རྔ་བཟའ་བདེ་པོ་འཚོ།
དུས་རབས་གསར་མའི་ནང་། ཤར་ལྷོ་ནུབ་བྱང་གི་མི་ཚང་མས་རང་ཉིད་ཐོག་མར་འཇིག་རྟེན་འདིར་ཡོང་བའི་ཉིན་མོ་སྟེ་སྐྱེས་སྐར་སྲུང་བརྩི་བྱ། གླུ་དང་གར། རྩེད་འཇོ་ལ་སོགས་ལ་རོལ་ནས་སྲུང་བརྩི་བྱ། འོན་ཀྱང་ཉི་ཟླ་གཟའ་ཡིས་བཟུང་བ་བཞིན་གློ་བུར་དུ་གཞན་གྱི་བཙན་འོག་ཏུ་ཚུད་པའི་བྱིས་པ་ཆུང་ཆུང་ཞིག འདི་ལྟར་ཉི་འོད་མི་མཐོང་ཞིང་ཟླ་འོད་མི་གསལ་བའི་གནས་ཤིག་ན། རང་དབང་བྲལ་བའི་མནར་གཅོད་མྱོང་པའི་སྐབས་འདིར། ང་ཚོས་ཁོང་གི་སྐུའི་འཁྲུངས་སྐར་ཇི་ལྟར་བསུ་དགོས་སམ།
་་་་་་་་་་་་
ང་ཚོས་སེམས་པ་དང་སེམས་པ་གླན་ནས་མིག་ཆུ་དང་མིག་ཆུ་བསྲེས་ཏེ། དབུགས་རིང་རེ་འཐེན་ཞོར་རང་རང་ས་ནས་ཡིག་འབྲུ་འགའ་རེས་ཁ་བཏགས་དཀར་པོ་རེ་མཚོན་པ་དང་གླུ་གཞས་གཉོམ་པོ་རེས་བཀྲ་ཤིས་ཁ་གཡང་དང་སྙན་ངག་རྨས་མ་རེས་དམར་པོའི་སེམས་པའི་ཚབ་བྱས་ཏེ་སྐུའི་འཁྲུངས་སྐར་བསུ་དགོས་པ་ནི་འུ་ཅག་གི་ལས་དབང་དང་གནས་སྟངས་ཤིག་རེད། འདི་ལྟར་ཁ་ཁུ་སིམ་པའི་ལྐོག་ལྐོག་སུད་སུད་ཀྱི་འཁྲུངས་སྐར་ཅི་ཙམ་བཏང་ཟིན་ནམ་ད་དུང་ཅི་ཙམ་གཏོང་དགོས་སམ།
་་་་་་་་་་
འདི་ཚོ་བསམ་ན་འཛམ་གླིང་འདིར་འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ་ཡོད་ཟེར་བ་དེ་ཁ་ཙམ་དང་། འགྲོ་བ་མིའི་རིགས་རྣམས་འདྲ་མཉམ་དང་དྲང་བདེན་གྱིས་འཚོ་བར་སྣེ་ཁྲིད་ཅིང་འགན་ལེན་པའི་མཉམ་སྦྲེལ་རྒྱལ་ཚོགས་ཤིག་ཡོད་པ་དེ་ཡང་སྟོང་གཏམ་རེད་འདོད། གྲངས་ཉུང་མི་རིགས་ཀྱི་བདེ་སྡུག་ཐོག་ལ་ལག་པ་འཁུམ་ཞིང་མིག་རྒྱང་ཐུང་། སྟོབས་ཆེན་རྒྱལ་ཁབ་ཀྱི་གཤོག་པའི་ཐོག་ལ་གཤོག་པ་བརྩེགས་ཏེ་འཕུར་རོགས་བྱ་ལ་འདུར་རྒྱུགས་བྱེད་པ་ལས། དོན་ངོ་མའི་བདེན་པའི་བློ་མིག་ཞིག་གང་ན་ཡོད་དམ།
་་་་་་་་་་་
དེ་རིང་ཡང་ང་ཚོས་དེ་ལྟར་སྐུའི་འཁྲུངས་དཀར་བསུ། གླུ་གཞས་ཀྱི་སྒྲ་དབྱངས་དབེན་ས་ཞིག་ནས་སྲུང་བརྩི་བྱ། བློ་ཡིད་སྨྲེང་ཞིང་མིད་པ་འགག་བཞིན་སྲུང་བརྩི་བྱ།
༢༠༡༥/༤/༢༥
དྲང་བདེན་་་་་འདྲ་མཉམ་་་་རང་དབང་་་་ཚིག་སྙན་མོ་རྐྱང་རྐྱང་་་འོན་ཀྱང་དོན་དངོས་སུ་འདི་དག་ནི་བེད་མེད་པའི་ཚིག་སྐམ་ཞིག་ལས་ཅིང་མེད་པ་འདྲ།