དགེ་བཤེས་དགེ་འདུན་ཆོས་འཕེལ།
ཚན་ཆོས་ཟུང་འབྲེལ་རྟེན་འབྱུང་གནས་ལུགས་དང་།།
ཆོས་དང་མ་འབྲེལ་ཀུན་ཁྱབ་ལྟ་གྲུབ་སྲོལ།།
གླིང་འདིར་གསར་དུ་ཤིང་རྟའི་སྲོལ་འབྱེད་པོ།།
སྟོན་པ་ཆེན་པོ་ཏཱ་ལའི་བླ་མར་འདུད།།
ས་འོག་འབུ་སྲིན་ས་སྟེང་རྒྱལ་བའི་སྐུར།།
སྟེས་དབང་ཐལ་སྦྱར་དད་པའི་རྣམ་འགྱུར་ལྟར།།
གཏིང་མཐའ་བྲལ་བའི་མཛད་རྣམ་ཆུ་གཏེར་ལས།།
ཆུ་ཐིགས་ཙམ་ཞིག་མཆོད་པར་བརྗོད་ལ་སྤྲོ།།
གངས་ལྗོངས་སྣོད་བཅུད་དུས་གཟིར་གཉན་འཕྲང་སྐབས།།
སྔོན་གྱི་ཐུགས་བསྐྱེད་གདུལ་བྱའི་དམ་ཚིག་གིས། །
ཚོགས་གཉིས་རྫོགས་པའི་འགྲོ་བའི་སྒྲོན་མེ་ཁྱེད། །
སྨག་རུམ་གཞོམ་ཕྱིར་མདོ་སྨད་ཡུལ་ནས་ཤར། །
ལྷ་དང་བླ་མའི་ཐུགས་དམ་ལུང་བསྟན་དང་། །
དམག་ཟོར་རྒྱལ་མོས་ཨ་ཀ་མ་ཡིག་གིས། །
གསལ་ཞིང་འཁྲུལ་མེད་ཀུན་ལ་རྩོད་མེད་དུ། །
རྒྱལ་དབང་སྐུ་ཕྲེང་བཅུ་བཞིར་མངའ་གསོལ་མཛད། །
ཤེས་བྱའི་གནས་ལུགས་རྗེན་པར་མ་རྟོགས་ན། །
ཐོབ་དང་གོ་ས་སྦུན་པ་བཞིན་གཟིགས་ནས། །
ཕྱི་ནང་རིག་གནས་ཀུན་དང་ལྷག་པར་དུ། །
ཚན་ཆོས་རིག་པའི་རྟེན་འབྱུང་མངོན་དུ་བྱས། །
མཁས་བཙུན་བཟང་བོའི་ཡོན་ཏན་ལྷུན་པོ་ལྟར། །
མཐོ་ཞིང་བརྗིད་ཆགས་འགྲན་པའི་ཟླ་མེད་ཀྱང་། །
ཞི་དུལ་སྤྱོད་པས་འགྲོ་ཀུན་གཙུག་རྒྱན་ཏུ། །
ལེན་པའི་སེམས་དཔའི་བརྟུལ་ཞུགས་ཨེ་མ་མཚར། །
མཇལ་བཅར་གཅིག་ཆེད་བཀའ་སློབ་གནང་ཚུལ་དང་། །
འབུམ་ཕྲག་བརྒལ་བར་བླང་དོར་ལམ་སྟོན་གཉིས། །
དམ་ལྷོད་རྒྱས་བསྡུས་མེད་པར་གཅིག་མཚུངས་སུ། །
གནང་བའི་རྣམ་ཐར་སོ་སྐྱེའི་བློ་ལས་འགོངས། །
ཆོས་ལུགས་རིས་མེད་མི་རིགས་དབྱེར་མེད་དང་། །
མཁས་བླུན་ཁྱད་མེད་རྒྱལ་ཁབ་རིས་མེད་ཀྱིས། །
ཁྱེད་ལ་དགའ་བའི་སྤྲོ་སྣང་དེར་ལྟོས་ན། །
དོན་གྱིས་ཁྱེད་ནི་ཀུན་གྱི་མ་མ་ཉིད། །
སྒོམ་དང་ཞལ་འདོན་དཔེ་གཟིགས་གསར་འགྱུར་དང་། །
ཕྱག་དང་ལུས་སྦྱོང་མི་སྣ་མཇལ་འཕྲད་སོགས། །
ཉིན་གཅིག་མཛད་པའང་ཕལ་བའི་ཡུལ་མིན་པས། །
ཁྱེད་ཀྱི་མཛད་འཕྲིན་མཁའ་བཞིན་གཏིང་མཐའ་བྲལ། །
པཎ་གྲུབ་བཅུ་བདུན་རྣམས་ཀྱིས་གསལ་མཛད་པའི། །
ཐུབ་པའི་བསྟན་འདི་དེང་གི་ཚན་རིག་མཉམ། །
ཡུན་ཐུང་གཅིག་ལ་གོ་ལའི་ཁྱོན་བརྒལ་བ། །
ཁྱེད་ཉིད་དྲིན་དུ་མིག་ལོང་བས་ཀྱང་མཐོང་། །
བོད་ཀྱི་ཆོས་བརྒྱུད་ཀུན་གྱི་ལྟ་བའི་གནད། །
ལྟ་བ་རྟེན་འབྱུང་ཀླུ་སྒྲུབ་དགོངས་པ་རུ། །
གཅིག་ཏུ་བབས་སྟངས་རྗེན་པར་སྟོན་པ་པོ། །
ཁྱེད་དང་པཎ་ཆེན་ཆོས་རྒྱན་ཁོ་ན་ཙམ། །
ཐུབ་པའི་བསྟན་པ་དབྱེ་བ་གསུམ་ཕྱེས་སྟེ། །
ཚན་རིག་ལྟ་གྲུབ་ཆོས་ཀྱི་རིམ་པ་ཞེས། །
ཡངས་པའི་ཁྱོན་འདིར་རིག་པའི་འགྲེལ་གཅིག་གིས། །
རྨོངས་པའི་སྨག་རིམ་ཐམས་ཅད་གཞིལ་བར་མཛད། །
ཨེ་མ་ཁྱེད་ཀྱི་གསུང་དང་བྱམས་བརྩེ་དང་། །
རྣམ་དག་རིག་པའི་མཛད་པ་མཐའ་ཡས་པ། །
སངས་རྒྱས་ཉིད་ལས་ལྷག་ཞེས་སྨྲ་བ་རྣམས། །
དངོས་བདེན་ཉིད་ལས་སྒྲོ་བཏགས་ཆ་མ་འཚལ། །
སངས་རྒྱས་ཆོས་འདི་རྟེན་འབྱུང་སྲོག་བྱས་ཏེ། །
མཚན་ཉིད་རིག་པའི་ཆོས་ཤིག་ཡིན་མོད་ཀྱང་། །
ལྟར་སྣང་བཤེས་གཉེན་རྨོངས་དད་གཙོར་བྱས་ནས། །
བསྟན་པ་མོག་མོག་ཉིད་དུ་བྱས་བའི་ཚེ། །
སངས་རྒྱས་ཆོས་དང་དེང་གི་ཚན་རིག་ཟུང་། །
བགྲོ་གླེང་ཐབས་མཁས་མཛད་པ་ཉག་གཅིག་གིས། །
ནང་བའི་ཆོས་འདི་མཚན་ཉིད་རིག་པ་ཞེས། །
སླར་ཡང་གོ་ལའི་ཁྱོན་ལས་བརྒལ་བར་བྱས། །
ཚེ་འདིའི་སྣང་ཤེས་ཕྱི་མའི་སྣང་ཤེས་དང་། །
ཚེ་འདི་བློས་གཏོང་དགོས་པའི་གདམས་པ་རྣམས། །
གོ་ལོག་འཆད་ཉན་དེང་སང་ཆེས་མང་བརྟེན། །
མི་རིགས་དཔལ་འབྱོར་གནོད་ཅེས་སྒྲོ་འདོགས་སྐབས། །
ཁྱེད་ཀྱིས་གདམས་པ་དེ་དག་ཚེ་འདིར་ཡང་། །
ཕན་རླབས་ཆེ་བས་དཔལ་འབྱོར་མི་རིགས་དང་། །
ཚེ་འདིའི་བདེ་སྐྱིད་ལ་ཡང་དེ་དགོས་ཞེས། །
འགྲེལ་བཤད་ཟབ་མོའི་འོད་ཟེར་སྦྱིན་པར་མཛད། །
ཆོས་ནི་རང་སེམས་བཅོས་ནས་གཞན་ཕན་ལས། །
ཕྱི་ཡི་དངོས་པོ་སྤང་བའི་དོན་མིན་པས། །
བྱམས་དང་སྙིང་རྗེ་རྟེན་འབྱུང་གནས་ལུགས་ལ། །
སྐྱ་སེར་དབྱེར་མེད་སློབ་ཞེས་ཁྱེད་ཀྱིས་གདམས། །
ན་ལེནྡྲ་ཡི་ཆོས་བརྒྱུད་མདོ་སྔགས་ལམ། །
ལྷ་གསོལ་ཀླུ་གསོལ་སྲོལ་ངན་ལྷད་པས་ཚེ། །
ཁྱེད་ཀྱི་རྣམ་དཔྱོད་ནོར་བུའི་ཀེ་ཏ་ཀས། །
མི་གཙང་རྙོག་མ་དྭངས་གསལ་ཉིད་དུ་བསྒྱུར། །
གང་ཟག་སྒོས་བཙན་བསྟན་པ་སྤྱི་བཙན་ཞེས། །
མདོ་སྔགས་གཞུང་ལུགས་རབ་འབྱམས་མ་ལུས་པ། །
ཀུ་ཤའི་རྩེ་ལྟར་མ་འདྲེས་མ་ཕྱེ་བར། །
གདན་ཐོག་གཅིག་སྟེང་ཉམས་ལེན་གནད་ཀུན་ཕྱེས། །
མདོ་སྔགས་བརྒྱུད་འགྲེལ་དབང་ལུང་མན་ངག་དང་། །
སྤྱོད་འཇུག་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་སོགས། །
ཤར་ནུབ་ཀུན་གྱི་གདུལ་བྱ་རིས་མེད་ལ། །
མོས་ཁམས་འཚམས་པའི་ཆོས་ཀྱིས་ཚིམ་པར་མཛད། །
ངག་འདོན་ཆོ་ག་ཕྱི་ཡི་རྟེན་བཞེངས་ཙམ། །
ཡིད་ཚིམ་སྡོད་པ་བསྟན་པ་འཇིག་པའི་རྒྱུ། །
བསྟན་ལ་ཤེས་ནས་དད་པ་བསྐྲུན་དགོས་ཞེས། །
ཡང་ཡང་གདམས་མཁན་ཁྱེད་ཉིད་ཁོ་ན་ཙམ། །
སྐྱབས་སུ་མཆི་ཞེས་ལེགས་ཉེས་བདེ་སྡུག་ཀུན། །
དཀོན་མཆོག་ཕྱག་ཏུ་ཡོད་པར་ཡིད་ཆེས་པ། །
སངས་རྒྱས་ཆོས་དང་ཡོངས་སུ་འགལ་ལོ་ཞེས། །
མི་འཇིགས་གད་རྒྱངས་མཐོན་པོ་དབྱིངས་སུ་བསྒྲགས། །
བསྟན་པའི་ཡང་སྙིང་བླ་མེད་རྡོ་རྗེ་ཐེག།
མཐའ་དྲུག་ཚུལ་བཞིས་རྒྱུད་དོན་གསུངས་པའི་ཚེ། །
སྒྱུ་ལུས་འོད་གསལ་བདེ་སྟོང་དབྱེར་མེད་ལམ། །
དུས་ཀྱི་མཐར་ཡང་རྫོགས་ལྡན་ཉིད་དུ་བྱས། །
གངས་ཅན་ཡོངས་དང་ལྷག་པར་འཛམ་གླིང་ཀུན། །
ཞི་བདེ་ལམ་དུ་དྲིན་གྱིས་བསྐྱངས་མཛད་དེ། །
དགུང་ལོ་བརྒྱད་ཅུར་ཕེབས་པའི་གྱ་སྟོན་དུ། །
བཀའ་དྲིན་མ་ཎི་རྡོ་འབུམ་རི་ལྟར་སྤུངས། །
དགེ་འདིས་དགུང་ལོ་བརྒྱ་དང་ཉེར་ལྔའི་བར། །
སྐུ་གེགས་མཚན་མ་གང་ཡང་མེད་པ་དང་། །
བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་གྱུར་ནས། །
གངས་ལྗོངས་ཞིང་དུ་རང་དབང་མྱུར་ཐོབ་ཤོག །
ཅེས་རིས་མེད་ཀྱི་སྟོན་པ་ཆེན་པོ་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་གྱི་རྟེན་འབྲེལ་དུ་དགའ་བྱང་དགེ་བཤེས་དགེ་འདུན་ཆོས་འཕེལ་གྱིས་ཡོ་རོབ་གླིང་ནས་གུས་པས་ཕུལ་པ་དགེ་ལེགས་སུ་གྱུར་ཅིག །
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།
དིལ་མགོན་མཁྱེན་བརྩེ་རིན་པོ་ཆེས་གསུངས་སོ།།