསྟེགས་སྟེང་སླེབས་སམ།
ཤར་ཕྱོགས་ཁུག་རྟ་ལགས།
ཡང་བསྐྱར་ཐུགས་རྗེ་ཆེ། ཁྱེད་ཀྱི་སྤྱི་སེམས་དྭངས་མ་ཞིག་དང་འགན་འཁུར་ལྗིད་པོ་ཞིག་བསྣམས་ནས་སྤྱི་ཚོགས་ཀྱི་ཐུག་པར་སྒེར་གྱི་ཚྭ་བཏབ་པ་འདི་བསྟོད་འོས་ཤིག་རེད།
འདིར་གུས་པས་ཁྱེད་ཀྱི་བསམ་ཚུལ་ལ་ལྟ་བའི་ཁ་གཏད་ལྟ་བུ་ལངས་ནས་ཞུ་བ་ན།
འབྲེལ་མོལ་གང་ཟག་ཟམ་གདོང་རིན་པོ་ཆེ་དང་ཨ་ཀྱ་རིན་པོ་ཆེ་འཚམ་པོ་མིན་འདུག
གཅིགནི། ཁོང་རྣམ་པ་གཉིས་ཀ་སྤུལ་སྐུ་དང་བླ་མའི་མཚན་འཛིན་པ་ཞིག་རེད། རྒྱ་ནག་གིས་ཏ་ལའི་བླ་མས་སྤྱི་ཚོགས་རྙིང་པ་རོ་ལངས་དང་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སྐྱར་གསོ་བྱེད་ཀྱི་ཡོད་ལ། འདི་ནི་ཁོང་གི་དམིགས་ཡུལ་གཅིག་པུ་དེ་རེད་ཟེར། ང་ཚོས་ཕར་ཕྱོགས་ལ་བོད་མི་འབུམ་གཅིག་ཙམ་ནང་ནས་བླ་མ་གཉིས་བཏང་ནས་གོང་ས་མཆོག་གི་སྐུ་ཚབ་དང་བོད་མིའི་སྐུ་ཚབ་ལ་བཀུར་ན། རྒྱ་མིས་འཛམ་གླིང་སྤྱི་དང་བོད་ནང་ལ་སྒྲོག་བཞིན་པའི་དྲིལ་བསྒྲགས་ལ་བདེན་ཀ་སྤྲོད་པའི་ཞོགས་འདེགས་བྱེད།
གཉིས་ནས། སྔར་ནས་རྒྱ་ནག་གིས་རྒྱ་ནག་སྲིད་གཞུང་དང་ཚོགས་པའི་ནང་ལ་ལས་ཀ་བྱས་ནས་རྗེས་མ་ཕྱི་ལ་བྲོས་འགྲོ་མཁན་གྱི་མི་ལ་རྩ་བ་ནས་སྐད་ཆ་མི་ཤོད་པའི་སྲིད་བྱུས་བརྟན་པོ་རེད། དེའི་ཕྱིར། རྒན་ཚེ་རྒྱམ་ལགས་ཀྱང་ད་དུང་སྐུ་ཚབ་ནང་ལ་འཇུག་མ་ཐུབ་པ་ཁྱེད་ཀྱི་མཁྱེན་གསལ། ཨ་ཀྱ་རིན་པོ་ཆེ་མཆོག་ཕྱི་ལ་ཉེ་དུས་ཕེབས་པ་དང་། རྒྱའི་སྲིད་གཞུང་གི་ངོར་ཁོང་ནི་རྒྱལ་ཚོང་པ་རེད། དེར་བརྟེན་ཇི་ལྟར་རྒྱ་མིས་འདི་ཁས་ལེན་བྱེད་ཀྱི་རེད་དམ། ང་ཚོ་ལ་དཔེ་བཞག་ན། རྒྱ་གར་ལ་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱས་རྒྱ་ནག་ལ་མགོ་བོ་བཏགས། རྗེས་མ་རྒྱ་ནག་གི་སྐུ་ཚབ་ཐོག་ང་ཚོར་སྐད་ཆ་ཤོད་པར་ཡོང་ན། ང་ཚོས་ཀྱང་མི་དེ་ཁས་ལེན་བྱེད་མ་ཐུབ། ཁོང་ཚོར་མཚོན་ན། ཨ་ཀྱ་རིན་པོ་ཆེ་ཡང་འདི་ལྟར་རེད། དེ་རྩ་བ་ནས་ཡོང་ཐབས་མེད་པ་རེད།
གསུམ་ནས། འཇིག་རྟེན་པའི་ལས་ཀ་འདི་འཇིག་བརྟེན་པས་སྒྲུབ་ན་བཟང་། ཅིའི་ཕྱིར་ཕྲུ་གུ་གཅིག་ལ་ཞོགས་པ་གཅིག་ཟ་མ་བཟོ་བ་དང་སྟེར་བའི་ཉམས་མྱོང་མེད་མཁན་བླ་མ་དང་སྤུལ་སྐུ་མི་རྐྱང་པ་ཞིག་ལ་འཇིག་བརྟེན་པའི་རྙོག་འདྲ་གཙང་མ་བཟོ་རོགས་ཟེར་ན། ཁྱོན་ནས་ཡོང་ཐབས་མེད། ཁྱེད་ཟམ་གདོང་རིན་པོ་ཆེ་དང་ཨ་ཀྱ་རིན་པོ་ཆེ་ལ་སྒོར་རྡོག་ཅིག་ཀྱང་མེད་པར་རྒྱུས་མེད་ཀྱི་གྲོང་ཞིག་ལ་བཞག་ན། ཁོང་གཉིས་དེ་ནས་ཚུར་ལོག་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་རེད། དེའི་ཚབ་ལ་མི་སྐྱ་བོ། ཚོང་རྒྱག་མྱོང་མཁན། ཕྱི་ལ་ལས་ཀ་སྒྲུབ་མྱོང་མཁན། ཁྱིམ་ཚང་སྐྱོང་མྱོང་མཁན་ཞིག་བཞག་ན། ཁོང་ཚོར་འདི་ཚོ་ནི་དཀའ་ངལ་ག་ལ་ཡིན།
བཞི་ནས། སྤྱི་ཚོགས་ནི་ཆོས་ལུགས་དང་ཡུལ་ལུང་སྣ་ཚོགས་དུ་མ་ལས་གྲུབ་པ་ཞིག་ཡིན་སྟབས། སྤྱི་ཚོགས་དེའི་ཚབ་མཚོན་ཞིག་བཟོ་སྐབས། ཚབ་མཚོན་པ་དེས་སྤྱི་ཚོགས་ཧྲིལ་པོའི་གོང་བུ་མཚོན་ཐུབ་པ་དེ་གལ་ཆེ་ཤོས་ཀྱི་ཆབ་སྲིད་རྣམ་པ་ཞིག་རེད། ཁྱེད་ཀྱིས་བསམ་འཆར་བཏོན་པའི་སྐུ་ཚབ་གཉིས་ཀ་སྤྱི་ཚོགས་ཀྱི་གྲུབ་ཆ་ཁེ་རེ་བ་འབའ་ཞིག་ལས་སྤྱི་མདོག་མཚོན་པའི་ནུས་པ་ཆུང་། དཔེར་ན། ཁོང་གཉིས་ཀ་བླ་མ་དང་སྤུལ་སྐུ་ལས་སྐྱ་བོའི་སྤྱི་ཚོགས་ཀྱི་ཚབ་མཚོན་མི་ཐུབ། ཁོང་གཉིས་ཀ་དགེ་ལུགས་པའི་ཆོས་རྒྱུད་ལས་ཆོས་རྒྱུད་གཞན་གྱི་ཚབ་མཚོན་མི་ཐུབ། ཁོང་གཉིས་ཀ་ཨ་མདོ་དང་ཁམས་པའི་སྤྱི་ཚོགས་ལས་དབུས་གཙང་དང་སྟོད་ཀྱི་མི་དམངས་ཚབ་མཚོན་མི་ཐུབ། དེར་བརྟེན། ང་ཚོར་གོང་གི་ཚབ་མཚོན་ཐུབ་པའི་མི་སྣ་འགའ་ཤས་སྐུ་ཚབ་ལ་གདམ་རྒྱུ་ནི་ཤིན་དུ་ན་གལ་འགངས་ཆེ་བ་མ་ལགས་སམ།
མཐའ་མར། ཡང་བསྐྱར་དགོངས་བཞེས་ཀྱིས་སྐུ་ཚབ་ཀྱི་གང་ཟག་ལ་སྒྱུར་བ་ཞིག་ཐོངས་རོགས་ཞུ།
འདི་ནི་བྱེད་སྟངས་ཤིག་རེད།
སྲིད་སྐྱོང་བཞིན་སྐུ་ཚབ་ཞིག་མིང་འདོན་གྱིས་བསྐོ་འཇོག་བྱས་ཏེ་ཁོ་བོར་དགོས་པའི་རོགས་པ་རྣམས་འདེམས་ཏུ་བཅུག་ན་ལེགས་ཤོས་རེད། དེ་མིན་སྐུ་ཚབ་ཀྱི་ནང་ལའང་མི་མཐུན་པ་དེ་འདྲ་སླེབས་ན་ལས་འགན་གྲུབ་ཐུབ་ཀྱི་མ་རེད། སྔོན་མ་དེ་འདྲ་མེད་དམ་བསམ་ནས་དྭོགས་པ་ཡོད། འོན་ཀྱང་ངའི་སྐད་ཆ་བཤད་སྟངས་ནོར་ན་དགོངས་སེལ་ཞུ་་་་་་་་་་་་་་་་་་་་་་་་་བོད་རྒྱལ་ལོ་་་་་་་་་་་་་་་་ནམ་ཡང་རྒྱལ་ལོ།།།།།།།།།།།།།།།།།།།།
འདི་ནི་ཁུག་རྟས་ཤེས་འཇོག་ལྷག་བསམ་ལྡན་པའི་བཙན་འབྱོལ་བའི་ཁྲོད་ནས་མགོ་དཀར་པོ་མ་ཆག་བར་དུ་སྲི་ཞུ་བསྒྲིབས་པའི་བླ་རྒན་འདི་གཉིས་ལས་མ་རྙེད་པ་མ་ཡིན་པར། ཁུག་རྟའི་སྲིད་སྐྱོང་མཆོག་ལ་འཁོན་ལན་ལོག་ཐབས་བྱེད་པས་སྤྱོད་ཐབས་ཞིག་ཁོ་ན་རེད།
སྐུ་ཚབ་ལ་ཁྱད་པར་ཡོད་པ་མ་རེད། བླ་མ་སྤྲུལ་སྐུ་ཡིན་པས་སྐྱོན་གྱི་མ་རེད། འབྲེལ་གཏུགས་བྱེད་ཐུབ་ན་དེས་འགྲིག་གི་རེད། ང་ཟམ་གདོང་རིན་པོ་ཆེ་དང་ཨ་ཀྱཱ་རིན་པོ་ཆེ་གཉིས་ཀར་ཡིད་ཆེས་ཡོད། ཆབ་སྲིད་ཕྱག་ལས་གནང་བར་ཁོང་གཉིས་ཀ་ལ་ཡིད་ཆེས་ཡོད། ཁོང་གཉིས་ནི་དམ་པ་ལྷ་ཆོས་ཀྱི་རིག་གནས་དང་འཇིག་རྟེན་མི་ཆོས་ཀྱི་རིག་གནས་གཉིས་ལས་འཇིག་རྟེན་མི་ཆོས་ཀྱི་རིག་གནས་ལ་མཁས་པ་གཉིས་རེད། ཆབ་སྲིད་ཀྱི་ཕྱག་ལས་གནང་བར་ཁོང་གཉིས་ལ་ཡིད་ཆེས་བྱས་ཆོག་གི་རེད། ཡིན་ནའང་། སྐུ་ཚབ་སུ་ལ་བསྐོ་དང་མི་བསྐོ་དེ་སྲིང་སྐྱོང་གི་ལས་ཀ་རེད། སྲིད་སྐྱོང་གིས་གང་དུ་ཐག་བཅད་པ་དེར་མི་མང་གིས་ཡིད་ཆེས་བྱེད་ཀྱི་རེད།
ཕེབས་པ་དགའ་བསུ་ཞུ།
ཟུར་གནས་ལ་ལན་འདེབས།
༡ བླ་མ་བསྐོ་བཞག་བྱས་པའི་རྒྱ་གཞུང་གི་འཁྱོག་བཤད་ལ་གཞི་འཛིན་ས་ཞིག་ཡོད་འགྲོ་བསམས་པ་ནི་བསམ་བློ་གཏོང་སྟངས་ནོར་བ་རེད། བཅའ་ཁྲིམས་གཞིར་བཟུང་སྲིད་སྐྱོང་གིས་སྐུ་ཚབ་ཙམ་མ་ཟད། ཞི་མོལ་ཚོགས་ཆུང་ནང་བླ་སྤྲུལ་རྐྱང་རྐྱང་འདེམས་སྒྲུག་བྱས་མི་ཆོག་པ་གང་ཡང་མེད། དེ་བཙན་བྱོལ་བོད་མིའི་མང་གཙོའི་བཅའ་ཁྲིམས་དང་མཐུན་པ་ཡིན།
༢ དོན་ཚན་གཉིས་པ་དེ་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་རང་རེད། སྐབས་དང་དུས་དེར་བབ་གཟིགས་གནང་ཆོག་གི་རེད།
༣ ཁྱིམ་པ་ཁོ་ནས་བྱེད་འོས་པ་ཁྱིམ་པས་བྱེད་དགོས་པ་རེད། རབ་བྱུང་བ་ཁོ་ནས་སྒྲུབ་རུང་བ་རབ་བྱུང་བས་སྒྲུབ་ཀྱི་རེད། ཡིན་ནའང། སངས་རྒྱས་བསྟན་པ་དང་འབྲེལ་བའི་བོད་མི་རིགས་ཀྱི་རྩ་དོན་ངེས་པར་དུ་སྐྱ་སེར་དབྱེར་མེད་ཀྱིས་སྒྲུབ་དགོས་པ་ཞིག་རེད།
༤ ཁོང་རྣམ་པ་གཉིས་ཆོལ་ཁའི་ཞེན་ཁོག་ཙམ་པོ་བ་དང་ཆོལ་ཁ་བགོ་བྱ་རྒྱག་པའི་སྲོལ་ལམ་དེས་སྐུ་ཚབ་ཏུ་འགྲིག་གི་འདུག་ཅེས་ངས་བཤད་མེད་ལ། ངོས་འཛིན་ཡང་བྱེད་ཀྱི་མེད། ཁོང་རྣམ་པ་གཉིས་ཀྱིས་རྒྱ་བོད་ཆབ་སྲིད་ཀྱི་གནས་བབ་མཁྱེན་པའི་སྐུ་ཚབ་མི་ཐུབ་པ་གང་ཡང་མི་འདུག
ཤར་ཕྱོགས་པས། ག་ལེར་ཡིན།།
དེ་རིང་ཁུག་རྟ་ཟེར་བ་ཞིག་གིས་སྲིད་སྐྱོང་མཆོག་ལ་ཟུར་ཟ་བྱེད་པ་དེ་རང་རིགས་ལ་ལ་རྒྱ་དང་སྐྱབས་མགོན་ལ་དད་ཞེན་བོད་མི་རིགས་ལ་བསམ་བློ་རྒྱ་ཆེན་པོ་ཞིག་བཏང་མཁན་ཞིག་ཡིན་དྲན་གྱི་ཡོད་ས་རེད་དེ་དེ་ནི་དངོས་གནས་མདོང་རྩེ་ནང་དུ་སྐོར་བ་ལས་གཞན་ཅི་ཡང་མ་མཐོང་།
གཞན་ཕྱག་འཚལ་གྱི་ཐབས་ལམ་གཞན་དེ་མགོ་རྙོག་ཚ་བོ་རེད་འདུག་པས་མོས་མཐུན་མེད།
འབྲོག་པ་རྒད་པོར་ཐུགས་རྗེ་ཆེ། ཁྱེད་ཀྱིས་ཅི་ལྟར་གོ་བ་དེ་ལྟར་སེམས་ལ་ཉར་རོགས། མངོན་སུམ་མིག་ལ་ཤར་བའི་ཁ་དོག་ཅིག་ལ་དཀར་དམར་ཡིན་མིན་རྩོད་དགོས་དོན་མི་འདུག
ཤར་ཕྱོགས་པས་སྲིད་སྐྱོངས་མཆོག་ལ་མི་འདོད་པ་བྱེད་སྟངས་འདིས་མང་མོས་ཀྱིས་བདམས་པའི་དམངས་གཙོའི་སྲིད་སྐྱོངས་ལ་ང་་ཁག་དཀྲིལ་ཏེ་དོན་དུ་བོད་མིའི་ནུས་ཤུགས་གཏོར་འདོད་རང་རེད། དེ་གཏོར་བར་གྲོས་མོལ་བྱེ་མཁན་རང་བཙན་ལ་དགག་པ་རྒྱ་་མཁན་དག་བསྐོས་ཏེ་མགྱོགས་མྱུར་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་པའི་འཆར་གཞི་གཏིང་ཟབ་ཅིག་རེད་འདུག
གཙོ་བོའི་རྒྱ་མི་ངོས་ནས་བོད་དོན་འདི་སེལ་བའི་མདུན་པ་ཡོད་ན་སྐུ་ཚབ་ལ་ཁྱད་པར་ཆེ་པོ་མེད།
ཆུ་ཐིགས་ལགས། ཁྱེད་འདྲ་བོ་ད་ཅི་ཁག ཐ་ན་གྲོས་ཚོགས་ནང་ནས་ཀྱང་སྤྱི་འཐུས་རེ་ཤོས་ཀྱིས་ཞེན་ཁོག་དང་ཚོར་བ་ཁོག་ལ་མ་ཆུགས་ནས། ༸གོང་ས་སྐྱབས་མགོན་ཆེན་པོར་མཚན་སྨོད་སྐུར་འདེབས་བྱས་པ་དང། བློ་བཟང་སེང་གེར་སྐྱོན་བརྗོད་བྱས་པ་གཉིས་མཚུངས་བསྡུར་བྱས་པ་རེད། རིག་པ་ཐབས་ཆག་འདི་འདྲ་བོ་ད་ངས་མཆིལ་མ་འདོར་རྒྱུའང་སེར་སྣ་ཡོང་གི་འདུག་སྟེ། མདོ་དོན་དེའི་ཕུགས་ནས་མི་ང་འདྲ་བའི་ཉོན་མོངས་དུག་གསུམ་གྱིས་འཚོས་བསྡད་པ་ཞིག་༸གོང་ས་སྐྱབས་མགོན་ཆེན་པོར་བཤིབ་བསྡུར་བྱས་པ་དེ་བློ་ཕམ་བྱུང།
སོང་ཙང། ཁྱེད་ནས་རིག་པ་ཐབས་ཆག་དེའི་སྐད་ཆ་བཤད་སྟངས་དེ་འདིར་དྲངས་ཡོང་ན་ང་དེ་བས་ཀྱང་གད་མོ་ཤོར་གི མི་འཇོན་ན་ཁས་བླངས་དམ་བཅས་ན་མནའ་བཟའ་རེད། དེ་ང་ཚོ་བོད་པའི་སྲོལ་རྒྱུན་རེད། མནའ་བསྐྱལ་དམ་བཅའ་ཤོར་རྒྱུ་ལས་ཚེ་སྲོག་ཚབ་ཏུ་གཏོང་བའི་ལམ་སྲོལ་ཅིག་བོད་གངས་ཅན་པ་རྣམས་ལ་ཡོད་ཡོད་པ་རེད།
གཉིས་ནས་ཆབ་སྲིད་ཀྱི་དབྱིངས་ཞེ་དྲག་ཡོད་ཁུལ་གྱིས། རང་ལས་གཞན་རྣམས་ལུག་ལྟ་བུར་ངོས་འཛིན་གྱིས་གང་དྲན་དྲན་ཞིག་བཤད་པ་ཡིན་ན། མང་གཙོ་ཨ་རི་ལྟ་བུའི་ལུང་པའི་ནང་ནས་སྲིད་ཁྲི་ལས་འབབ་དགོས་ཀྱང་འཁེལ་གྱི་ཡོད་པ་གསལ་བོ་རེད། མི་མང་དང་ཤེས་ཡོན་པའི་སྐྱོན་བརྗོད་ཅི་ལྟར་བྱས་ཀྱང་ཆོག་གི་རེད། དེ་རྣམས་རགས་ཙམ་ངེས་པའི་ཐོག་ནས་བཀའ་མོལ་གནང་རོགས།
ཡིན་ནའང། ཁྱེད་ཀྱང་སྤྱི་འཐུས་དེ་ལྟར་གཞན་དབང་དུ་ཕེབས་ཀྱི་ཡིན་ན་ངེད་ལ་བྱ་ཐབས་ཟད།།
སྤྱང་ཤོག་གི་སྐད་ཆ་དེ་གནད་འགག་ཅིག་རེད། ཆོད་སེམས་ཡོད་མེད་དེ་ང་ཚོར་ར་འཕྲོད་པ་ཞིག་ཅི་ལྟར་ཡོང་དགོས་མིན་དེ་ང་ཚོའི་དཔྲལ་བར་ཟགས་པའི་ལས་ཀ་ཞིག་རེད།
གཅིག ཁ་སང་དེ་རིང་གི་སྐབས་འདིར་འབྲེལ་མོལ་སྐུ་ཚབ་བརྫང་བའི་དུས་ཚོད་ལ་ད་རུང་ཐོན་མེད། ཐོན་པའི་ཉིན་མོ་དེར་མི་འགྲོ་སྐུ་ཚབ་སྐབས་དང་བསྟུན་ནས་བསྐོ་ཆོག་གི་རེད། འཇིག་རྟེན་གྱི་དངོས་པོ་ཚང་མ་དུས་དང་མ་རན་ན་རང་མཚན་གྱི་འབྲས་བུ་ཞིག་སྨིན་མི་སྲིད་པ་བཞིན་བོད་རྒྱའི་འབྲེལ་མོལ་དེ་ཡང་དུས་ཚོད་དང་མ་རན་ན་འགྲིག་གི་མ་རེད། གལ་སྲིད་རན་ཡོད་པའི་དབང་དུ་བཏང་ན་ཡང་ང་ཚོའི་ཕྱོགས་ལ་རན་མེད། རྒྱ་ཕྱོགས་གི་དུས་ཚོད་དེ་ང་ཚོས་དམ་འཛིན་བྱེད་ན་གླེན་རྟགས་ཡིན།
གཉིས། ལོ་ངོ་བཅུ་ཕྲག་གི་ཉམས་མྱོང་ལ་བལྟས་ན་སྐུ་ཚབ་མི་འགྲོ་ནི་གང་ལས་ཀྱང་གལ་ཆེ་བའི་གྲ་སྒྲིག་ཅིག་ཡིན་ཙང་། སྐབས་སྔོན་མ་དག་གི་འཐུས་མིས་བསྐྱར་དུ་ཡོང་ཐབས་མེད་པ་དེ་གསལ་པོ་རེད། ཁོང་ཚོས་བྱེད་སྟངས་དེ་ནི་དཔེར་ན་ཧེ་ཁྲི་ལད་གི་དམག་དཔོན་ནང་བཞིན་བྱུང་བ་རེད། གཡུལ་ས་ནས་ཕམ་ཉེས་ཆེན་པོ་ག་ཚད་བྱུང་ཡང་རྒྱལ་སའི་ཕོ་བྲང་ནང་དུ་ཡག་རི་ཡག་ཚད་བཤད་པ་རེད། མཐའ་མཇུག་དམག་ཡོངས་སུ་ཕམ་པ་རེད།བསྐྱར་དུ་དེ་འདྲ་མ་ཡོང་བ་བྱེད་དགོས་གི་རེད།
གསུམ། སྐུ་ཚབ་འགྲོ་མི་ཡུལ་དུས་ཁོར་ཡུག་དང་རན་དགོས་གི་རེད། རང་རྒྱུས་གཞན་རྒྱུས་གཉིས་ཀ་ཡོད་ཐོག་རང་ཚུགས་བརྟན་ལ་རང་མགོ་མི་བསྐོར་མཁན་ཞིག་ངེས་པར་དུ་ཡིན་དགོས་གི་རེད། གོང་གི་སྤྲུལ་སྐུ་རྣམ་གཉིས་ལ་ཕྱག་འཚལ་ལོ། ཡོང་གི་མ་རེད། རྒྱུ་མཚན། འགྲོ་ས་འགྲོ་ཡུལ་ལ་བལྟ་དགོས་གི་རེད། ནུབ་ཕྱོགས་དང་ཆོས་ལྡན་སྤྱི་ཚོགས་ཞིག་ལ་འབྲེལ་མོལ་སྐུ་ཚབ་ཏུ་རུང་ཡང་རྒྱ་ནག་ལ་འོས་འཚམ་མིན། རྒྱ་གཞུང་གི་མིག་ལམ་དུ་ད་རུང་ཡང་ཆོས་ལུགས་མི་སྣར་དོན་མེད་དུ་མཐོང་ཆུང་བྱེད་པའི་ཕམ་འཁུར་དེ་ཉོ་དགོས་པ་བྱེད་དགོས་གི་རེད།
བཞི། སྐབས་འདིར་ང་ཚོ་བྲེལ་འཚུབ་བྱེད་པའི་དུས་ཚོད་དེ་མ་རེད། གྲ་སྒྲིག་བྱེད་པའི་དུས་ཚོད་དེ་རེད། བྲེལ་འཚུབ་བྱེད་པའི་དུས་ཚོད་དེ་ཡིན་ན་རྒྱ་གཞུང་ཡིན་དགོས། བྲེལ་འཚུར་བྱེད་ན་རྒྱ་གཞུང་བྱེད་དགོས་པའི་དུས་ཚོད་རེད། ༢༠༠༨ ལོར་རྒྱ་གཞུང་གིས་འབྲེལ་མོལ་བྱེད་པར་ཚུར་སྐད་བཏང་བ་བཞིན་རང་རེའི་སྐུ་ཚབ་ཀྱིས་སྔ་ཕྱིའི་གནས་བབ་ལ་བསམ་བཞིགས་ཅི་ཡང་མེད་པར་ཨ་འདྲོགས་སྐྱ་འདྲོགས་ངང་རྒྱུགས་པ་རེད། ལོག་ཡོང་དུས་གྱོང་སྒྱེ་མོ་གང་འཁུར་ནས་བསླེབས་པ་རེད། ང་ཚོས་ཡང་བསྐྱར་ཉམས་མྱོང་དེར་དཔེར་བླངས་ནས་དེ་འདྲ་མ་ཡོང་བ་བྱེད་དགོས་གི་རེད།
ཐུ་བ་ལ།
༡ སྐུ་ཚབ་མངགས་རྒྱུའི་དུས་ཚོད་ཐོན་མེད་པའི་རྒྱུ་མཚན་སྔོན་ལ་བཀོད་ན་འོས་འཚམས་ཆེ། ད་ལྟ་རྒྱལ་སྤྱིས་བོད་དོན་གླེང་ཕྱོགས་དང་ང་ཚོའི་དབུ་ཁྲིད་པའི་སྡེའི་གཟིགས་ཕྱོགས་ཚང་མ་འབྲེལ་མོལ་བསྐྱར་གསོའི་སྟེང་བབ་ཡོད་པ་པ་དང། གཉིས་ནས་རང་སྲེག་ལས་འགུལ་གྱི་འཐབ་རྩོད་ནུས་པ་རང་སྟེང་ནས་ཀྱང་སྐུ་ཚབ་སང་ཉིན་ལས་དེ་རིང་མངགས་དགོས་པ་འཁེལ་གྱི་ཡོད། དེ་དང་མཉམ་དུ་རྣམ་འགྱུར་མ་ཟད་ནང་དོན་ཡང་ཡར་རྒྱས་གཏོང་ཕྱོགས་ལ་གྲ་སྒྲིག་དགོས་པ་བདེན་པ་རེད།
༢ འབྲེལ་མོལ་སྔ་མ་དག་ཡོངས་སུ་ཕམ་ཟིན་པར་བཤད་པ་ནི་ཞིབ་འཇུག་མེད་པའི་སྐད་ཆ་རེད། ཅི་ལྟར་ཕམ་པ་རེད། ཅི་ལྟར་ཕམ་གྱི་མ་རེད། རྒྱལ་ཕམ་གྱི་གནས་སྟངས་ག་འདྲ་ཞིག་འབྱེད་དགོས་པ་རེད། དེ་ཚིག་གཅིག་གཉིས་ནང་བཤད་ཐུབ་པ་ཞིག་མིན་ཡང། འབྲེལ་མོལ་སྔ་མ་དག་གིས་ཡུལ་དུས་གནས་བབ་དང་བསྟུན་པའི་རྒྱལ་ཁ་གང་འཚམས་བླངས་ཡོད་པ་ཚད་གྲུབ་རེད།
༣ འོས་བཏོན་སྐུ་ཚབ་རྣམ་གཉིས་ལ་རྒྱ་ནག་དང་རྒྱལ་སྤྱི། བོད་གངས་ཅན་གྱི་མཚོ་མཐའ་བསྐོར་བའི་གཤོག་རླབས་ཡོད་མེད་རྩོད་མེད་ཡོངས་གྲགས་རེད། ལྷག་པར་རྒྱ་ནག་སྐོར་དེ་བས་ཀྱང་བཤད་མ་དགོས་པ་ཞིག་རེད། ལར་ནས་ཐུ་བ་ཁྱེད་རང་མནའ་བཟའི་ཁ་དོག་ཙམ་དང་རྒྱུན་འཇགས་སུ་སོང་བའི་བཤད་ཡམས་ཀྱི་རྗེས་སུ་འབྲངས་ཏེ་ལྟ་ཚུལ་བཏོན་པ་ནི་ཁུངས་ལྡན་མིན་པ་ཚད་མས་གྲུབ།
༤ གྲ་སྒྲིག་་ག་དུས་ཡིན་ན་བྱེད་དགོས་པ་རེད། རང་སྲེག་བྱུང་ནས་བཟུང་ད་བར་གསར་འགོད་གསལ་བསྒྲགས། མཆོད་འབུལ་སྨོན་ལམ། མར་མེ་ཁྲོམ་སྐོར་ཙམ་གྱི་རྣམ་འགྱུར་ལས་ཐོན་མེད་སྟབས། ངས་ད་བར་སྲིད་སྐྱོང་སྡེ་ཁག་ནས་གྲ་སྒྲིག་དམིགས་བསལ་ཅིག་བྱེད་བཞིན་པ་དང། བྱས་ཟིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་མིན་དབུ་ཁྲིད་མི་མང་གི་རྗེས་སུ་རྒྱུགས་བསྡད་ན། ཆུ་སྣ་གར་ཁྲིད་ཆགས་མི་སྲིད་པ་མིན་སྟབས། དེང་སང་ང་ཚོ་སྒེར་པ་རྣམས་ལ་གྲ་སྒྲིག་འདྲ་མིན་གྱི་བསམ་འཆར་འདོན་རྒྱུ་ཡོད་སྐབས། འགན་ལྡན་དབུ་ཁྲིད་རྣམས་ཀྱི་གྲ་སྒྲིག་ལ་ངེད་གཉིས་མཉམ་དུ་སྒུག་ཆོག་གི་རེད། རྒྱུ་མཚན་དེས་ཕྱི་ཟླ་བཅུ་གཉིས་པ་འདིའི་ནང་ངས་སྲིད་སྐྱོང་གི་སྔ་མོའི་གྲ་སྒྲིག་དེ་རྣམས་ལག་བསྟར་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། སྒུག་ཆོག །།
ད་ཐེང་ཤར་ཁུག་གི་འོས་འདེམས་ཡག་པོ་ཞིག་གནང་འདུག སྤྱིར་སྐུ་ཚབ་ལ་གྲྭ་བ་ཞིག་ཡིན་དགོས་པ་དང་།ཁྱིམ་པ་བ་ཞིག་ཡིན་མི་དགོས་པའི་ངེས་པ་མི་འདུག གཙོ་བོ་རྒྱ་བོད་གཉིས་ཀྱི་ཆབ་སྲིད་ལ་མཁྱེན་རྒྱ་ལྡན་ཞིང་གཞུང་ལ་ལྷག་བསམ་ཡོད་པ།བསམ་བློའི་གོ་རྟོགས་སོགས་གང་ལ་བལྟས་ན་ཁོང་རྣམ་པ་གཉིས་འོས་ཤིང་འཚམ་པ་ཞིག་རེད་འདོད་གི་འོན་ཀྱང་དེ་ཁྱོད་ལ་?????????????།།།།།།
ཤར་ཁུག་ལགས། ཉིད་ཀྱི་སྐད་ཆ་འདི་རང་རེའི་དེང་གི་ཐབ་སྡུག་ཛ་དྲག་གི་གནས་བབ་དང་མ་འོངས་ཉེན་ཁའི་རང་བཞིན་སོགས་སེམས་ཀྱིས་མ་བཟོད་པར་དྭངས་གཙང་གིས་དྲན་སྣང་ཞིག་ཏུ་གུས་ནས་ངོས་འཛིན་ཞུ་བཞིན་པར་མ་ཟད་མཐའ་གཅིག་ཏུ་རྒྱབ་སྐྱོར་ཀྱང་ཞུ་རྒྱུ་ཡིན། མ་ཟད། གོང་སྨོས་སྐུ་ཚབ་རྣམ་གཉིས་ལས་གཞན་འཛམ་གླིང་སྤྱི་དང་ཁྱད་པར་བོད་རྒྱའི་ཆབ་སྲིད་ཀྱི་དཀའ་རྙོག་ལ་རྒྱུས་མངའ་ཡོད་མཁན་ཞིག་དང་། ལྷག་པར་སྒེར་དོན་ཞོར་སྒྲུབ་ལས་སྤྱི་དོན་རྐྱང་བ་སྒྲུབ་མཁན་ཞིག་བཙན་བྱོལ་ནང་འཛུབ་མོ་འཛུགས་ས་ཁེག་པོ་རེད། ཁུག་རྟ། ཕན་དང་མི་ཕན་ལ་མ་ལྟོས་པའི་སྤྱི་སེམས་རྣམ་དག་རེ་དང་རིགས་ཞེན་གཙང་མ་རེས་བསྐུལ་པའི་སྐད་ཆ་རེ་ཤོད་དུས་ཁ་རྡུང་དང་ཁ་གཏད། སྐྱོན་མཚངས། ངན་དམོད་སོགས་བྱེད་པ་ནི་ང་ཚོའི་སྤྱི་ཚོགས་འདིའི་ནད་ཡམས་ཤིག་རེད། ནད་ཡམས་དེ་འདྲར་གཉེན་སྨན་ད་དུང་ལོ་རབས་ཕྱེད་ཀར་རེག་ཁེག་པོ་རེད། སེམས་ཤུགས་མ་ཆག
ལྷག་བསམ་རྒྱལ་གྱུར་ཅིག བདེན་དོན་རྒྱལ་གྱུར་ཅིག རྩོམ་ཡིག་འདི་འདྲའི་རིགས་མུ་མཐུད་སྤེལ་རོགས།
ཆོས་ཁས་མི་ལེན་པའི་ཤར་ཁུག་འདིས་བླ་རྒན་གཉིས་འདེམས་ཁུལ་བྱེད་པ་འདི་གད་མོའི་གནས་ལས་ཅི།
སྤྱིར་གོང་གི་མི་རྣ་གཉིས་ལ་ཧ་ཅང་གུས་ཞུབས་ཡོད་མོད། འོན་ཀྱང་དམིགས་གསལ་སྐུ་ཚབ་ལ་བསྡད་ན་འཐད་པ་མེད། རྒྱུ་མཚན་གང་ཡིན་ཟེར་ན་ང་ཚོའི་ཕྱོགས་ནས་ཁོང་རྣམས་པ་གཉིས་དམིགས་གསལ་སྐུ་ཚབ་ལ་བསྐོ་བཞག་བྱེས་ཀྱང་རྒྱ་ནག་ཕྱོགས་ནས་དུས་ནམས་ཡང་ངེས་ལེན་བྱེད་གྱི་མ་རེད། གང་ཡིན་ཟེར་ན་གཅིག་ནི་ཁྲི་ཟུར་ཞིག་དང་གཞན་ཞིག་ནི་རྒྱ་ནག་ནས་བཙན་བྱོལ་ལ་ཡོངས་མཁན་ཞིག་རེད།
ངའི་འདི་ནས་དམིགས་གསལ་སྐུ་ཚབ་ལ་རན་པའི་མི་རྣ་ཁ་ཤས་ཞིག་གི་མིང་འདོན་གྱི་ཡིན།
༡་ ཁྲི་ཟུར་བཀྲིས་མཐོང་སྟན་འཛིན་རྣམ་རྒྱལ།
༢་ རྔ་བ་ཚེ་རྒྱམ།
༣་ སྤྱི་འཐུས་ལས་ཐོག་པ་འབའ་བ་སྐལ་བཟང་རྒྱ་མཚན།
༤་ སོ་སའི་དོན་གཅོད་ཚེ་བརྟན་བསམ་གྲུབ།
༥་ སྤྱི་འཐུས་ལས་པ་རྒྱ་རིག་ཐར།
ཁོང་རྣམ་པ་གཉིས་བཞག་པ་ལས། བོད་ལ་ཤ་ཚ་ཅན་གྱི་བླུན་པོ་ལུག་འདྲ་བ་གཉིས་བཞག་ན་སྤྱི་ཚོགས་འདི་འཁྲུག་ཆ་དོད་དུ་འགྲོ་བའི་དགེ་མཚན་ཆེ། དེ་མིན་རྗེ་སྤོར་མེད་པའི་བོད་ཀྱི་ངོ་གདོང་དང་བསྒྱུར་བཅས་མེད་པའི་རྒྱ་མིའི་སྲིད་ཇུས་ལ་རེ་བ་གང་ཡང་མེད།
རྣམ་པ་ཚོ། གཞོང་པ་སྟོང་པར་གཞོང་རྩོད་མི་རྒྱག་རོགས། ད་ལྟའི་ཆར་རྒྱ་གཞུང་ནས་གྲོས་མོལ་བྱ་རྒྱུའི་རྣམ་པ་གང་ཡང་མི་མཐོང་། དེ་ལས་ལྡོག་ཏེ་བོད་ནང་གི་བོད་མི་ཚོར་དྲག་གནོན་ཆེ་རུ་གཏོང་བཞིན་ཡོད་པ་མི་མཐོང་ངམ། སྲིད་སྐྱོང་མཆོག་དང་བཀའ་མོལ་བྱ་རྒྱུ་མིན་པ་དེ་སྔ་ནས་རྒྱ་གཞུང་གིས་གསལ་བསྒྲགས་བྱས་ཟིན་པ་མ་ཤེས་སམ། དངོས་གནས་ཁ་དཔེ་ལ་ཡོད་པ་ལྟར་རྒྱ་དོགས་པས་ཤི། བོད་རེ་བས་ཤི། ཟེར་བ་ལྟར་མཐོང་།
བག་འཁུམས་ཨུ་ཚུགས་རིང་ལུགས་པ་ཟོམ་གདོང་བླ་མ་འདི་བས། བོད་རང་བཙན་ཡིན་པ་བསམ་མི་མོས་པར་མ་ཟད་བོད་གཞུང་གི་མིང་ཙམ་ཡང་ལྷག་མ་མེད་པར་བྱས་ཟིན་པས། ད་ནི་ཁོང་གིས་རྒྱ་དམར་གྱི་བོད་ཀྱི་རང་སྐྱོང་ས་ཁུལ་ཞེས་པའི་མིང་གིས་བརྒྱན་པའི་ཁྲིམས་མེད་ལུགས་མེད་ཀྱི་མི་སེར་སྤེལ་ཡུལ་བཙན་དོང་ལྟ་བུའི་ནང་དུ་ཕྱི་སྡོད་སྐྱབས་བཅོལ་བོད་མི་ཉུང་ཤས་ཞིག་ཁྲིད་ཐུབ་ན་མ་གཏོགས། གྲོས་མོལ་ལ་བརྟེན་ནས་རྒྱ་དམར་གྱི་སྲིད་ཁྲིམས་ལ་འགྱུར་བ་གཏོང་བའི་ནུས་པ་ཞིག་ཁོང་ལ་ཡོད་མི་སྲིད།
ཅིའི་ཕྱིར་ཞེ་ན། ད་སྔ་ལོ་མང་རིང་ཁོང་གིས་བོད་གཞུང་གི་སྲིད་ཁྲི་གཟུང་སྐབས་རྒྱ་དམར་གྱི་འདོད་མོས་ལྟར་བློ་གཅིག་སེམས་གཅིག་གིས་བོད་ཀྱི་ཐོབ་ཐང་དང་ལས་འགུལ་ཕལ་ཆེ་བློས་བཏང་ནས། རྒྱ་གཞུང་ལ་ལན་དགུར་མགོ་བཏགས་ཀྱང་མཐར་ཡ་ལན་གང་ཡང་མེད་པའི་གདོན་འདྲེ་རྒྱ་དམར་གྱི་ལྐོག་གཡོ་ངན་ཇུས་འོག་ཏུ་ཚུད་པར་བརྟེན། བོད་མིའི་སེམས་ཤུགས་དང་ཆིག་སྒྲིལ་ལ་ཉམས་ཆག་ཐེབས་པ་དང་ཕན་ནུས་ལྡན་པའི་བོད་དོན་ལས་འགུལ་སྣ་ཚོགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་པས། རྒྱ་དམར་ལ་བོད་ཀྱི་ཆོས་རིག་རྩ་མེད་གཏོང་རྒྱུའི་གོ་སྐབས་མང་ཙམ་ཐོབ་པ་དང་ང་ཚོའི་གསེར་ལྟ་བུའི་ཆབ་སྲིད་གོ་སྐབས་རབ་དང་རིམ་པ་ཤོར་ཡོད།
སྤྱི་བཏང་ཁོང་ནི་སྲིད་དོན་ཤེས་མཁན་དང་ལོ་རྒྱུས་ཤེས་མཁན་ཞིག་མ་རེད་ལ་ཐབས་ཇུས་ཤེས་མཁན་ཞིག་གཏན་ནས་མ་རེད། ཁོང་ནི་ཕྱི་ནས་རྒྱ་གར་གྱི་མནའ་སྒྲུང་ལ་དགའ་མཁན་ཞིག་རེད་ལ་ལྐོག་ནས་ཆེན་པོའི་གོ་ས་དང་མིང་ལ་རློམ་མཁན་རེད།
དེས་ན་མི་འདི་དང་འདི་ལྟ་བུ་རེ་སྟོང་འཆའ་བ་ལས། བོད་ཀྱི་གནས་སྟངས་ཕྱིན་ཏུ་སྐྱོ་བའི་དུས་འདིར་ང་ཚོས་ལྷག་བསམ་ཆེན་པོས་སྒེར་གྱི་འཁོན་འཛིན་རྣམས་མར་གཡུག་ནས། ང་ཚོས་དཔའ་ངར་ཆེན་པོས་ད་ལྟའི་ཤེས་འཇོན་ལྡན་པའི་བོད་པའི་སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བོད་ཀྱི་ཆབ་སྲིད་ལས་འགུལ་ཁག་ལ་ང་ཚོས་ཕྱོགས་ཡོངས་ནས་རམ་འདེགས་གང་ཟབ་བྱས་ན། དུས་ཀྱིས་སྤྲད་པའི་གོ་སྐབས་དང་ལས་འགན་རྣམས་ཡོང་འགྲུབ་བྱེད་ཐུབ།
ཐོག་མར་ང་ཚོས་ཁེར་རྐྱང་གི་གནས་སྟངས་ཞིག་ཐག་གཅོད་བྱེད་དགོས་བ་མིན་འགྲོ་སྙམ། ཟམ་གདོང་བླ་མ་སྲིད་ཁྲི་ནས་མར་འབའ་ཞོར་དུ་བཙན་བྱོལ་བོད་ཀྱི་སྲིད་དོན་ལ་འགྱུར་བ་ཆེན་པོ་ཞིག་བཏང་བའམ་ཐེབས་སོང་བ་རེད། སྐུ་ན་གཞོན་ཅིང་རྒྱལ་སྤྱིའི་ཤེས་ཡོན་གྱི་རྨང་གཞི་ཡོད་པའི་སྲིད་སྐྱོངས་བློ་སེང་མཆོག བཀའ་ཁྲིའི་འགྲན་རྩོད་རྣོ་ངར་ཅན་དེའི་ཁྲོད་ནས་རྒྱལ་ཏེ་བཀའ་ཤག་གི་སྒོ་རྩར་སླེབས་ཡོང་དུས། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཀྱི་སྲིད་ཁྲི་དེ་སྔོན་ཆད་དང་མི་འདྲ་བར་དྲོད་ཁོལ་ཏག་ཏག་ཞིག་བསྡད་ཡོད་བ་མ་རེད། གནས་སྟངས་འདིའི་ཐད་ནས་མང་མང་གི་སེམས་སྐྱོ་མྱོང་ལ་སྲིད་སྐྱོངས་ཁོ་ཡིན་ནའང་ཁེར་རྐྱང་གི་སྣང་བ་ཞིག་སྐྱེས་ཡོད་རྒྱུ་རེད། སྲིད་སྐྱོངས་བློ་སེང་མཆོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲི་ལ་བཞུགས་ནས་ལོ་ཕྱེད་མ་འགོར་བའི་དུས་ཡུན་ནང་། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་ཕྱི་ནུར་བརྒྱབ་ནས་སྲིད་སྐྱོང་བློ་སེང་གཅིག་པོ་བོད་རྒྱ་འབྲེལ་མོལ་གྱི་སྲིད་སྟེགས་སྟེང་ནས་བསྐྱུར་བཞག་བ་རེད། བསམ་བློ་ཞིབ་ཏུ་བཏང་ན་བཙན་བྱོལ་བོད་ཀྱི་འགྲོ་ལུགས་འདུག་སྟངས་འདི། འཐབ་ཕྱོགས་གཅིག་གྱུར་ཁང་ལབ་ཀྱང་པེ་ཅིན་གཞུང་གི་འདོད་ཐོག་ལ་རྟ་རྒྱུགས་བ་འདྲ་བོ་རེད། དུས་ཚོད་ཕར་འགྱངས་བྱེད་པར་པེ་ཅིན་གཞུང་ལ་མཁོ་བའི་སྲིད་ཇུས་དེ་བཙན་བྱོལ་དབུ་ཁྲིད་ལྷན་རྒྱས་ནས་བསྒྲུབས་བཞིན་པ་རེད། དེར་བརྟེན་སྲིད་སྐྱོངས་བློ་སེང་ལ་ཐད་ཀ་ཐད་ཀར་དུ་པེ་ཅིན་གཞུང་ལ་འབྲེལ་མོལ་བྱེད་པར་དཀའ་ཚེགས་མི་ཉུང་བ་ཞིག་ཡོད་རྒྱུ་རེད་དེ། སྤྱིའི་ཆ་ནས་པེ་ཅིན་གཞུང་གི་སྒོ་ཆེན་ཕར་ལ་རྡུང་ནས་མི་ལོ་བཅུ་ལྷག་ཅིག་ཕྱིན་པ་རེད། ད་དུང་ཡིད་མི་ཚིམས་ན་མུ་མཐུད་ནས་ཚོད་ལྟ་བྱས་ན་འགྲིག་གི་རེད།
བསམ་ཚུལ་འདི་བོད་རྒྱ་ཞི་མོལ་དང་སྐུ་ཚབ་བསྐོ་འཇོག་གི་དོན་དུ་མ་ཡིན་པར། ཡུལ་གྱར་བོད་མི་ཚོས་རང་ཉིད་ཀྱི་དབུ་ཁྲིད་ལ་བློ་འདུན་བཅོལ་སྟངས་དེ་གསལ་བོ་བཟོ་དགོས་བར་འདོད་པའི་ཆ་ནས་ཡིན། ཕྲན་གྱིས་ཟམ་གདོང་བླ་མ་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ལ་མི་འོས་བར་འདོད་ཀྱིན་ཡོད། རྒྱུ་མཚན་གཙོ་བོ་གཅིག ཟམ་གདོང་བླ་མ་ལ་ཆ་མཚོན་ན་རང་ཉིད་ལ་ལྟ་གྲུབ་གྱ་ནོམ་པོ་ཞིག་ཡོད་ཐོག མང་མང་གི་བློ་གདེང་འཁེལ་སའི་མི་སྣ་ཤུགས་རྐྱེན་ཅན་ཞིག་གྲུབ་ཡོད་པའི་སྟེང་ནས། བོད་རྒྱ་འབྲེལ་གྱི་སྐུ་ཚབ་ལ་བསྐོ་འདོད་པ་འདི་རྦད་དེ་ནོར་སོང་བ་རེད། རྒྱུ་མཚན་གཉིས་བ། ཟམ་གདོང་བླ་མ་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ལ་བསྐོས་བ་ཡིན་ནའང་དོན་འབྲས་གང་ཡང་ཡོད་བ་མ་རེད། རིན་པོ་ཆེ་ཁོང་བོད་ཀྱི་སྲིད་ཁྲི་ལ་བསྡད་ནས་མི་ལོ་བཅུ་ཕྱིན་པར་བརྟེན། སྐུ་ཚབ་གྱི་ལས་དོན་ཞིག་ཁུར་མི་འོས་བ་སེམས་ན་ཁྲིག་ཁྲིག་ཡོད་བ་རེད། བྱས་ཙང་་་ཤར་ཕྱོགས་ཁུག་རྟ་ཡིན་ནའང་འདྲ་སུ་ཡིན་རུང་རང་རང་སོསོའི་ཡིད་ཆེས་བྱེད་ས་དང་། ལམ་སྟོན་ཞུ་ས། རེ་བ་རྒྱག་ས་གང་ཡིན་གྱི་དབུ་ཁྲིད་དེའི་ནུས་བ་དང་སྟོབས་ཤུགས་དེ་མ་ནོར་བ་བྱས་ནས་ངོས་འཛིན་རྒྱུ་དེ་གལ་ཆེན་རེད།
གོང་གི་མིང་བཏོན་གནང་བའི་བླ་རྒན་གཉིིས་ངོས་ལེན་རྩ་བ་ནས་མེད། བོད་པ་ནི་བླ་རྒན་དང་གྲྭ་རྒན་རྣམས་ལ་སྐྱབས་བཅོལ་ནས་ད་ལྟ་ཡི་གནས་སྟངས་འདི་འདྲ་ཞིག་ཆགས་པ་མཁྱེན་གསལ་རེད། ད་དུང་མུ་འཐུད་ནས་མྱ་ངན་གྱི་གནས་ལ་འཚོ་འདོད་མེད་ན་དབང་པོ་ལྔ་ཉམས་བའི་བླ་རྒན་རྣམས་ལ་རེ་བ་མ་བཅོལ་ཞིང་། ད་ནས་བོད་གསར་པ་ཞིག་དང་། བསམ་བློ་གསར་པ་ཞིག ལསའགུལ་གསར་པ་ཞིག་སྤེལ་ཐུབ་པའི་རེ་བ་ཡོད། རྨོངས་དད་ཀྱི་གཉེན་ལས་སད་ནས་ཉི་གཞོན་གྱི་འོད་སྣང་བསྐྲུན་ཐུབ་པ་དགོས། གཅིག་གིས་གཅིག་བསྟོད།གཅིག་གིས་གཅིག་སྨད་ནས་འདའ་བར་མི་བྱ་བའི་རེ་བ་ཡོད།།
ནག་མཐར་གྱི་སྐད་ཆ་ལ་གོ་རྒྱུ་འདུག་སྲིད་དིན་གྱི་ཞག་རྩི་འདུག་སྐད་ཆ་བཤད་སྟངས་྄ཐབས་མཁས་པོ་འདུག་བུ་དང་བུ་མོ་གང་ཡིན་རུག་ཁྱད་པར་གང་ཡང་མེད
ཟམ་གདོང་རིན་པོ་ཆེ་དང་ཨ་ཀྱ་རིན་པོ་ཆེ་རྣམ་གཉིས་ནས་ཕྱག་རོགས་བདམ་ནས་དམིགས་བསལ་སྐུ་ཚབ་ཚོགས་པ་འཛུགས་རྒྱུ་འདི་ངོ་མ་ཡག་པོ་འདུག དེ་མིན་པའི་བསམ་ཚུལ་གཞན་དག་ལ་གང་ཡང་ཞུ་རྒྱུ་མེད། རྩོམ་ཡིག་ཆ་ཚང་ཞིག་ཀློག་ཁོམ་མ་བྱུང་།
ཟམ་གདོང་རིན་པོ་ཆེ་དང་ཨ་ཀྱ་རིན་པོ་ཆེ་རྣམ་གཉིས་ནས་ཕྱག་རོགས་བདམ་ནས་དམིགས་བསལ་སྐུ་ཚབ་ཚོགས་པ་འཛུགས་རྒྱུ་འདི་ངོ་མ་ཡག་པོ་འདུག དེ་མིན་པའི་བསམ་ཚུལ་གཞན་དག་ལ་གང་ཡང་ཞུ་རྒྱུ་མེད། རྩོམ་ཡིག་ཆ་ཚང་ཞིག་ཀློག་ཁོམ་མ་བྱུང་། དེ་ཙམ་ཡིན། བཀྲ་ཤིས་བདེ་ལེགས།
བླ་རྒན་ཡིན་ཡང་སྐུ་ཚབ་ཅིས་མི་འོས། །
རྒྱོ་བའི་ཆེད་དུ་མིན་པར་ཤེས་པ་གྱིས། །
ཁོང་རྣམ་གཉིས་ལས་འོས་པའི་སྐུ་ཚབ་ཅིག །
ལ་རྒྱུགས་ལུང་རྒྱུགས་བྱས་ཀྱང་རྙེད་དུ་མེད། །
ཟབ་གདོང་ཁོང་ནི་གྲོས་མོལ་ཐབས་ལ་མཁས། །
ཨ་ཀྱྰ་ཁོང་གིས་རྒྱ་ཡི་འགྲོ་སྟོངས་ཤེས། །
སྐུ་ཚབ་འདི་གཉིས་རོག་ལ་རྒྱ་རི་ཚང་། །
སླ་ཡང་བསྐོས་ན་འོས་ཤིང་འཚམས་པ་ཉིད། །
སུ་ལ་ཐུག་ཀྱང་སྐྲག་ཉམས་མེད་དང་གཅིག །
ཤོད་པའི་ཚེ་ན་སྤོབས་པ་ཆེ་དང་གཉིས། །
གང་ནས་གླེང་ཡང་ཐོགས་པ་མེད་དང་གསུམ། །
སྐུ་ཚམ་རྣམས་ལ་ཚང་དགོས་ལག་ཆ་གསུམ། །
ཤར་ཁུག་འདིས་ཡང་ཨ་རིའི་ཡིན་ཏེ་ཨན་ནའི་སྐུ་འབུམ་བྱམ་ས་བརྩེ་དགོན་ནས་རྩོམ་འཆལ་འདི་རིགས་སྤེལ་གྱིན་གདའ། གོ་ཐོས་ལྟར་ན་འ་མདོའི་སྐུ་འབུམ་བྱམས་པ་གླིང་གི་བཤིག་གསོའི་སྒོར་མོ་དུང་ཕྱུར་ཁ་ལྷག་ག་སོང་ཆ་མེད་དུ་གྱུར་བ་སོགས་ལ་རྒྱ་གཞུང་ནས་ཨ་ཀྱ་ཚང་ལ་སྐྱོན་འཛུགས་བྱེད་ཀྱིན་ཡོད། སྐྱག་དྲི་མི་དྲོ་སར་སྐྱག་བུང་མི་འཁོར་ཟེར་བ་ལྟར་རྒྱ་གཞུང་གིས་ཨ་ཀྱ་དང་མཉམ་དུ་གྲོས་མོལ་བྱེད་པ་ཕར་བཞོག ཨ་ཀྱ་རྒྱ་ནག་ལ་ཐོན་ན་འཛིན་ཉེན་ཆེ་བས། ཨ་ཀྱ་རིན་པོ་ཆེ་རང་ཉིད་ལ་ཡང་ཕར་འགྲོ་བའི་སྤོབས་པ་ཡོད་མེད་བཤད་དཀའ།
སུ་ཡིས་སྐུ་ཚབ་ཡིན་ན་་་་ སྐྱབས་མགོན་རིན་པོ་ཆེ་ནི་སྲིད་དབང་ནས་འཕེབས་ཚར་པ་རེད་་་ དེ་ན་ཁོང་གི་སྐུ་ཚབ་ནི་མི་དགོས་སོ་་་་ བོད་མི་སྐྱབས་བཅོལ་པའི་སྐུ་ཚབ་ནི་ད་ལྟ་ཡོད་བཞིན་པའི་ བློ་གསེང་ཁོང་དང་བཅས་པའི་ཀ་བློན་དང་སྤྱི་མཐུས་རྣམས་ཡོད་ཡོད་པ་རེད་ དེ་ན་ཀ་སྤྱི་གཉིས་གང་རུང་གི་གནང་ན་འབྲི་གི་ཡོད་རེད་དོ་་་་་་
མ་ཟད་རྒྱ་ལོ་དོན་གྲུབ་བམ་བོད་ལོ་དོན་གྲུབ་ཁོང་ད་ལྟ་རྒྱ་ནག་ན་ཡོད་ཡོད་པ་རེད་ རྒྱ་མིས་རྒྱ་ལོ་དོན་ག྄ུབ་རྒྱུད་ནས་མ་རྟོགས་ཁ་དྲག་གི་མ་རེད་དོ་་་་
ཤར་ཕྱོགས་ཁུག་རྟ་ལགས།
ཁྱེད་ཀྱི་ལན་ལ་བསམ་གཞིགས་བྱས་པ་ཡིན། བློ་ལ་ཐད་མ་སོང་། ཁ་ཙམ་དང་ངོ་ཙམ་མིན་པའི་དོན་དངོས་ཐོག་བོད་དོན་སེལ་འདོད་ན། བཀག་རྡོ་རྣམས་མེད་པ་བཟོ་དགོས། སྐུ་ཚབ་རྩོད་རྙོག་ཅན་འདི་འདྲ་ཁྲིད་ཡོང་དུས་ནས་ང་ཚོའི་བྱ་བ་ལ་ལམ་འགྲོ་མེད་པ་གསལ་པོ་རེད། དང་པོ་ནས་ང་རང་ཚོས་བསམ་བློ་སྔོན་ལ་བཏང་ནས་ཕ་རོལ་པོར་ལག་པ་འཆང་ས་མེད་པ་བཟོ་དགོས།
ད་ཡིན་ནའང་། ཁྱེད་ཀྱི་འདོད་པ་རེད། ཞུ་རྒྱ་ཅང་མེད།
བོད་མི་དམང་ལ་ཞུ་རྒྱུ་་་བླ་རྒན་དེ་ཚོ་ལ་ཆོས་ལུག་དབྱེ་འབྱེད་དང་ཆོལ་གསུམ་སྤྲུག་ཡ་མ་ཏོག་་བོད་སྤྱི་ལ་ཕན་པའི་ལས་ཀ་ག་རེ་བྱེད་ཡོད་རེད་་་་གསུང་དང་་ད་ཡིན་ན་གད་མོ་ཤོར་ཡ་རེད་་་་ད་རུང་རྒྱ་རི་ཚང་་་ཧཧཧཧཧཧཧ་་་་མི་དེ་ཚོ་གི་འཇོན་ན་་་་མི་ལོ་མང་པོ་དུས་ཚོད་ཕྲོག་རླག་བསྟང་སོང་་་་ག་རེ་བྱས་ནས་ཡང་སྐྱར་་་་མིང་རྩམ་ཡང་གོ་ཉན་མི་འདོད་དོ་་་
དྲ་གྲོགས་ཤར་ཁུག་ལགས་ཀྱིས་ཟམ་གདོང་རིན་པོ་ཆེ་ལ་ཕྱོགས་ཞེན་ཡིན་ནམ་ལྷག་བསམ་རྣམ་དག་ཡིན་ཤེས་ཀྱིན་མི་འདུག་མོད། གང་ལྟར་ཟམ་གདོང་རིན་པོ་ཆེ་ནི་ཧ་ཅང་མི་འོས། རྒྱུ་མཚན་ནི་གོང་གི་མཆན་༡༢་པ་སོགས་ན་གསུང་དག་རེད། ལྷག་པར་དུ་ཟམ་གདོང་རིན་ཆེའི་ཕྱག་ཏུ་བོད་ཀྱི་ལས་དོན་ཞིག་སླར་ཡང་བཞག་ན་ངོ་མ་བོད་ལ་གྱོང་མ་གཏོགས་རག་རྒྱུ་མེད་པར་སེམས་ཁྲལ་ཧ་ཅང་ཧ་ཅང་ཆེ། ཧ་ཅང་ཧ་ཅང་ཆེ། ཁྱེད་ཀྱིས་ཅི་བསམ་གྱི་ཡོད་མི་ཤེས་མོད། ངས་ང་རང་ངོས་ནས་ལྷག་བསམ་ཡིན། ཟམ་གདོང་མཆོག་གིས་བོད་ལ་བཟང་བ་ཞིག་མི་བྱེད་(ཡང་ན་མི་འཇོན)ཁོ་ཐག་རེད། ཁོང་གིས་སྲིད་དོན་མི་མཁྱེན་གི ཡང་ན་ཁོང་གིས་སྲིད་དོན་བློས་གཏོང་གི ཁོང་ལ་བོད་ལ་ཤ་ཞེན་མེད་ཀི ཁོང་ལ་བོད་ཀྱི་སྲིད་དོན་ལ་དྭངས་བ་མི་འདུག དེའི་ཕྱིར་ཁོང་གིས་བྱས་པ་ཞིག་བོད་ལ་ངན་ལས་བཟང་དུ་མི་འགྲོ དགོངས་དག
དེ་ལས་བཀའ་ཟུར་བཀྲིས་མཐོང་ལྡབ་འགྱུར་གྱིས་འོས། ཨ་ཀྱ་རིན་པོ་ཆེ་ཡང་དཀའ་མོ་རེད་བསམ།
ཤར་ཁུག་གི་བསམ་ཚུལ་དེ་ཡག་པོ་འདུག་། སྐུ་ཚབ་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པས་། ཆོལ་ཁ་དང་ཆོས་ལུགས་ཀྱི་ཚབ་མཚོན་མི་དགོས་རེད་། གཙོ་བོ་རྒྱ་ནག་གི་བྱེད་བབ་ཤེས་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་རེད་།། དེ་ནས་སྔོན་མའི་དུས་སུ་རྒྱ་ལ་སྐད་ཆ་ག་རེ་བཤད་པ་དང་། ཡིག་ཆ་ག་འདྲ་སྤྲད་ཡོད་པ་དེ་ཚོ་མ་རྩ་ཡིན་པས་ཡག་པོ་ཤེས་དགོས་། དེ་ནས་ང་ཚོའི་ངོས་ནས་བསམ་ཚུལ་གང་ཡོད་རྣམས་ཆད་ལྷག་མེད་པར་རྒྱ་ལ་བཤད་ཐུབ་མཁན་དང་བཤད་ཤེས་མཁན་དགོས་རྒྱུ་དེ་ཡང་གནད་འགག་ཡིན་།།
དྲ་གྲོགས་ཨ་མཆོད། རིན་པོ་ཆེས་ཆབ་སྲིད་མཁྱེན་མིན་དང་བློས་གཏོང་བྱེད་ཀྱི་ཡོད་པར་བསྙད་པ་ནི་ཟེར་རྒྱུའི་ཕོང་བ་རང་རེད། དེ་བཞིན་ང་ལྟ་བུས་རིན་པོ་ཆེར་ཕྱོགས་ཞེན་ནམ་ཞེན་ཁོག་བྱེད་མཁན་ཞིག་དགོས་པ་མེད་པའང་གསལ་བོ་ཡིན་སྟབས་ཅུང་སྐད་ཆའི་གནས་ཚུལ་དམའ་གྲས་འདི་རིགས་བཤད་མ་དགོས་ན་ཡག་གི
ལར་ནས་རང་གི་སྐད་ཆའི་ཁུངས་སྐྱེལ་རང་གིས་བྱས་ཏེ་རིག་པ་བསྟར་ཆགས་སུ་དྲངས་ཏེ་དགག་སྒྲུབ་དབྱེ་ཞིབ་བྱེད་ཀྱི་ཡིན་ན་ངས་དགའ་བསུ་ཞུ་བ་ཡིན།།
ཟམ་གདོང་གིས་”ཚོས་ལུགས་ཀྱི་ཆེད་དུ་མི་རིགས་རྩ་རླག་ཏུ་འགྲོ་ཆོག་པར”་བཤད་མྱོང་། ང་ཚོའི་ཁྱབ་སྲིད་སྣེ་འཁྲིད་ནང་འདི་ལྟའི་བསམ་བློ་འཁྱེར་མཁན་བྱུང་བ་གྱོང་གུད་རེད ། ཟམ་གདོང་གི་ཁྱད་ཆོས་འབུལ་ཐོན་དེ་ཁྱབ་སྲིད་ཀྱི་གོ་རྟོགས་མ་ཡིན་པར། སྡུས་གྲྭའི་ངན་ཤན་ཁྱེར་ནས་མི་ལ་ཚིག་གསོད་གཏོང་རྒྱུ་ཙམ་རེད་འདོད་ཀི་་་་
ངས་སྐུ་ཚབ་ཁ་ཤས་ཤིག་གི་མིང་ཐོ་ཞིག་འགོད། ཚོགས་གཙོ། བྱེའུ་ཁུག་རྟ། ཚོགས་གཞོན། སྤྱི་འཐུས་ཟླ་ཚེ། ཚོགས་མི། རྨོག་རུ་བསྟན་པ། ཆབ་བྲག་ལྷ་མོ་སྐྱབས་ལ་སོགས་པ་རིམ་བཞིན་བསྐོ་བཞག་གནང་ན་གུང་ཁྲན་ཏང་ལ་ཞུགས་རྒྱུའི་ཆོད་གན་སོགས་གང་ཡང་མི་དགོས་པར་བདེ་བར་འགྲོ་ཐུབ། ཉིན་དེ་ནས་བཟུང་གངས་སེང་གི་དར་ཆའི་ལོ་རྒྱུས་ས་འོག་ཏུ་སོང་ཞིང་བོད་གཙན་པོའི་མངའ་ཐང་གིས་བཞེངས་པའི་ལོ་རྒྱུས་ཀྱི་རྡོ་རིང་དུར་སར་བརྫངས་ཟིན་པས་ངེད་ཅག་གིས་གོང་དུ་བཀུར་རྒྱུ་སྐར་ལྔའི་དར་དམར་ཞིག་དང་ཁ་ནང་བཅུག་རྒྱུ་རང་གི་མཛུམ་མོ་ལས་གཞན་གང་ཡང་ལྷག་མེད།
མཆན་༤༦༽ གང་ལ་་་་་་ཟོང་མདུང་་་་་་ཨ་རྐྱག་་་་རྒྱ་རི་གསུམ་་་་བཞག་དང་བོད་་མི་རབ་ཁ་ཤེས་་་་རྒྱ་འོག་ལ་་སྡད་ཆོག་གི་རེད་་་་
དྲ་གྲོགས་ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ཟེར་བ་འདི་ཅི་ཞིག་གིས་སེམས་དམྱོ་ནི་རེད་། ཕྱོགས་རིས་མེད་པའི་སྐད་ཆ་ཞིག་བཤད་རྒྱུ་ནི་ང་ཚོའི་རྩ་དོན་ཡིན་། ཟམ་གདོན་རིན་པོ་ཆེ་ནི་ཕོ་ཨ་ཡོད་ནང་གི་དེ་ཡོད་། སྒོ་ངའི་ནང་གི་གསེར་རིལ་ཡིན་པ་ནི་འཇིག་རྟེན་ཡོངས་སུ་གྲགས་རེད་། བོད་ཕྱི་ནང་གཉིས་ཀྱིས་བློ་གཏད་སའི་ད་ཡོད་བཙན་བྱོལ་བའི་སྒྲིགས་མཛུག་འདི་ནི་དགའ་མཁན་དགའ་འོས་པ་དང་། སྐྲག་མཁན་སྐྲག་དགོས་པ་བྱུང་བ་འདི་ལ་ཁོང་གིས་བྱས་རྗེས་བླ་ན་མེད་པ་ཞིག་གནང་ཡོད་།། མ་ཚད་ཁོང་གི་ཤེས་ཚད་དང་ལྷག་བསམ་དང་སྙིང་སྟོབས་དང་ཐབས་བྱུས་བཅས་ནི་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བའི་སྤྱི་ཚོགས་ནང་ནས་ད་ཕན་སུ་ཞིག་གིས་འགྲན་ཟླ་ཐུབ་གི་མེད་པ་ནི་འཇིག་རྟེན་ཡོངས་གྲགས་རེད་འདུག་། མི་དམངས་གི་སེམས་ཁྲལ་ནི་ཁོང་དགུང་ལོ་ཆེན་པོར་ཕེབས་པ་དེ་གཅིག་པུ་རེད་། ཁོང་འདྲ་བའི་མི་ཞིག་དགུང་ལོ་རྟོག་ཙམ་ཆུང་ཆུང་ཡིན་ན་། ང་ཚོ་བོད་མི་ཡར་ལོང་རྒྱུ་ལ་མགྱོགས་པ་ཡོང་བ་ནི་དོགས་པ་མི་དགོས་རེད་གྲོགས་པོ་།།
ཟམ་གདོང་གི་ཟམ་པ་ཞིག་གཙུགས་དང་། བོད་མི་ཕར་འགྲོ་ལས་རྒྱ་མི་ཡར་འགྲོ་མང་ལེ་རེད་་་
མ་ཟད་ཟམ་གདོང་བླ་མི་དམིགས་ཡུལ་ནི་བོད་པ་ཐམས་ཅད་རྒྱ་འོག་དུ་འདུག་རྒྱུ་དེ་རེད་་་་་་་་
ཟམ་གདོང་རིན་པོ་ཆེ་བཀའ་དྲིན་ཅན་དེས། བོད་རིགས་རྣམས་རྒྱ་རིགས་དང་མཉམ་གནས་སྡོད་ཐབས་བཏོན་པ་ལས་རྒྱ་འོག་ཏུ་བཅུག་པ་ཞེས་པའི་ཐ་སྙད་དེ་མ་དག་པ་རེད་དོ། ལགས་མ་རེད་པེ། ལགས།
ཨ་ཀྱ་ཤེས་ལེ་མིན། ཟམ་གདོང་དགོས་ལེ་མིན། སྲིད་སྐྱོང་ཁྱོད་རང་ཤེས། ཁུག་རྟ་ཅིས་ཕྱིར་བྲེལ། ཟམ་གདོང་ཁོག་ཞུགས་རེད། རྒྱ་བོད་མཉམ་གནས་ཟེར། རང་བཙན་བདེན་མིན་བཤད། ཆོས་དོན་ལྷན་ཚོགས་ཟེར། ཕར་དཀྲུག་ཚུར་དཀྲུག་བྱས། ལོ་བཅུ་ཆུད་ཟོས་བཏང་། ད་དུང་འབྲེལ་མཐུད་ཟེར། གད་མོ་མ་སློང་དང་། བླ་རྒན་འདུག་བཅུག་རོགས། སྐུ་ཚབ་དགོས་ལེ་མིན། སྲིད་སྐྱོང་བློ་སེང་དང་། སྲིད་འཛིན་ཞི་ཆིན་གཉིས། གདོང་དང་གདོང་ཐུག་ནས། བཀའ་མོལ་བྱེད་དགོས་རེད། དེ་མིན་གྲྭ་རྒན་དང་། རྒྱ་ཁྱི་བོད་རྒན་འགའ། ཐུག་དང་མ་ཐུག་མེད།
བོད་རྒྱ་ཞི་མོལ་ཚོགས་ཆུང་གི་མི་སྣ་འདེམས་སྒྲུག་བྱེད་པ།
སྤྱི་ཁྱབ་སློབ་སྟོན་པ།
སྲིད་སྐྱོང་མཆོག
དམིགས་བསལ་སྐུ་ཚབ་རྣམ་པ།
དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན།
འབའ་བ་སྐལ་བཟང་རྒྱལ་མཚན་དང་། རྨོག་རུ་བསྟན་པ། ཀརྨ་ཡེ་ཤེས། ཆབ་གྲགས་ལྷ་མོ་སྐྱབས། ཀླུ་མཁར་བྱམས་སོགས་མང་པོ་འདུག
བདེན་པ་རེད།༼འབྲེལ་མོལ་སྔ་མ་དག་གི་འབྲས་བུ་སྒོར་ཐིག་ཡིན་པ་དེ་ལྷའི་དཀྱིལ་འཁོར་གྱི་ཆོ་ག་ལ་སྦྱར་ནས་སྒོམས་ནས་སྟོང་སྦྱངས་བྱེད་དགོས་པ་ཨེ་རེད།
བྱས་ན་འབྲེལ་མོལ་སྔ་མ་དག་གི་འབྲས་བུ་སྒོར་ཐིག་ཅན་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐུ་ཚབ་རྒྱ་རི་ཚང་སྐུ་མདོག་དཀར་ལ་སྐུ་ཤ་ཅུང་རྒྱགས་པ་དང་། ཕྱག་རོགས་སྐལ་བཟང་རྒྱལ་མཚན་མཆོག་སྐུ་མདོག་ཅུང་ནག་ལ་ནམ་རྒྱུན་གསུང་བཤད་གནང་དུས་སྤྱན་གཉིས་བཙུམས་ནས་ཞལ་རས་ནམ་མཁར་ཕྱོགས་ཏེས་ཞལ་ནས་རྒྱུན་ཆད་མེད་པར་ལུའུ་ལུའུ་ཞེས་གསུང་མཁན་དག་འཁོར་དང་བཅས་པ་ཞིང་རྡ་རམ་ས་ལ་ཞེས་བྱ་བ་ནས། དཀྱིལ་འཁོར་གྱི་གཙོ་བདག་ཟམ་གདོང་བླ་མ་ཞེས་བྱ་བའི་བཀོད་མངགས་འོག་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འབྲུ་འདོན་རང་སྐྱོང་མངོན་འདོད་ཡིག་ཆ་ཞེས་བྱ་བ་དེ་བསྣམས་ནས་ལམ་དབུ་མའི་གནམ་གྲུར་བཞུགས་སྟེས་ཞིང་པེ་ཅིང་ཞེས་བྱ་བའི་ཕྱོགས་སུ་གཤེགས་སོ། དེའི་ཚེ་དེའི་དུས་ན་ཞིང་པེ་ཅིང་ན་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ཞེས་བྱ་བ་ཀྲུང་ནན་ཧེའེ་ཡི་དཀྱིལ་འཁོར་འོག་མ་འོག་མ་དེས་གསོལ་སྟོན་བཤམས་པ་དང་ཅུང་ཡར་རྒྱས་ཕྱིན་པའི་ས་ཁུལ་ཁག་ལ་གདན་དྲངས་སོ།
ཞིང་རྡ་ས་ནས་བསྣམས་པའི་རང་སྐྱོང་མངོན་འདོད་ཡིག་ཆ་དེ་དཀྱིལ་འཁོར་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་ཕུལ་ཡོད་ཀྱང་། དཀྱིལ་འཁོར་འཐབ་ཕྱོགས་གཅིག་གྱུར་པུའུ་གཙོ་འཁོར་དང་བཅས་པས་ངོས་ལེན་མི་མཛད་མཁར་རང་བཙན་རྣམ་པ་དུ་མའི་རྒྱན་གྱིས་རྒྱན་ཏེས་རྒྱུན་འཁྱོངས་དང་མཐའ་འཁྱོངས་སོགས་བསྒྲུབ་མི་ཐུབ་པའི་ཆ་རྐྱེན་དང་བཅས་ཕྱག་སྟོང་པ་སྟོང་རྐྱང་ཞིང་རྡ་སར་ཕྱིར་ལོག་ཕེབས་པའོ།
དེ་ལྟ་བས་ན་༧རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་དབུ་མའི་ས་ལམ་ལ་འབྲས་བུ་མ་བྱུང་བའམ་སྟོང་པ་ཉིད་དོ་ཞེས་ཕྱི་རྒྱལ་གསར་ལམ་གྱིས་བཅར་འདྲི་དང་ལེན་གནང་སྐབས་གསུངས་པས་སོ།༽
ཤར་ཁུག་ལགས།
ངས་བལྟས་ན། སྐུ་ཚབ་ལ་གཤམ་གྱི་མི་རྣམས་འོས་པར་མཐོང་།
༡༽། ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཧ་ཅང་འཚམ་པོ་རེད། ཁོང་རྒྱ་སྐད་ཤིན་དུ་ལེགས་ལ། བོད་ནང་ལ་ལས་ཀ་ལོ་མང་པོ་བྱས་སྟབས། རྒྱ་མིའི་བསམ་བློ་སོགས་ཡག་པོ་མཁྱེན།
༢༽ སྐུ་སྒེར་ཡིག་ཚང་གི་རྣམ་སྤེལ་བློ་བཟང་སྦྱིན་པ་ལགས། ཁོང་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་གསལ་པོ་ཤེས་པའི་ཐོག། རྒྱ་ནག་གི་གནས་སྟངས་ཡང་ལེགས་པོ་ཤེས།
༣༽འབྲོང་ཆུང་དངོས་གྲུབ་ལགས། ཁོང་ཡང་བོད་ཕྱི་ནང་གི་གནས་སྟངས་ལེགས་པོ་ཤེས་པའི་ཐོག་རྒྱ་ནག་གི་སྲིད་ཇུས་ཀྱང་ལེགས་པོ་མཁྱེན།
༤༽བསྟན་འཛིན་དགེ་བྱེད་ལགས་ཀྱང་ཡག་པོར་མཐོང་།
ཤར་ཁུག་ལགས།
ངས་དུས་བབས་ནང་རྗེས་འདེད་ཀྱིས་ལན་ཞིག་བཏབས་ཡོད་ཀྱང་ཆུ་ནང་རྡོ་འཕེན་པ་ལྟར་མཐོང་མཐོང་རིག་རིག་མི་འདུག་ན་ལན་འདི་ཁ་བརྡ་ཚང་ནང་འདེབས་ཀྱིན་ཡོད།
འབྲེལ་མོལ་སྔ་མ་ལན་དགུ་དག་གི་འབྲས་བུ་སྒོར་ཐིག་ཡིན་པའི་རྒྱུ་མཚན་གཅིག་དེ་མངའ་འཕྲིན་ལགས་ཀྱིས་དུས་བབས་ནས་ཚུར་འདྲེན་བྱས་པའི། ངས་ལྷའི་དཀྱིལ་འཁོར་གྱི་ཆོ་ག་ལ་སྦྱར་ནས་སྟོང་སྦྱངས་སྒོམ་དགོས་པ་ཨེ་རེད་ཞེས་པ་དེ་དང་འབྲེལ་ནས་འབྲེལ་མོལ་སྔ་མ་དག་གི་རྒྱ་བོད་འབྲེལ་མཐུད་སྐུ་ཚབས་རྣམ་གཉིས་ཀྱིས་ཀྱང་བྱས་ཉེས་དང་ནག་ཉེས་ཡོད་ཚད་ཀྲུང་ནན་ཧེའེ་ཡི་མགོར་གཡུགས་སྟེས་རྐུབ་བརྡབ་བརྡབ་བཏང་ནས་ཕེབས་ཟིན་པ་དེས་སྔ་ས་ས་ནས་འགྲེལ་བརྗོད་གསལ་པོ་ཟིན་པ་རེད་ལ། དོན་དངོས་བྱས་ན་འབྲེལ་མོལ་ལན་དགུ་བརྒྱུད་བོད་རྒྱའི་གནད་དོན་ཆ་ཚང་མ་བསེལ་ཀྱང་བོད་ནང་གི་ཛ་དྲག་གི་གནས་སྟངས་ཅུང་ཞི་འཇམ་དང་བཟང་ཕྱོགས་ལ་འགྱུར་བ་འགྲོ་དགོས་ངེས་རེད་དེ། དེ་ལས་ལྡོག་ཏེས་སྐུ་ཚབ་ཚོགས་ཆུང་པེ་ཅིང་ལ་ཡོད་ཀྱིན་ཡོད་ཀྱིན་བོད་ནང་གི་ཛ་དྲག་གནས་སྟངས་ནི་དམར་གསོད་དང་བཙོན་འཇུག་མི་ཆོས་ལས་འདས་པའི་བརྡུང་བརྡེག་ཚ་ནན་གཏོང་བར་ཁྱུག་ཙམ་ཡང་མཚམས་འཇོག་མི་བྱེད་པའི་རྒྱུ་མཚན་ཅི་རེད། འོ་ན་འབྲེལ་མོལ་སྔ་མ་དག་གིས་ཡུལ་དུས་གནས་བབ་ལ་བསྟུན་པའི་རྒྱལ་ཁ་ཞིག་ཡིན་དྲན་པ་ཨེ་རེད། བྱས་ཙང་སྐུ་ཉིད་ཀྱིས་ཞིབ་འཇུག་བརྒྱུད་འབྲེལ་མོལ་སྔ་མ་དག་གིས་ཡུལ་དུས་གནས་བབ་དང་བསྟུན་ནས་རྒྱལ་ཁ་གང་འཚམས་བླངས་ཡོད་པ་དེ་གནས་གང་དུ་དང་དུས་ག་དུས། བླངས་པར་བྱས་པའི་རྒྱལ་ཁ་དེ་ག་རེ་ག་རེ་རེད། རེ་རེ་བཞིན་གསལ་པོ་གསུང་བའི་རེ་བ་ཡོད།
དེ་མིན་མ་བྱུང་བྱུང་མདོག་དང་། མ་ཐོབ་ཐོབ་མདོག། མ་དགའ་དགའ་མདོག། མ་སྐྱིད་སྐྱིད་མདོག་སོགས་རང་གིས་རང་ལ་སེམས་གསོ་གཏོང་བའི་ལམ་ལུགས་འདིས་ནམ་ཡང་བོད་རྒྱའི་གནད་དོན་བསེལ་གྱི་མ་རེད་ལ། ཡང་སྐྱར་དཀའ་རྙོག་གི་དོང་དུ་བརྫངས་ཀྱི་ཡོད་པ་རེད་དོ། དེ་གཅིག་ཡིན།
དེ་ནས་ཏང་ཀྲུང་དབྱང་སྲིད་གཞུང་ལ་བོད་ཀྱི་གནད་དོན་བསེལ་རྒྱུའི་ཆོད་སེམས་དང་འདུན་པ་ནམ་ཡང་མེད་པ་རེད། བྱས་ཙང་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་མ་གཏོག་བོད་ཀྱི་གནད་དོན་ཟེར་བ་ཞིག་ནམ་ཡང་གླེང་གི་མེད་པ་རེད་ལ་ཡུལ་གྱར་སྲིད་གཞུང་ནམ་ཡང་ངོས་ལེན་མེད་པ་དེ་རེད། དེ་ལྟ་བས་ན་འབྲེལ་མོལ་སྔ་མ་ལན་དགུའི་བརྒྱུད་རིམ་ནང་རྒྱལ་སྤྱིའི་སྣང་བརྙན་བསྐྲུན་པ་མ་གཏོག་དོན་ཕན་ལྡན་པའི་གྲོས་མོལ་ཅི་ཡང་བྱས་མེད་པ་མ་ཟད་དུས་ཚོད་ནར་འགྱངས་ཁོ་ནས་ཏཱ་ལའི་བླ་མའི་སྐུ་ཚེའི་འཕེན་པ་རྫོགས་རྒྱུར་ངང་བསྒུག་བྱས་དང་བྱེད་བཞིན་པ་དེས་སྐུ་ཉིད་སྒོ་ལྔའི་དབང་ཤེས་དང་ཀླད་རྩ་ཉམས་མེད་ན་གསལ་གསལ་ཐིང་ཐིང་མཁྱེན་ཚོད་ཡིན། དེས་ན་ཁུངས་མེད་རུ་དཔུང་གི་བཤད་ཡམས་ཀྱི་རྗེས་སུ་འབྲངས་ཡོད་མེད་དཔྱད་པར་འཚལ།
མི་རྣ་འདི་དག་དམིགས་གསལ་སྐུ་ཚབ་ལ་ག་འདྲ་འདུག།
༡་ སྟན་འཛིན་རྣམ་རྒྱལ་བཀྲིས་མཐོང།
༢་ རྔ་བ་ཚེ་རྒྱམ།
༣ ་སྤྱི་ཟུར་བསྟན་འཛིན་མཁས་གྲུབ།
༤ ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན།
༥ ་ སྤྱི་འཐུས་རྒྱ་རིག་ཐར།
༦ ་ ཀུན་དགའ་བཀྲིས།
༧ ་ ཐུབ་བརྟེན་ལུང་རིགས།
བོད་རྒྱ་ཞི་མོལ་ལ་ཁྱེད་དང་ང་ཚུད་པའི་མི་སུ་ཡིན་ཡང་འགྲོ་ཆོག་ཆོག་རེད་འདུག གསོལ་སྟོན་ཡང་བཤམ་ས་རེད། ལྟ་སྐོར་ལ་ཡང་ཁྲིད་ས་རེད། བོད་རང་བཙན་མ་བཤད་ན་སྐད་ཆ་ཡང་གང་བཤད་བཤད་རེད་འདུག དཔོན་རིགས་ཅུང་མཐོ་གྲས་དེ་འདྲ་ལ་ཐུག་ཐུབ་ས་རེད། ངས་དྲང་པོ་བཤད་པ་ཡིན།
བོད་རྒྱ་ཞི་མོལ་ལ་ཁྱེད་རང་ཚོ་སུ་ཡིན་ཡང་ཕེབས་ཆོག་ཆོག་རེད། རྒྱ་དམར་འཐབ་ཕྱོགས་གཅིག་གྱུར་ཁང་དང་། ཀྲུང་གོའི་ཕྱི་སྡོད་གཞུང་ཚབ་ཁང་མང་པོས་ཕྱི་སྡོད་བོད་མི་བོད་རང་བཙན་ཀྱི་ལས་འགུལ་མི་སྤེལ་མཁན་ཚོ་ལ་ཐུག་ས་མི་རག་ནས་ཨུ་ཐུག་ནས་བསྡད་འདུག ཁོང་ཚོས་བྱ་ཁུ་ཡུག་གིས་གནམ་ཆུ་སྒུག་རེད། ནམ་ཡིན་ཡང་སྒོ་ཕྱེ་ཕྱེ་ཡོད་ཡོད་པ་རེད། རྒྱ་སྐད་མ་ཤེས་ན་ཡང་གནད་འགག་མི་འདུག བོད་སྐད་ཤེས་མཁན་བཀོད་སྒྲིག་བྱས་འདུག རྡི་ལི་རྒྱ་དམར་གཞུང་ཚབ་ན་བོད་མི་ལས་བྱེད་ཀྱང་ཁ་ཤས་ཡོད་སྙམ། དེ་ཚོ་བོད་རྒྱ་ཞི་མོལ་དང་བོད་རང་བཙན་མི་རྩོད་མཁན་ལ་འབྲེལ་བ་བྱེད་མཁན་རེད།
སྤོབས་པ་ལགས།
བོད་པའི་བེམ་པོ་ལ་རྒྱ་འདྲེ་ཞུགས་ན། ངོ་མ་ང་ནི་སྐྲག་ནི་ཟིག་རེད། འདིའི་རིགས་འདི། བོད་རེད་ཟེར་ནས་བཀུར་མ་ཤེས། རྒྱ་རེད་ཟེར་ནས་སྡང་ཡང་མ་ཤེས། ངོ་མ་སྐྲག་གི། རྒྱ་ནག་གཞུང་ཚབ་ཁང་ཁག་གི་བོད་མི་དེ་ཚོ།
བོད་བསྟན་པ་ཆབ་སྲིད་ལ་ཁ་དཀར་བློ་དཀར་ཞིག་མིན་པའི་ཉུལ་མ་བ་རེ་རེད་བསམ་ན་སྤོ་ཡང་ལང་གི།
རྒྱའི་ལག་ཆ་ལ་ལོག་པའི་བོད་མི་འདི་ཚོ་ལ་བོད་མིའི་རུས་རྐང་ཞིག་མི་འདུག་བསམ་ན་ཡིད་ཡང་སྐྱོ་འི།
ཡང་བོད་པ་བ་ཞིག་གི་ལག་ལ་ལས་གནས་དག་ཙམ་དང་འཚོ་བའི་ཆ་རྐྱེན་བཟང་ཙམ་རེག་པ་རེད་བསམ་ན་དགའ་ཡང་དགའ་འི།
གང་ལྟར་བོད་པའི་བེམ་པོ་ལ་རྒྱ་འདྲེ་ཞུགས་ན། ངོ་མ་ང་ནི་སྐྲག་ནི་ཟིག་རེད།
ཟམ་གདོང་ཟམ་གདོང་། ཨ་རྒྱ་རིན་པོ་ཆེ་གཉིསསྐུ་ཚབས་བྱས་ན་རན་པོ་མི་འདུག ཟམ་གདོང་རིན་པོའི་ཆེའི་ཞི་དྲག་གཉིས་ཀྱི་སྒོ་ནས་གསུང་་གླེང་སྣ་ཚོགས་གནང་པས་ཁོའི་ཁ་ཕྱོགས་ཐམས་ཅད་རྒྱ་ནག་གི་ཤེས་གསལ་རེད། ཨ་རྒྱ་རིན་པོའི་སྔོན་ཆད་རྒྱ་ནག་གི་སྐུ་ཚབས་བྱས། དེ་ནས་ངོ་ལོག་བྱས་ཏེ་བྲོས། ཡང་བོད་ཀྱི་་སྐུ་ཚབ་བྱས་ན་འཛམ་གླིང སྤྱི་ཚོགས་ཁྲོདམཐོང་སྣང་ཡག་པོ་ཡོང་རྒྱུ་མ་རེད། འདི་གཉིས་ཀ་རྒྱ་ནག་ལ་མ་སླེབས་གོང་ནས་རྒྱ་ནག་གིས་གོང་ཚད་གཞལ་ཐུབ་པ་ཞིག་རེད། རྒན་འདི་གཉིས་གོང་དུ་བཀུར་ཏེ་་བློ་འདོན་པ་གནང་ན་ལེགས། སྐུ་ཚབས་སུ། ༡་ བཀྲས་མཐོང་སྟན་འཛིན་རྣམ་རྒྱལ།
༢ ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན།
༣ ་ ཐུབ་བརྟེན་ལུང་རིགས། སོགས་ཅི་དགོས་གྲོས་མོལ་གྱི་ས་མིག་རྒྱ་ཆེན་པོ་ཡོད་པར་གཟིགས་ཤིང་དཔྱད་པར་འཚལ།
གནམ་ལགས་། ད་སྐྲག་ས་མང་པོ་ཡོད་ནི་རེད། དེ་དག་གི་གང་དུ་ཚད། ཕྱི་རྒྱལ་ལོང་པ་ནང་དུ་སྤྲུལ་རྫུན་དང་གྲྭ་རྫུན་དེ་དག་ལ་སྐྲག་གི་འདུག་གམ། བཙན་བྱོལ་ནང་དུ་བོད་མི་ཁ་ཤས་ཀྱི་རང་དོན་ཁོ་ནར་ཆེད་དུ་ལས་ཀ་ག་རེ་བཤད་གྱིན་ཡོད་པ་དེ་དག་ལ་སྐྲག་གི་འདུག་གམ། ལོ་ངོ་ལྔ་བཅུ་འགོར་ཡང་དམིགས་གསལ་སྐུ་ཚབ་ལ་རན་པའི་མི་ཞིག་རག་རྒྱུ་མེད་པ་འདི་ལ་སྐྲག་གི་འདུག་གམ།
པདྨ་འཕྲིན་ལས་ལགས།
ཁྱེད་ཀྱིས་གསུངས་བཞིན་པ་དག་ལ་སྐྲག་གི་མི་འདུག། ཆུ་རྒྱ་མཚོའི་ནང་ན་ཅི་སོ་ཡོད་ལས། ཅི་སོ་མེད་ཀི་ན། སོ་སོ་ལ་ཅི་ཞིག་ཡོད་པའི་རྣམ་དཔྱོད་ལས་རྫུན་གྱི་ཕོང་བོ་བརྒྱ་ཁྲི་བཞི་སྟོང་གསུང་གི་ཡོད་ན་འང་འདྲ། བདག་གཞན་མཉམ་རྗེ་མེད་པའི་རང་དོན་ཁོ་ན་བྱེད་བཞིན་ཡོད་ན་འང་འདྲ། མ་ཤེས་རྨོངས་བའི་གཉིད་ལས་མ་སད་པའི་དབུ་ཁྲིད་མགོ་འཁོར་རེ་མ་གཏོགས་མེད་ན་འང་འདྲ། གང་ལྟར་འདི་དག་གིས་རྒྱ་བོད་གཉིས་ཀྱི་གྱོད་གཞི་ལས་བོད་རྒྱལ་བར་ཕན་པའི་རོགས་མ་ཐུབ་ན་ཡང་། གནོད་པའི་ལས་ཞིག་བྱེད་འདོད་མེད་པའི་དམ་བཅའ་བ་ཅན་ལ། ང་ཤིན་ཏུ་མི་སྐྲག་གོ། ང་ཁྱི་རྐུན་ངན་འབྲེལ་བྱེད་མཁན་གཅིག་པོ་ལ་སྐྲག་མ་གཏོགས། དེ་མིན་དགྲ་བོ་རྒྱ་དམར་ཚང་ལ་ཡང་མི་སྐྲག་གོ།
༢༠༠༢ ནས་མགོ་འཛུགས་བྱས་པའི་འབྲེལ་མོལ་རིམ་བྱུང་གིས།
བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་ཟེར་བའི་འཁྱོག་བརྗོད་མཁྲེགས་བཟུང་གི་བཤད་ཚུལ་དེ་ཡོངས་སུ་གཏོར་ནས། རྒྱ་ཕྱོགས་ནས་༸གོང་ས་མཆོག་ལ་བོད་ཀྱི་བརྟན་བརླིང་དང་འཕེལ་རྒྱས་ལ་དགོངས་ཚུལ་ལེགས་པ་གང་ཡོད་མེད་དང། དེ་བཞིན་རང་སྐྱོང་གི་རྣམ་པ་ག་འདྲ་ཞིག་འཚོལ་གྱི་ཡོད་མེད་འགྲེལ་བརྗོད་ཁ་གསལ་རྩ་ཁྲིམས་དང་མ་འགལ་བའི་ས་གནས་རང་སྐྱོང་སྐོར་ཁྱེད་ཚོའི་བསམ་ཚུལ་ཇི་ཡོད་ལ་ཉན་འདོད་ཡོད་ཅེས་བཤད་དགོས་ཐུག་པ་འདི་གཅིག་པུས་ཀྱང། དངོས་དོན་བརྗོད་པའི་བགྲོ་གླེང་ཅོག་ཙེ་སྟེང་རྒྱ་ནག་གཞུང་གནས་ལུགས་ཀྱིས་ཕོངས་ཤིང། ༸གོང་ས་མཆོག་དང་སྒྲིག་འཛུགས་ལ་བོད་མིའི་མདུན་ལམ་ཐག་གཅོད་བྱེད་པར་འོས་བབ་ཡོད་པ་ཁས་ལེན་བྱས་འདུག་པ་མ་ཟད། མདུན་ལམ་ཅི་ལྟར་ཐག་གཅོད་བྱ་མིན་གྱི་གནད་དོན་སྐོར་བཀའ་མོལ་གནང་དགོས་བྱུང་འདི་སོགས་ནི་འབྲེལ་མོལ་རིམ་བྱུང་སྐབས་སྐབས་དང་དུས་མཚམས་སོ་སོར་བླངས་པའི་བླ་ན་མེད་པའི་གྲུབ་འབྲས་ཡིན།
དེའི་རྗེས་༼ བསམ་འཆར ༽རྒྱ་གཞུང་ལ་སྤྲད་རྗེས། དེ་ཁས་ལེན་གནང་མི་ཐུབ་པའི་རྒྱུ་མཚན་གཉིས་དགོས་པ་སྐབས་དེའི་བཀའ་ཁྲི་མཆོག་གིས་གསལ་འདོན་གནང་བ་སྟེ། གཅིག རྒྱ་ནག་གི་རྩ་ཁྲིམས་འབྲུ་དོན་ལ་གོ་བ་ལེན་སྟངས་མ་འགྲིག་པའི་ངོས་དང། གཉིས། རྒྱ་ནག་གཞུང་གིས་རང་གི་རྩ་ཁྲིམས་རྩིས་མེད་གཏོང་གི་ཡིན་པའི་རྣམ་འགྱུར་ཁས་ལེན་དགོས་པ་ཡིན་པ་སྐད་གསེང་མཐོན་པོས་ཞུས་ཡོད་པ་དེའི་གནས་བབ་ད་ལྟ་རང་འཇགས་བསྡད་ཡོད་པ་མ་གཏོགས། འགྱུར་བ་ཕྲན་བུ་ཙམ་ཡང་ཕྱིན་མེད་སྟབས། ཧམ་ཤེད་དྲག་སྤྱོད་རྫུན་བཟོའི་ཁྱབ་ཁོངས་མ་རྩིས་པ་ཡིན་ན། རང་ཕྱོགས་འབྲེལ་མོལ་གྱི་རིམ་པ་དེར་ཧ་ཅང་རྣམ་པར་རྒྱལ་ཡོད་པ་ཡོངས་གྲགས་ཆགས་ཡོད།
དེ་ནས་བཟུང་འཇིག་རྟེན་ཧྲིལ་བོའི་སྟེང་བོད་ཀྱི་དཀའ་ངལ་འདི་ལྟར་སེལ་དགོས་ཞེས་མཛུབ་མོ་འཛུགས་ས་གསལ་བོ་དང། ཚུལ་མཐུན། གཉིས་སྨན་ཞིག་བྱུང་ཡོད་པ་སོགས་ཀྱང་སྐབས་དང་དུས་མཚམས་སོ་སོའི་རྒྱལ་ཁ་ཡིན་ལ། ད་ལྟའི་རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་གཞི་གདན་དེ་ག་རང་དུ་གནས་ཡོད་ལ། རྒྱ་ནག་གི་མགོ་ཁྲིད་དང་ཐུག་འཕྲད་བྱས་པའི་རྒྱལ་སྤྱིའི་མགོ་ཁྲིད་ཚོས་༼ བསམ་འཆར ༽མཇུག་གནོན་དགོས་ཚུལ་ལ་སྤོབས་པ་ཆེན་པོས་རྒྱབ་སྐྱོར་གནང་ཐུབ་ཀྱི་ཡོད།
དེ་བཞིན་ཚད་ལྡན་ཞིབ་འཇུག་བྱས་པ་ཡིན་ན། རྨོངས་པའི་མུན་པ་སངས་པའི་གྲུབ་འབྲས་རླབས་ཆེན་དག་མཐོང་ངེས་པ་ཡིན་པས་ལར་ནས་ཤེས་ནས་སྨྲ་རྒྱུར་འབོད་སྐུལ་ཆབས་གཅིག་ཞུའོ།།