འདྲེན་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
༄༅།།དེ་རིང་འདིར་ལོ་ངོ་བརྒྱ་ཕྲག་མང་པོའི་བྱུང་རབས་དང་། རིག་གཞུང་། མངའ་དབང་ལྡན་པའི་བོད་མི་རིགས་ཀྱི་མངོན་འདོད་ལས། བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་མིའི་རང་གཟུགས་སུ་བྱོན་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་ཁྲིད། ༸སྤྱི་ནོར་༸གོང་ས༸སྐྱབས་མགོན༸རྒྱལ་བའི་དབང་པོ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན། ༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག རྒྱལ་དབང་པད་དཀར་འཆང་བ་རིམ་བྱོན་གྱི་རྫོགས་སྨིན་སྦྱངས་གསུམ་གྱི་ཐུགས་བསྐྱེད་སྨོན་ལམ་དང་། འཕྲལ་ཕུགས་གདུལ་བྱའི་རྣམ་དཀར་བསོད་ནམས་ཀྱི་རྟེན་འབྲེལ་རླབས་པོ་ཆེ་དུས་སུ་སྨིན་པ་ལས།
བོད་ཤིང་ཕག་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་འཇམ་མགོན་རྒྱལ་བ་གཉིས་པའི་སྐུའི་མཚན་དཔེའི་མེ་ཏོག་རྣམ་པར་བཞད་པའི་ཉེ་འགྲམ་སྐུ་འབུམ་སྟག་འཚེར་ཁབ་ཏུ། མ་གཅིག་འདོད་ཁམས་བདག་མོ་གཙོ་གྱུར་བོད་སྐྱོང་ལྷ་སྲུང་གཉེར་གཏད་རྣམས་ཀྱི་འཁྲུལ་བྲལ་བསླུ་མེད་རྡོ་རྗེའི་བཀའ་ལུང་བཞིན། ངོ་མཚར་རྨད་དུ་བྱུང་བའི་དན་རྟགས་ཀྱི་སྣང་བ་འགོག་མེད་དུ་ཤར་ཏེ། མཐོང་གྲོལ་མཆོག་སྤྲུལ་ཟླ་ཚེས་གསར་པ་མངོན་པར་ཤར་བ་ནས་ད་ཆ་རང་ལུགས་དགུང་གྲངས་ ༨༠ དང་། ཕྱི་ལུགས་ལྟར་ན། ༧༩ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་བཀྲ་ཤིས་དགའ་བ་འབུམ་ལྡན་གྱི་ཉིན་མོར། འཛམ་གླིང་ས་ཕྱོགས་གང་སར་སྤྲོ་སེམས་ཁོལ་བའི་ངང་རྣམ་དཀར་བསོད་ནམས་གསོག་སྒྲུབ་ལ་བྲེལ་བའི་བར་སྐབས་འདིར། ཕྲན་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། མགོན་པོ་གང་གི་༸ཞབས་པད་མི་འགྱུར་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་ངོ་བོར་རྟག་ཏུ་བརྟན་ཅིང་། མུ་དང་མཐའ་མེད་པའི་སྐྱེ་འགྲོ་མགོན་དང་སྐྱབས་མེད་པ་དག་གི་བླང་དོར་ལམ་སྟོན་གྱི་སྒྲོན་མེ་ཆེན་པོར་བཞུགས་ཏེ། མཛད་འཕྲིན་འཇིག་རྟེན་མཐའ་དབུས་མེད་པར་ཀུན་ཁྱབ་དར་རྒྱས་ཡོང་བའི་གསོལ་འདེབས་དང་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།
འཇིག་རྟེན་ཡོངས་གྲགས་ཀྱི་དམ་པ་སུ་ཞིག་གི་འཁྲུངས་སྐར་སྲུང་བརྩི་བྱེད་ནའང་། སྟོན་པ་དེ་དང་དེའི་མཛད་པ་ལ་དྲན་གསོ་དང་། བླང་དོར་ལམ་སྟོན་ལ་བརྩི་འཇོག་དང་རྗེས་སུ་སློབ་རྒྱུ་ནི། འཁྲུངས་སྐར་སྲུང་བརྩི་བྱས་པའི་དགོས་དོན་གྱི་སྙིང་པོ་ཡིན་པ་ལྟར། གལ་གནད་ཆེ་བའི་ཉིན་མོ་འདིར་མཉམ་ཞུགས་གནང་མཁན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་སྤུན་ཟླ་མི་རིགས་ཡོངས་དང་། ལྷག་པར་དུ་གཞིས་བྱེས་བོད་མི་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུ་འོས་ཐོག ཁོང་གི་ཀུན་ཁྱབ་མཛད་འཕྲིན་དང་། བླང་དོར་ལམ་སྟོན་ཐོག་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་དྲན་གསོ་དང་སྒྲུབ་པ་ཉམས་ལེན་བྱ་རྒྱུ་ནི། སྐུའི་འཁྲུངས་སྐར་གྱི་ལེགས་སྐྱེས་གལ་ཆེན་ཞིག་ཡིན།
ཕྱི་ལོ་ ༡༩༤༩ ལོར་བོད་ཤར་ཕྱོགས་ས་མཚམས་སུ་རྒྱ་དམར་གྱིས་བཙན་འཛུལ་དཔུང་འཇུག་བྱ་མགོ་བཙུགས་ཏེ། བོད་ཀྱི་ཆབ་སྲིད་གནས་སྟངས་སྣུམ་ཟད་མར་མེའི་ངང་ཚུལ་ལྟར་ཐ་ཞན་དུ་གྱུར་ཏེ། གངས་ལྗོངས་ཆོས་སྲིད་འཕྲིན་ལས་ཀྱི་ཁ་ལོ་མངོན་པར་བསྒྱུར་བའི་ནུས་མཐུ་མགོན་པོ་གང་ཉིད་ལས་གཞན་སུ་ལ་ཡང་མ་མཆིས་པ་མངོན་གསལ་དུ་གྱུར་པ་ན། བོད་ལྗོངས་ལྷ་མི་ཡོངས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན། སྐབས་དེར་༸གོང་ས་མཆོག་དགུང་གྲངས་བཅུ་དྲུག་ལས་མ་སོན་ཀྱང་། ༸རྗེ་གོང་མ་ན་རིམ་གྱི་མཛད་པ་འཕྲོ་སྐྱོང་གི་ཐུགས་བསྐྱེད་དམ་བཅའ་བཙན་པོས་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས ༡༧ ཉིན་ཕན་བདེའི་རྩ་བ་ལུགས་གཉིས་ཁྲིམས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་ཐབས་སུ་མངའ་དབང་མཛད་དེ། བོད་ཡུལ་ཆོལ་གསུམ་གྱི་ཁྱོན་མཐའ་དག་ལ་བཙན་བརྗིད་གསེར་གྱི་བཀའ་ལུང་ལྷག་གེར་ཕབ་པ་ནས་བཟུང་། བོད་སྡོད་རྒྱ་དམར་གྱི་ཞི་དྲག་འགོ་ལས་ཡོངས་ལ་ཐབས་མཁས་འཕྲུལ་མཛངས་ཐུགས་རྗེའི་གཟིགས་པ་ཆེན་པོས་འབྲེལ་ལམ་བསྟུན་མཁས་དང་། རྒྱ་གཞུང་གིས་གདུག་རྩུབ་དྲག་སྤྱོད་ལ་དགོངས་ཡངས་བཟོད་བསྲན། འཚེ་མེད་ཞི་བའི་ཐབས་ཚུལ་འབའ་ཞིག་ལྷུར་བཞེས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་རྒྱ་དམར་རང་ལ་མེས་འཚིགས་མེར་གཏུགས་ཀྱི་འབྲེལ་ལམ་གནང་འབྲས་སུ་ལོ་ངོ་དགུའི་རིང་བོད་མི་རྣམས་མི་གསོད་ཁྲག་སྦྱོར་ལས་སྐྱོབ་ཐབས་མཛད།
ཕྱོགས་མཚུངས་སྐུ་ངལ་ཁྱད་བསད་ཀྱིས་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་གཞུང་ལུགས་མཐའ་དག་ལ་གསན་བསམ་སློབ་གཉེར་མཐར་སོན་གྱི་དན་རྟགས་སུ་གངས་ཅན་གྱི་གདན་ས་ཆེན་པོ་གསུམ་དང་། ཆོ་འཕྲུལ་སྨོན་ལམ་བཅས་སུ་གྲྭ་སྐོར་དམ་བཞེས་དང་འབྲེལ་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཏེ། གངས་ཅན་མཁས་པ་ཀུན་གྱི་གཙུག་གི་མཛེས་རྒྱན་དུ་བཀུར།
བོད་ཀྱི་ཆབ་སྲིད་འཛིན་སྐྱོང་གི་འགྲོ་ལུགས་གང་ཅི་རང་དབང་མང་གཙོར་འགྱུར་ཐབས་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཟུར་བཙུགས་གནང་ཐོག་བུན་རྙིང་རྩ་ཆག་གནང་བས་མཚོན། ཆབ་འབངས་རྣམས་བདེ་ཐབས་འཚོ་སྐྱོང་སོགས་དུས་བསྟུན་ལེགས་ཆའི་བསྒྱུར་བཀོད་ཕྱག་བཞེས་གནང་། འོན་ཀྱང་། རྒྱ་དམར་དབང་ཤུགས་ཀྱིས་བོད་ས་ཡོངས་རྫོགས་བཙན་འོག་ཏུ་ཚུད་དེ། ཕྱི་ལོ་ ༡༩༥༩ ལོར་ཁྱིམ་མཚེས་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་ལ་མ་ཕེབས་ཐབས་མེད་བྱུང་བ་དང་། རིང་པོར་མ་ཐོགས་པར་གང་ལ་རེ་བའི་མིག་འབུར་གཏད་དེ་ཕེབས་ཞབས་སུ་སྙེགས་པའི་སེར་སྐྱ་ཕོ་མོ་རྒན་བྱིས་ཁྲི་ཕྲག་མང་པོ་འཕགས་པའི་ཡུལ་འདིར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་དབུགས་དབྱུང་ཞིང་། ཟས་གོས་གནས་མལ་གྱིས་མི་ཕོངས་པའི་ཁར་མ་འོངས་བསྟན་པའི་མེ་རོ་སླར་གསོའི་དམིགས་རྟེན་ཆོས་བརྒྱུད་ཆེན་པོ་བཞི་བོན་དང་བཅས་པར་རང་རང་སོ་སོའི་བཀའ་སྲོལ་ཆོས་སྤྱོད་ཉམས་བཞེས་བཤད་སྒྲུབ་ཀྱི་བྱ་བ་ཐམས་ཅད་ཉམས་མེད་རྒྱུན་འཛིན་ཐུབ་ཐབས་ཀྱི་བསྟི་གནས་དང་། ལྷག་པར་བོད་ལྗོངས་བསྟན་སྲིད་ཀྱི་བདེ་རྩ་མགོན་པོ་གང་གི་ཡང་དག་པའི་དབུ་ཁྲིད་འོག བྱེས་འབྱོར་གཞུང་གི་སྒྲིག་འཛུགས་དང་། ཆོས་དང་། རིག་གཞུང་སློབ་ཁང་། ཉམས་ཞིབ་སྡེ་ཚན། གཞིས་ཆགས། སློབ་གྲྭ། ལག་ཤེས་བཟོ་རིགས། ཚོང་འཁོས་འདུ་འགོད་སོགས་རྒྱ་ཆེ་མུ་མེད་ཀྱི་ལས་དོན་དུ་མ་ཞིག་རང་ཡུལ་ཕྲ་ཚུགས་ཡོད་པའི་དུས་སྐབས་ལས་ཀྱང་ལྷག་པ་ལྟ་བུའི་མཛད་བཟང་གི་བཀའ་དྲིན་ཟླ་མེད་པར་སྐྱོང་བར་མཛད།
རིང་ནས་ཐུགས་ལ་བརྣགས་པའི་འདོད་དོན་བོད་ལྗོངས་ཆབ་སྲིད་མང་གཙོའི་ལམ་དུ་བསྒྱུར་སླད། ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང་། ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་གསལ་བསྒྲགས་མཛད་པ་དང་བསྟུན། བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་ལྟ་བའི་སློབ་སྟོན་རྒྱུན་ཆད་མེད་པར་མཛད། ༡༩༩༠ ལོར་སྐབས་བཅུ་པའི་སྤྱི་འཐུས་དང་བཀའ་ཤག་བཅས་པ་ཕྱིར་བསྡུ་དང་། ༡༩༩༡ ལོར་སྤྱི་འཐུས་གྲངས་སྤར་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་གསོལ་སྩལ་གནང་བ་དང་། སྐབས་བཅུ་གཅིག་པར་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་དེ་བཅའ་ཁྲིམས་ལྡན་པའི་མང་གཙོའི་ལམ་སྲོལ་བཙུགས་པ་དང་། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུ་བྱ་རྒྱུའི་ལམ་ལུགས་དང། དེ་རྗེས་ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཆ་ཚང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་འཁྲིད་རྣམས་ལ་གཟི་བརྗིད་ལྡན་པའི་ངང་རྩིས་སྤྲོད་གནང་སྟེ། ད་ཆ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་ཁྲིམས་མཐུན་གྱི་གནས་བབ་ལྡན་པའི་མང་གཙོའི་ལམ་ལུགས་སྲ་བརྟན་ཅན་ཞིག་ཏུ་བསྒྱུར་གནང་མཛད་པ་སོགས་ད་ལྟའི་རྒྱལ་སྤྱིའི་གནས་བབ་དང་། བོད་མིའི་དགོས་མཁོ་དང་འཚམས་པར་མང་ཚོགས་ཀྱི་བསམ་བློའི་གནས་ཚད་ལོངས་མིན་ལ་མ་ལྟོས་པར་བཙན་ཐབས་སུ་འཁྲིད་པའི་རླབས་ཆེན་མཛད་བཟང་འདི་དག་ནི། འཇིག་རྟེན་ནང་མང་གཙོའི་འགྱུར་འགྲོས་ཀྱི་ལོ་རྒྱུས་སུ་སྔར་མ་གྲགས་པའི་མཛད་བཟང་རླབས་པོ་ཆེ་ཡིན་པ་ཀུན་ཤེས་ཡོངས་གྲགས་ཆགས་ཡོད་པས་༸རྒྱལ་བའི་བཀའ་དྲིན་དྲན་གསོ་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
འདས་པའི་ལོ་ངོ་བཅུ་ཕྲག་དུ་མའི་རིང་། འཇིག་རྟེན་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་རིས་སུ་མ་ཆད་པའི་ཆོས་ལུགས་པ་དང་། ལྷག་པར་ཁ་བ་གངས་ཅན་པ་གཞིས་བྱེས་ཡོངས་ཀྱི་ཆེད། རླབས་ཆེན་དམིགས་བསལ་ཁུར་འཁྱེར་གྱི་མཛད་འཕྲིན་གསུམ་གྱི་ནུས་མཐུ་ཕྱོགས་དང་སྒོ་ཐམས་ཅད་ནས་ཀློང་དུ་བརྡོལ་བས། ངེས་པ་དོན་གྱིས་འཛམ་གླིང་མང་པོས་བཀུར་བའི་སློབ་དཔོན་ཆེན་པོར་དབང་འབྱོར་བས། ཤར་ལྷོ་ནུབ་བྱང་གི་ཡུལ་གྲུ་མང་པོའི་གཞུང་དང་། སྒེར། སྤྱི་ཚོགས་བཅས་ནས་བོད་ཀྱི་བདེན་དོན་ལ་ཐུགས་ཁུར་དང་། དོ་སྣང་སྔར་བྱུང་མ་མྱོང་བའི་བཀྲ་ཤིས་སྒོ་རྒྱ་ཡངས་པོར་ཕྱེས་པ་དང་། ཡང་སྒོས་ཕྱི་ལོ་ ༡༩༨༧ ལོར་བོད་ཀྱི་རྩ་དོན་འགྲིག་འཇགས་ཡོང་ཐབས་སུ་ཞི་བའི་དོན་ཚན་ལྔའི་འཆར་གཞི་དང་། དེའི་རྗེས་འབྲེལ་ ༡༩༨༨ ལོར་ཡུ་རོབ་གྲོས་ཚོགས་སུ་སྩལ་བའི་གྲོས་འཆར་གནང་བས་མཚོན། བོད་མི་རྣམས་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་བཀྲི་བའི་རླབས་ཆེན་མཛད་བཟང་ཉི་ཤར་སྤར་མོས་མི་ཁེབས་པའི་གནས་ཚུལ་མངོན་དུ་གྱུར་བར་བརྟེན། ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས། ཕྱི་ལོ་ ༢༠༡༢ ལོར་དབྱིན་ཡུལ་གྱི་ཇོན་ཊོམ་པེལ་ཊོན་ཞེས་པའི་སྙན་གྲགས་ཅན་གྱི་གཟེངས་རྟགས་ཀྱིས་མཚོན། ཕྱག་འཁྱེར་དང་གཟེངས་རྟགས་བརྒྱ་ཕྲག་བརྒལ་བ་འབུལ་བཞེས་གནང་ཞིང་། བོད་ནང་གི་རྒྱ་ཆེའི་མང་ཚོགས་ཀྱི་གནས་སྟངས་གསལ་རྟོགས་སླད། འཚམས་གཟིགས་སྐུ་ཚབ་དང་། རྒྱ་ནག་ཏུ་ཆེས་མཐོའི་སྐུ་ཚབ་སྔ་རྗེས་ཆེད་མངགས་མཛད།
ཕྱི་ལོ་༡༩༧༤ ལོ་ནས་བཟུང་བོད་རྒྱ་གཉིས་སྨན་གྱི་དགོངས་གཞི་ཡོད་མུས་ཐོག ཕྱི་ལོ་ ༡༩༧༩ ལོ་ནས་བོད་རྒྱའི་དཀའ་རྙོག་གཉིས་ཕན་དབུ་མའི་ལམ་ནས་སེལ་ཐབས་ལམ་སྟོན་གནང་བའི་བཞེད་དགོངས་དང་མཐུན་ཞིང་། བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་སྟེ། མུ་མཐུད་འཛིན་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་འདིར་འཛམ་གླིང་རྒྱལ་ཁབ་མང་པོའི་སྲིད་གཞུང་གིས་གཙོས་སྤྱི་སྒེར་གང་ས་ནས་རྒྱབ་སྐྱོར་གང་ལེགས་ཡོད་པ་དང། ལྷག་པར་རྒྱ་ནག་ནང་གི་ཤེས་ཡོན་ཅན་གཙོ་གྱུར་མི་སྣ་ཆེས་མང་པོས་དགའ་མོས་ཀྱི་རྒྱབ་སྐྱོར་གནང་དང་གནང་བཞིན་ཡོད་པ། བོད་རྒྱ་མི་རིགས་གཉིས་ཀའི་འཕྲལ་ཕུགས་ཀྱི་ཁེ་ཕན་དང་ཐད་ཀར་འབྲེལ་བ་བཅས་ཡིན་སྟབས་རྒྱ་གཞུང་ནས་འགན་ཁུར་ཆེན་པོས་བོད་རྒྱའི་དཀའ་རྙོག་མགྱོགས་ནས་མྱུར་དུ་སེལ་ཐབས་གནང་དགོས་པའི་དུས་སུ་སླེབས་ཡོད།
ཆུ་ཚོད་སྐར་ཆ་ཙམ་ཡང་སྐུའི་ངལ་གསོའི་བཞུགས་ལོང་མེད་པར་བོད་གངས་ཅན་ལྗོངས་ཀྱི་འཕྲལ་ཡུན་ཕན་བདེ་སྤེལ་སླད་བྱམས་བརྩེའི་ཐུགས་སྟོབས་ཞུམ་པ་མེད་པའི་གོ་ཆ་བདག་གིར་མཛད་དེ། ཆབ་སྲིད་ཀྱི་མཛད་འཆར་ཆུ་གཉེར་ལྟར་ཟད་མི་ཤེས་པའི་ཀློང་ནས་སངས་རྒྱས་ཀྱི་ཆོས་ལ། ཉམས་ལེན་དང་། ལྟ་གྲུབ། ཚན་རིག་གི་སྡེ་ཚན་གསུམ་གྱི་ཤིང་རྟའི་ལམ་སྲོལ་གསར་དུ་ཕྱེ་ཞིང་། རྒྱལ་སྤྱིའི་ཤེས་ཡོན་གྱི་སྡིངས་ཆའི་ཐོག་རྒྱལ་བསྟན་རིན་པོ་ཆེའི་འོད་ཟེར་ཕྱོགས་མེད་དུ་སྤྲོས་པ་དང་། དཔལ་ནཱ་ལེན་དྲའི་ཆོས་བརྒྱུད་ཚང་ལ་མ་ནོར་ཡོངས་སུ་རྫོགས་པའི་ཐུབ་བསྟན་དྲི་མ་མེད་པ་འདི་ཉིད་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གྱི་སླད་དུ། ཡུལ་དུས་གདུལ་བྱའི་གྲངས་འབོར་སོགས་སྨྲ་བསམ་བརྗོད་མེད་ཀྱི་ཆོ་འཕྲུལ་དཔག་པར་དཀའ་ཞིང་། ད་ལམ་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་གཙོས་པའི་ཆོས་རིག་མཐུན་སྣང་གི་འགྲོ་བ་དཔག་ཏུ་མེད་པ་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ པ་གནང་བས་མཚོན་མདོ་སྔགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་དུ་བསྐོར་ཏེ་འགྲོ་བ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་ལ་བཀོད།
བསྟན་པའི་དག་ཐེར་རྨད་དུ་བྱུང་བ་མཛད་པའི་ཁོངས། བསྟན་པའི་འཇུག་སྒོ་སྐྱབས་འགྲོ་རྣམ་དག་དགོས་གལ་ཆེ་བ་ལྟར། བསྟན་པ་འཛིན་སྐྱོང་སྤེལ་བའི་སྔོན་བྱོན་རིས་མེད་ཀྱི་སྐྱེས་ཆེན་དམ་པ་དུ་མས་དོལ་རྒྱལ་གྱི་རྒྱུ་དང་ངོ་བོ་བྱེད་ལས་བཅས་ངོས་འཛིན་བཀའ་གསལ་ཕེབས་དགོངས་བཞིན། མགོན་པོ་གང་ཉིད་ནས་ཀྱང་ཕྲ་ཞིང་མཛངས་ལ་ཞིབ་པའི་བློ་གྲོས་ཀྱིས་བརྟགས་པ་མཐིལ་ཕྱིན་གནང་པའི་དོན་སྙིང་བྱམས་བརྩེ་གཟིགས་པ་ཆེན་པོས་བླང་དོར་ལམ་སྟོན་མཛད་པར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་མ་ཟད། བོད་མི་ཕལ་མོ་ཆེས་ཞུ་སྒོ་འཛོལ་མེད་ཚུལ་བཞིན་ཞུ་བཞིན་ཡོད་པ་དང་། ད་དུང་རྨོངས་ཞེན་ཧ་ཅང་ཆེ་བའི་སྐྱེ་བོ་རྣམས་ཀྱང་བླང་དོར་མི་འཕྱུག་པ་འབྱུང་ཐབས་སོགས་ཀྱི་སླད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༩༦ དང་། ༡༩༩༧། ཡང་ཕྱི་ལོ་ ༢༠༠༨ དང་། ལྷག་པར་དུ། རྒྱ་གཞུང་གིས་སྲིད་དོན་གྱི་ལག་ཆར་དངུལ་དངོས་ཀྱིས་མགོ་སྐོར་བསླུ་བྲིད་འོག་ཚུད་པ་རེ་ཟུང་གིས་རང་ཉིད་མ་ཟད། མི་རིགས་གཞན་ལའང་བརྒྱུད་བསྐུལ་བཅས་ཀྱི་ལམ་ནས་རྒྱལ་སྤྱིའི་ནང་གོ་སྐབས་འདྲ་མིན་བཟུང་སྟེ། ༸གོང་ས་མཆོག་གི་མཛད་འཕྲིན་ལ་འགོག་རྐྱེན་བཟོ་སླད་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་བཞིན་པར། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དོན་ཚན་ལྔ་ཅན་གྱི་གྲོས་ཆོད་བཞག་པའི་དགོངས་དོན་རྒྱ་ཆེའི་མང་ཚོགས་ནས་དུས་རྟག་ཏུ་ཐུགས་སྣང་ཐོག་སྐུ་ཕྱྭའི་ཐད་མི་རེ་ངོ་རེས་སྔར་ལྷག་ཐུགས་སྣང་ཆེན་པོས་རྫི་གསང་དོད་པོ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
རྒྱ་གར་ནི་བཙན་བྱོལ་བོད་མིའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཤིང་། ད་ཕན་མི་ལོ་ ༥༥ ལྷག་རིང་རྒྱ་གར་དབུས་གཞུང་དང་། མངའ་སྡེ་ཁག་གི་གཞུང་། ས་གནས་འཛིན་སྐྱོང་སྡེ་ཚན་ཁག་བཅས་ནས་བོད་མིའི་ཐོག་བསམ་བརྗོད་ལས་འདས་པའི་རོགས་མགོན་ཕན་གྲོགས་རྒྱ་ཆེ་གནང་དང་གནང་བཞིན་པར་ད་རེས་ཀྱི་གོ་སྐབས་བཟང་པོ་འདི་བཟུང་སྟེ། རྒྱ་གར་གཞུང་མང་ཡོངས་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་མ་ཟད། ཉེ་ལམ་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་པའི་འཛིན་སྐྱོང་དང་གྲོས་ཚོགས་བཅས་ནས་ཀྱང་བོད་དོན་ལ་སྔར་ལྷག་གཟིགས་སྐྱོང་ཆེན་པོ་གནང་བའི་རེ་འདུན་ཞུ་རྒྱུ།
ཨ་རི་དང་ཡུ་རོབ་གཙོས་པའི་རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས། སྒྲིག་འཛུགས་དང་སྒེར་བཅས་ནས་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་གནང་བཞིན་པར་བཀའ་དྲིན་རྗེས་དྲན་ཐོག་ད་དུང་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ།
དེང་གི་ཆར་ཡང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་རྒྱུའི་རྟགས་མཚན་གང་ཡང་མེད་ཁར་ད་དུང་བོད་ཀྱི་ས་ཕྱོགས་གང་སར་དམ་དྲག་ཆེ་རུ་འགྲོ་བཞིན་པ་དང་། རྒྱལ་ཕྱིའི་བོད་རིགས་སྤུན་ཟླ་ཁྲི་ཚོ་ ༢༠ ཡི་འཚོ་གནས་ལ་དོ་ཁུར་བྱེད་རྒྱུ་ཡིན་ལུགས་སོགས་ཕྱིར་སྡོད་བོད་མི་རྣམས་བོད་ནང་འགུགས་ཐབས་ཀྱི་ཟོལ་སྦྱོར་གཡོ་ཇུས་འདྲ་མིན་གྱི་འཕྲུལ་སྣང་བསྟན་དང་སྟོན་བཞིན་པ་དང་། བདེ་སྐྱིད་མེད་པའི་འགོ་ཁྲིད་དང་ལམ་ལུགས་འདིའི་འོག བོད་ནང་ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༤ ཟླ ༤ ཚེས ༡༥ བར་སྐྱ་སེར་ཕོ་མོ་ ༡༣༠ ཙམ་གྱིས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་སྟེ། “རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས།“ སོགས་མགྲིན་དབྱངས་གཅིག་གིས་སྐད་འབོད་གནང་སྟེ། འབོད་སྒྲ་སྒྲོག་བཞིན་པ་ལྟར། གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་བསྒྲུབ་རྒྱུར་འབད་བརྩོན་སྔར་ལྷག་ཤུགས་སྣོན་རྒྱག་རྒྱུའི་དམ་བཅའ་འབུལ་རྒྱུ་ཡིན།
མཐའ་དོན། ཤི་བོའི་ཁ་ཆེམས་དང་གསོན་པོའི་རེ་འདོད་མངོན་དུ་མ་བྱས་པ་དེ་སྲིད་དུ། སྲས་བཅས་རྒྱལ་བ་དཔང་དུ་བཞུགས་པའི་མགོན་པོ་གང་གི་ཕྱག་མཚན་དུ་བཞེས་པའི་ཐུགས་སྟོབས་རྡོ་རྗེའི་དམ་བཅའ་དང་། རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ས་སྟེང་ན་སུ་བཞུགས་རྣམས་ཀྱི་ལྷག་བསམ་རྣམ་པར་དག་པའི་སྨོན་ལམ། བོད་ལྗོངས་ལྷ་སྡེ་མི་སྡེ་ཡོངས་ཀྱི་དད་དམ་བདེན་པའི་བྱིན་རླབས་བཅས་ལ་བརྟེན། གཞིས་བྱེས་འགྲོ་བ་ཡོངས་ལ་མ་བུ་གཅིག་པ་ལྟར་བྱམས་བརྩེ་གཟིགས་པ་ཆེན་པོས། གང་སྐུ་བསྐལ་པ་རྒྱ་མཚོར་རྟག་ཏུ་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ ༧ ཚེས ༦ ལ།།
༄། སྐུའི་འཁྲུངས་སྐར་༧༩པ་བསུ།
ལྕགས་རི་རིང་མོས་བསྐོར་བའི་རྒྱལ་ཁམས་སུ།།
ཞི་བདེའི་གྲོས་མོལ་སློང་བའི་དེད་དཔོན་མཆོག
ལྷ་མོ་དོན་འགྲུབ་བསྟན་འཛིན་རྒྱ་མཚོ་ཡི།།
སྐུ་ཚེ་བརྟན་ཅིང་ལུགས་གཉིས་མཐར་ཕྱིན་ཤོག །།
ཅེས་སྨོན་འདུན་དང་བཅས་༧གོང་ས་བླ་མའི་འཁྲུངས་སྐར་ལ་བོད་མི་སྤྱི་བོ་སར་བསྟན་ཚང་མས་བསམ་པ་བཟང་པོ་དང་སེམས་པ་སྐྱིད་པོ་གནང་རོགས་ཞེས་གསོལ་བ་འདེབས་པ་ལེགས་སོ།