རྐ་འོད་ཟེར་གྱིས་བསྒྱུར།
ང་ལ་ཚ་ལུ་མས་ཡོངས་སུ་གང་བའི་ཤིང་སྡོང་ཡིད་དུ་འོང་བ་ཞིག་ཡོད་པའི་དབང་དུ་ཐོངས་དང་། ངས་རང་ཉིད་ལ་ཚ་ལུ་མ་ནི་ཅི་ཞིག་གིས་གྲུབ་བམ་ཅེས་དྲིས་བའི་དབང་དུ་བཏང་ན། དྲི་བ་དེར་ངས་ལན་ཅི་ལྟར་འདེབས་དགོས་སམ། དེས་ན། རེད་ཡ། ངས་ཚ་ལུ་མའི་གཏིང་རིམ་དུ་བལྟ་དགོས་པ་རེད། དེ་འདྲ་ཡིན་སྟབས། ངས་ཚ་ལུ་མ་དེ་ཕྲ་མཐོང་ཆེ་ཤེལ་ནང་ནས་ཆེ་རུ་བཏང་དགོས་ཤིང་། ད་དུང་དེ་ཇེ་ཆེར་བཏང་ནས། དེའི་གཏིང་རིམ་དུ་མུ་མཐུད་ཆེ་རུ་བཏང་སྟེ་བལྟས་ན།
སྔ་ཕྱི་ལ་མ་ལྟོས་པར། འདུས་རྡུལ་མང་པོ་མཐོང་བར་འགྱུར། དེ་ནི་འདུས་རྡུལ་ནས་མཇུག་སྒྲིལ་བ་ཞིག་མིན་ཏེ། འདུས་རྡུལ་ཀྱང་ཆེ་རུ་གཏོང་ཐུབ་པ་རེད། འདུས་རྡུལ་དེ་དག་གི་གཏིང་རིམ་དུ་ཚད་ལོངས་པ་ཞིག་ཆེ་རུ་བཏང་བ་ཡིན་ན། རྡུལ་ཕྲན་མཐོང་བ་ཡིན་ལ། དེ་ནི་རྡུལ་ཕྲན་ནས་མཇུག་རྫོགས་པ་ཞིག་ཀྱང་མ་ཡིན་པར། གློག་རྡུལ་གྱིས་རྡུལ་ཕྲན་གྱི་སྟོང་ཆ་མང་ཆེ་བ་རུ་འཚུབ་སྐོར་བྱེད་ཀྱིན་ཡོད་ཅིང་། གཏིང་རིམ་དུ་ཉིང་རྡུལ་མཐོང་བ་ཡིན། དེ་ཆེ་རུ་བཏང་བ་ཡིན་ན། ཉིང་རྡུལ་དང་བར་རྡུལ་ཕྲ་མོ་མང་པོ་མཐོང་བ་ཡིན། བར་རྡུལ་གཅིག་གདམས་ནས་དེ་ཆེ་རུ་བཏང་བ་ཡིན་ན། ད་དུང་། ཉེ་བའི་རྡུལ་ཕྲན་ཆུང་ཆུང་མང་པོ་ཞིག་མཐོང་བ་ཡིན་ལ། སྐབས་འདིར་བསླེབས་པ་ན་སྤྱིར་བཏང་བའི་འདོད་ཚུལ་དག་མཚམས་འཇོག་པ་ཡིན་མོད།
སྐབས་འདི་ནས་སྐུད་པའི་རྣམ་བཞག་གམ། སྐུད་པའི་གྲུབ་དོན་ཞེས་བའི་འདོད་ཚུལ་གྱིས་ཉེ་བའི་རྡུལ་ཕྲན་གྱི་ནང་དུ་ཡང་། ཅི་ཞིག་ཡོད་པའི་བསམ་ཚུལ་འདོན་གྱི་ཡོད། དེར་བརྟེན། ཉེ་བའི་རྡུལ་ཕྲན་ཆུང་ཆུང་ཞིག་བླངས་ཏེ་ཆེ་རུ་བཏང་ན། སྤྱིར་བཏང་བའི་འདོད་ཚུལ་གྱི་དབང་དུ་བཏང་ན། དེར་ཅི་ཡང་མེད་ཟེར་མོད། སྐུད་པའི་གྲུབ་དོན་གྱིས་དེ་རུ་ཉག་ཕྲན་ཧ་ཅང་ཆུང་ཆུང་སྐུད་པ་ལྟ་བུའི་ནུས་པ་ཞིག་སྟེ། ཨོག་ལེན་པི་ཝང་སྟེང་གི་རྒྱུད་སྐུད། འཐེན་ན་འདར་འབེལ་གྱི་སྒྲ་འབྱིན་པའི་སྐུད་པ་ལྟ་བུའི་ནུས་ཤུགས་ཤིག་ཡོད་པ་དང་། སྐུད་པའི་གྲུབ་དོན་གྱིས་སྟོན་པའི་ནུས་སྐུད་ཕྲ་མོ་དེ་དག་གིས་འདར་འབེལ་བྱེད་སྐབས་སྒྲ་མི་འབྱིན་པར། དེ་དག་གིས་རང་འདྲ་ཕྲ་མོ་མང་པོ་སྐྲུན་གྱི་ཡོད། དེ་འདྲ་ཡིན་སྟབས། ཉེ་བའི་རྡུལ་ནི་གཞན་ཅི་ཡང་མ་ཡིན་པར། འདར་འབེལ་འགྲོས་ཅན་གྱི་སྐུད་པ་ཞིག་དང་། གློག་རྡུལ་ནི་གཞན་ཅི་ཡང་མ་ཡིན་པར། ནུས་སྐུད་འདར་འབེལ་གྱི་འགྲོས་གཞན་ཅན་ཞིག་དང་། མ་ངེས་པའི་རྡུལ་ནི་གཞན་ཅི་ཡང་མ་ཡིན་པར། འདར་འབེལ་གྱི་འགྲོས་གཞན་དང་མི་འདྲ་བ་ཅན་གྱི་སྐུད་པ་ཞིག་ཡིན།
དེ་ནས་རྡུལ་དེ་དག་ཚང་མ་ཕྱིར་སྡོམ་པ་ཡིན་ན། སྤྱི་བཏང་བའི་ཚ་ལུ་མ་ཞིག་གྲུབ་ཡོད་པ་རེད། འདི་ནི་རྗེས་དཔག་ཞིག་ཡིན་མོད། འདོད་ཚུལ་འདི་དག་བདེན་ན། ཚ་ལུ་མ་ཞིག་གི་གཏིང་རིམ་དང་། ཡང་ན། དངོས་གཟུགས་ཅི་ཡང་རུང་བ་ཞིག་གི་གཏིང་རིམ་དུ་འཚོལ་གཤེར་བྱས་ཚེ། གཞན་ཅི་ཡང་མེད་པར་ནུས་ཤུགས་ཀྱི་སྐུད་པའི་འདུས་ཚོགས་ཧ་ཅང་ཆེན་པོ་ཞིག་ཚུབ་ཚུབ་ཏུ་གར་ལ་རོལ་བཞིན་པ་ཡིན། དེ་ནི་སྐུད་པའི་རྣམ་བཞག་གམ། སྐུད་པའི་གྲུབ་དོན་གྱི་གཞི་རྩའི་གོ་བ་ཡིན།