གཙང་ཞོལ་བདེ་གསལ།
གངས་ལྗོང་ཧྲིལ་བོར་ས་ཁྱབ་རྡོ་ཁྱབ་དུ་སོང་ཡོད་པར་བསམ་པའི་ནང་བསྟན་ཆོས་ལུགས་བོད་ལ་དར་བ་ནས་བཟུང་རང་རེ་ཚོས་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་ཟེར་ནས། བྱམས་སྙིང་རྗེ་ཆེ་ཚུལ་དང་གཞན་ལ་འཚེ་བའི་ལས་མི་བྱེད་པར་བཤད་དེ། སྨོན་སེམས་ཀྱི་ཁ་གཡང་ཁྲོད་ནས་དུས་རབས་མང་པོ་བསྐྱལ་བཏང་པ་རེད། ཕྲུ་གུ་སྨྲ་ཤེས་པ་ཚུན་ཆད་ཀྱིས་མ་ཎི་འདོན་ཐུབ་པའི་གོམས་སྲོལ་ཞིག་རྒྱུན་འབྱམས་སུ་བསྐྱངས། ཀ་མད་སུམ་ཅུའི་མགོ་རྔ་མི་ཤེས་པའི་བོད་མི་མང་པོ་ཞིག་གིས་ཀྱང་སྲོག་གཅོད་ཡན་ན་སྡིག་གཞན་མེད་ཟེར་བའི་ཚིག་དུམ་བུ་དེ་ཁ་བྱང་རྣ་བྱང་ལ་མ་སོང་བ་མེད།
ངོ་མ། དེ་འདྲ་ཡིན་ན་གོང་གི་སྐད་ཆ་དེ་དག་གི་ལྡོག་ཕྱོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་མེད་ལ་བལྟ་དགོས་པ་ཞིག་རེད། ཆོས་ལུགས་གང་ཡིན་ཡང་དེའི་དོན་དག་ལག་ལེན་ལ་མ་ཐེབས་ན་ཚིག་སྐམ་པོ་སྐྱར་བཟློས་བྱས་པ་ཙམ་གྱིས་ཕན་བདེ་འབྱུང་དཀའ་བར་མ་ཟད། ཆོས་ལུགས་ཁ་ལ་ཁྱེར་ནས་གཡོ་སྒྱུའི་ལས་འདྲ་མིན་བརྩམས་ན་ཆོས་གཞུང་དང་འགལ་འགྲོ་ལ། ད་དུང་ཆོས་ལུགས་ལ་དམའ་འབེབ་ཀྱི་རྒྱུ་ཚབས་ཆེན་ཞིག་ཀྱང་བསགས་པ་རེད། ཁ་བཤད་ཆུ་ཡི་ལྦུ་བ་ལྟ་བུའི་དོན་སྙིང་གིས་སྟོངས་སོང་ན། ཆོས་མི་འགྲུབ་ལ་འཇིག་རྟེན་ཡང་མི་འཁྱོངས་པ་རེད། དྲང་མོ་བཤད་ན། འུ་ཅག་ཚོས་སེམས་ཁམས་སྙིང་རྗེ་ཆེན་པོའི་གཞན་དབང་གིས་བཟུང་ཡོད་མདོག་གིས་སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་གྱུར་ཅིག ལྡན་པར་བདག་གིས་བྱའོ་ཟེར་ཞོར་སེམས་ཅན་གྱི་སྲོག་གཅོད་རྒྱུ་དང་ཤ་ཟ་རྒྱུར་འཛེམས་བག་མི་བྱ་བར་ཆོས་གོས་འོག་གི་དུག་མདའ་བསྲིངས་འོང་ན་སྐྲག་སྣང་སྐྱེ་དགོས་པ་ཞིག་རེད། ཡང་ལ་ལ་ཞིག་གིས། དམར་མཆོད་བྱེད་རྒྱུ་དང་། གཏོ་ལུག་བཤའ་རྒྱུ། ཁྲག་ཐིག་བསྐོལ་རྒྱུ་སོགས་ལ་གཞུང་ཆེན་པོ་ཞིག་གི་རྒྱབ་དཔུང་ཡོད་རབས་བཤད་དེ་མི་སེར་ཁྲི་སྟོང་མང་བོ་རྨོངས་ཞིང་གཏུམ་པའི་ལས་ལ་སྦྱར་མྱོང་བ་རེད།
ལོ་ཁ་ཤས་ཤིག་གི་སྔོན་དུ་བོད་ནང་ནས་སྤྲུལ་སྐུ་ཞིག་གི་ཁྲི་སྟོན་གྱི་མཛད་སྒོ་སྤེལ་སྤྱད་དུ་ཉི་མ་གཅིག་ལ་ཟོག་བརྒྱད་ཅུ་བསད་པས། དགོན་པའི་མཐའ་ཁར་ཉིན་ཞག་མང་བོར་བྱ་རྒོད་ཀྱིས་རུབ་འཚོགས་ཆད་མ་མྱོང་བ་རེད། དེ་འདྲའི་གནས་ཚུལ་སྐྱོ་བོ་ཞིག་བྱུང་ན་ཡང་། དེ་རིང་ངས་དགོན་པ་དེ་དང་སྤྲུལ་སྐུ་དེའི་མིང་མི་འཛིན། ལོ་གཉིས་གསུམ་གྱི་སྔོན་དུ་ལྷོ་ཕྱོགས་སེ་ར་དགོན་པའི་ཐག་ཉེ་ཞིག་ནས་རྒྱ་གར་བ་ཞིག་གིས་བྱ་དེ་མང་བོའི་སྐེ་གཏུབས་ཀྱི་འདུག་ཟེར། བོད་པ་ཞིག་གིས་ཁྱོད་ཀྱིས་འདི་འདྲ་མང་བོ་བསད་ནས་ཅི་བྱེད་རྒྱུ་ཞེས་དྲིས་པ་ན། ཁོ་ན་རེ། སང་ཉི་བྱ་དམར་ཚོ་ཡོང་གི་རེད་ཟེར། དེའི་ཕྱིས་ཉིན་དཀར་གྲྭ་ཚང་ཚོ་གུང་གསེང་ལ་ཁེལ་གྱི་ཡོད་སྟབས། བྱ་དེ་མང་པོ་བསད་ན་གྲྭ་པ་ཚོས་ཟ་རྒྱུ་ཡིན་པ་ཐག་ཆོད་ཀྱི་ཡོད་རེད། བྱ་དམར་ཚོ་ཟེར་བའི་ཚིག་འདི་འུ་ཅག་ཚོའི་རྣ་བར་ཧ་ཅང་གཟན་ནའང་། རང་མཆུ་རང་གིས་བསྡམས་བཞག་ན། བྱེད་ཐབས་ཅང་མེད།
འུ་ཅག་ཚོ་སེམས་ཅན་གྱི་ཚེ་སྲོག་ལ་རྒོལ་བའི་མི་རིགས་ཤིག་ཡིན་པས། བོད་རང་ལ་ཡོད་པའི་ཟོག་ལུག་ར་ཕག་གི་གཤེད་མར་གྱུར་བས་མ་ཚད། རི་སྐྱེས་སྲོག་ཆགས་མང་བོ་བསད་པས་རྒྱལ་སྤྱིའི་སྲོག་ཆགས་སྲུང་སྐྱོབ་ཚོགས་པའི་ཁྲིམས་དང་ཡང་འགལ་སོང་བ་རེད། ཤར་ཕྱོགས་ཀྱི་སྲོག་ཆགས་མང་པོ་ཞིག་རྩ་སྟོང་ལ་འགྲོ་བའི་ངན་ཁག་བཀལ་ས་ཡང་། ནང་བསྟན་ཆོས་ལུགས་སེམས་གསེང་ལུས་གསེང་ལ་ཐིམ་ཡོད་ཟེར་མཁན་གྱི་འུ་ཚོ་ཡིན་པ་རེད། སྲོག་ཆགས་རྩ་ཆེན་མང་པོ་རང་གིས་བསད་པ་དང་གཞན་ལ་བསད་དུ་བཅུག་སྟེ། ལྤགས་རིགས་སྣ་ཚོགས་ཀྱི་རྒྱན་གོས་བཟོས་ཏེ། གླེན་རྟགས་ཚད་ལས་འདས་པ་ཞིག་བསྟན་མྱོང་པ་རེད།
དེ་དག་གི་རྐྱེན་གྱིས་༸རྒྱལ་བ་རིན་པོ་ཆེས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་དགོས་ཚུལ་དང་། སྲོག་ཆགས་དེ་དག་གི་ལྤགས་པས་རྒྱན་གོས་བྱེད་མི་འོས་ལ། རྗེས་ལུས་དང་གླེན་རྟགས་ཀྱི་ལས་ཚབས་ཆེན་ཞིག་རེད་སོགས་གསུངས་པར་མ་ཟད། དེང་སང་འབྲུ་རིགས་དང་སྔོ་ཚལ་གྱི་རིགས་ཟ་རྒྱུ་ཡོད་པས་དཀར་ཟས་ལ་ལོངས་སྤྱོད་རྒྱུ་དང་། ལྷག་པར་དགོན་སྡེ་ཁག་དང་། སློབ་གྲྭ། ཚོགས་པ་ཁག་གི་སྤྱི་ཐབ་ནང་དམར་ཟས་སྤང་བར་བྱ་དགོས་པའི་བཀའ་སློབ་ལན་གཅིག་མ་ཡིན་པར་གནང་བ་རེད།ཟམ་གདོང་རིན་པོ་ཆེས་ཀྱང་དེ་བཞིན་དུ་གཏམ་བཤད་སྤེལ་སོང་། དུད་འགྲོའི་རང་དབང་ཚོགས་ཆུང་གི་ངོས་ནས་སེམས་ཅན་གྱི་ཚེ་སྲོག་སྐྱོབ་ཐབས་ལ་དོ་སྣང་དང་། དམར་ཟས་སྤང་ཨེ་ཐུབ་ཀྱི་ཕྱག་ལས་གནང་གི་འདུག གཞན་ཡང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་རྒྱུན་རིང་ལ་ཁྱབ་རྒྱ་ཆེ་བའི་དམར་མཆོད་དང་སྡིག་ཚོང་སོགས་སེམས་ཅན་ལ་གནོད་པའི་ལས་ངན་པ་དག་མཚམས་འཇོག་རོགས་ཞེས། རྒྱ་བོད་ཀྱི་ས་ཆ་དུ་མར་ཆིབས་བསྒྱུར་བསྐྱང་སྟེ་རེ་བསྐུལ་ལན་མང་དུ་བསྩལ། རྒྱ་བོད་ཀྱི་ཞིང་ཆེན་དང་། ཁུལ། རྫོང་རིམ་པའི་བཤས་ཁང་དུ་རྟ་ཟོག་ལུག་གསུམ་སོགས་ངན་གསོད་བྱེད་པ་དག་གློག་བརྙན་ལ་བླངས་ཏེ། འོད་སྟེར་དང་མཉམ་དུ་༵༵གངས་ཅན་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ་ཕུལ་བའི་ཞུ་ཡིགྐྐསྒྲོག་སྦྱང་དང་འགྲེམ་སྤེལ་བགྱིས། ཁོང་གིས་ཞུ་ཡིག་དེའི་ནང་། སྲོག་ཆགས་རྣམས་ལ་མནར་གཅོད་དྲག་པོ་གཏོང་བའི་ལུགས་སྲོལ་འདིས་མི་རབས་ཕྱི་མ་དང་བཅས་པ་སྲོག་ཆགས་ལ་ཤ་ཚ་དང་སྲུང་སྐྱོབ་གཏན་ནས་མི་བྱེད་པའི་གཅན་གཟན་གདུག་པ་ལྟ་བུར་འགྱུར་བས་བསམ་པའི་དཔལ་ཡོན་ལའང་གནོད་པ་ཚབས་པོ་ཆེ་འོངས་པ་གོར་མ་ཆག ཅེས་དང་། སེམས་ཅན་རྣམས་ལ་སྡུག་བསྔལ་དྲག་པོ་འདི་འདྲ་མྱོང་དུ་བཅུག་ནས། ད་དུང་ཁ་མ་ཎི་ལག་འཁོར་ལོ་བྱས་ཏེ་ཆོས་སྒྲུབ་པ་ཡིན་ཟེར་བ་ནི་དམ་པའི་ཆོས་ཀྱི་སྙིང་པོ་དང་རྩ་བ་ནས་རྒྱབ་འགལ་དུ་གྱུར་ཟིན་པ་མ་ཤེས་པའོ། ཞེས་དང། བོད་ཆོས་ལྡན་གྱི་ཞིང་ཁམས་འདི་གསོད་གཅོད་སྡིག་པའི་ན་བུན་འཁྲིགས་པའི་སྲིན་པོའི་གྲོང་ཁྱེར་ལྟ་བུ་ཞིག་ཏུ་གྱུར་བ་འདི་ལས་ཡི་མུག་པ་ནི་གང་ཡང་མི་འདུག ཅེས་དང། ཡང་། དགེ་སྡིག་གི་ལས་འབྲས་ལ་ཡིད་ཆེས་བྱེད་པ་ཡིན་ཟེར་བའི་བོད་པ་རྣམས་ཀྱིས་ཅིས་ཀྱང་ཡིད་འཇོག་ཅིག་གནང་བར་ཞུ། ཞེས་སོགས་གསུངས་ཡོད་ལ། ཟོག་ལུག་ཉ་ལྕོང་སོགས་སྲོག་བླུ་དང་ཚེ་ཐར་བགྱིས་ཏེ། འགྲོ་བའི་ཚེ་སྲོག་ལ་ཕན་པའི་ལས་ཀ་རླབས་ཆེན་བསྒྲུབས་མྱོང་བ་ཡིན་པ་རེད།
དེ་འདྲའི་མི་སྣ་ཉུང་ཉུང་ཞིག་གིས་བོད་གཞིས་བྱེས་གཉིས་སུ་སེམས་ཅན་གྱི་ཚེ་རིང་ཐབས་དང་ཤ་སྤང་ཐབས་ལ་འབད་པ་གནང་གི་ཡོད། ཁ་ཞེ་གཉིས་མེད་ཀྱིས་དུད་འགྲོའི་རང་དབང་ལ་བརྩི་བཀུར་བྱེད་ཀྱི་ཡིན་ན། ཤ་མི་ཟ་རྒྱུ་ནི་གནད་དོན་གྱི་གཙོ་བོ་ཉག་གཅིག་རེད། ༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་ཅི་འདྲ་གནང་ནའང་། དེའི་ནུས་ཤུགས་ཐག་རིང་བོད་ཡུལ་ལ་སླེབ་མ་ཐུབ་ན། ཐག་ཉེ་བཙན་བྱོལ་སྤྱི་ཚོགས་སུ་སླེབ་དཀའ་བ་དང་། རྡ་རམ་ས་ལར་དེ་བས་ཀྱང་དཀའ་བ་རེད།
རིན་པོ་ཆེའི་ཕོ་བྲང་གི་འཁྲིས་ཀྱི་རིགས་ལམ་སློབ་གཉེར་ཁང་གི་གསོལ་ཐབ་ནང་གི་གྲྭ་པ་ཚོ་དང་། གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་ཀྱི་གསོལ་ཐབ་ཁང་གི་ལས་བྱེད་པ་ཚོས་ཤ་ཟ་རྐྱང་དང་ཁྲག་འཐུང་རྐྱང་བྱེད་ཀྱི་ཡོད་པ་དེ་མཚོན་དཔེ་གསོན་པོ་ཞིག་རེད། ཆུ་མགོ་ནས་སྙོག་ན་དྭངས་དཀའ་བ་བཞིན། དབུས་ལས་བྱེད་ཀྱི་ཐབ་ཚང་དང་མཚན་ཉིད་གྲྭ་ཚང་གི་སྤྱི་ཐབ་ནས་ཁྲག་གིས་དམར་ཙར་ཙར་བྱས་ཡོང་ན། ༸རྒྱལ་བ་རིན་པོ་ཆེ་དང་། ཟམ་གདོང་བློ་བཟང་བསྟན་འཛིན་ཡིན་རུང་སྤྱི་ཚོགས་སུ་སྐད་ཆ་བཤད་མི་བདེ་བ་ཞིག་རང་བཞིན་གྱིས་ཡོང་རྒྱུ་རེད། དེའི་ཕྱིར་༸རྒྱལ་བ་རིན་པོ་ཆེའི་ཅི་གསུངས་བཀའ་སྒྲུབ་ཞུ་རྒྱུ་ཡིན་ཟེར་བའི་གཞུང་སྒེར་སུ་ཡིན་རུང་བསམ་བློ་ཞིག་ཏན་ཏན་བཏང་དགོས་པའི་དུས་ལ་བབ་ཡོད། ངའི་ལྟ་ཚུལ་ཡིན་ན། གངས་སྐྱིད་ཀྱི་ལས་ཁུངས་སོ་སོར་མཚམས་རེར་ཕྱི་དྲོར་ཞལ་འདོན་འཚོགས་པ་ལས། གསོལ་ཐབ་ཁང་ནས་ཤ་མ་བཞེས་ན་དངོས་སུ་སེམས་ཅན་མང་པོ་ཞིག་གི་སྲོག་བསྐྱབ་ཐུབ་ཀྱི་རེད།
འུ་ཚོའི་ཕྱི་ཡི་ལས་འགུལ་སྤེལ་ཚུལ་དང་ནང་གི་ལག་ལེན་གཉིས་འགལ་ཡོང་དུས། རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་ཁ་བཙུམ་ཐུབ་ཀྱི་མི་འདུག གཙང་སྦྲ་འཕྲོད་བསྟེན་ཡིན་ན་འདྲ། ཁོར་ཡུག་བདེ་འཇགས་ཀྱི་སྐོར་ཡིན་ནའདྲ། ང་རང་ཚོས་ལས་འགུལ་ཆེ་མ་ཆུང་གསུམ་ཅི་ཞིག་སྤེལ་ནའང་གཞུང་སྒེར་གཉིས་ཀྱིས་ནུས་ཤུགས་ཤིག་སྤུངས་དགོས་པ་རེད། མཚམས་འདི་ནས་དྲི་བ་འགོད་རྒྱུ་ཞིག་ལ། སྤྱི་ཐབ་ཁང་ནས་ཤ་ཟོས་ན་མི་ལེགས་པ་རེད་ཟེར་བ་དེ་༸རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་བའི་སྒེར་གྱི་བསམ་ཚུལ་ཙམ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ་མེད། གཞུང་གི་ངོས་ནས་དེ་ལ་རྒྱབ་སྐྱོར་ཡོད་དམ་མེད། ཡང་ན། ཁོང་རྣམ་པ་གཉིས་ཀྱི་བཀའ་སློབ་གནང་ཡུལ་གྱི་གདུལ་བྱ་གཞིས་ཆགས་ཁག་དང་། དགོན་པ་ཉུང་ཤས་ཞིག་མ་གཏོགས། མི་མང་སྤྱི་དང་གཞུང་གི་ངོས་ནས་འཛེམ་བག་བྱེད་ཀྱི་མེད་པ་ཨེ་རེད། དེ་འདྲ་ཡིན་ན་དགོངས་དག་ཞུ་རྒྱུ་ཡིན།
འུ་ཅག་ཚོ་ཤ་ཟ་མཁན་ཞིག་ཡིན་པ་གང་ཞིག་ལ། པྱི་རྒྱལ་ནས་སྐྱེས་པའི་བོད་རིགས་ཚོ་ལས་བོད་ནང་གི་བོད་པ་ཚོ་ཤ་རྔམ་ཆེ་བ་དང་། རོང་པ་ལས་འབྲོག་པ་ཚོ་ཤ་ཧེབ་ཆེ། འབྲོག་ཕྱོགས་སུ་བསད་མ་ཐག་པའི་ཟོག་ལུག་གི་ཁྲག་ཚ་བོ་འཐུང་མཁན་ཡང་ཡོད། ངག་སྨྲ་མི་ཤེས་པའི་ཕྲུ་གུའི་སྐབས་ནས་བཟུང་ཁ་ནང་དུ་ཤ་བཞག་པས་ངན་ལངས་སུ་ཤོར་སོང་བ་རེད། དེས་ན། ང་ཚོས་ཤ་མི་ཟ་རྒྱུའི་ལས་འགུལ་ཞིག་མུ་མཐུད་དུ་སྤེལ་གྱི་ཨེ་ཡིན། ག་འདྲ་ཞིག་སྤེལ་རྒྱུ་ཡིན། ཤ་ཟ་ཞིང་ཁྲག་བཏུང་བ་ནི་ནང་པའི་ཆོས་ལུགས་ཀྱི་མི་སྣ་ཕར་ཞོག འཇིག་རྟེན་པའི་བདེན་ཚིག་དང་རྒྱུ་འབྲས་སྨྲ་ནི་ཞིག་ཡིན་ནའང་གཏན་ནས་མི་མཛའ།
ངས་བསམ་ཚུལ་ཡིན་ན། མི་སྒེར་བ་ཚོའི་ཤ་བཅད་ཐུབ་མི་ཐུབ་དང་ཇེ་ཉུང་ལ་གཏོང་དང་མི་གཏོང་སོ་སོའི་ངོས་ཐད་ནས་མནོ་བསམ་གཏོང་ཐུབ་པ་བྱེད་དགོས། ཡིན་ནའང་། དགོན་པ་དང་། སློབ་གྲྭ། ལས་ཁུངས། ཚོགས་པ་ཆེ་ཆུང་གི་ངོས་ནས་ངེས་པར་དུ་སྤངས་དགོས་པ་རེད།
ལྷག་པར་དུ། ཕྲུ་གུ་གསར་སྐྱེས་ཚོར་ཤ་མི་སྤྲད་རྒྱུ་ནི་ཧ་ཅང་གི་གལ་ཆེ། ཕྲུ་གུ་ཚོའི་རིག་སར་ཤ་མི་ཟ་བའམ་ཉུང་ཟ་བྱས་ཏེ་སེམས་ཅན་གྱི་ཚེ་སྲོག་དང་ཤ་ལ་འཛེམས་ཟོན་བྱེད་དགོས་པའི་སླབ་བྱ་ཆག་མེད་དུ་གནང་རྒྱུ་ནི་ཕ་མ་ཚོས་གཟུར་མི་ཉན་པའི་ལས་འགན་རེད། ཕྲུ་གུ་ཆུང་ཆུང་ཚོར་ཆེད་དམིགས་ཀྱི་སློབ་གསོ་གཏོང་མཁན་གྱི་ཚོགས་པ་རྩ་འཛུགས་བྱས་ཏེ་རྩ་ཆེའི་སྲོག་ཆགས་ལ་གནོད་པ་བྱེད་མི་ཆོག་པ་ཁྲིམས་དང་། ཤ་བཟའ་མི་རུང་བ་ནང་ཆོས་ཀྱི་ཤ་ཡི་ཉེས་དམིགས་ཏེ། འཚེ་བ་མི་བྱེད་པའི་ལུགས་བཟང་དང་སྦྲགས་ནས་ངོ་སྤྲོད་བྱེད་དགོས། མཚམས་རེར་འཇིགས་དང་སྡུག་བསྔལ་འོག་གི་སྲོག་ཆགས་བཤའ་གཏུབ་ཀྱི་ལས་ངན་དག་གློག་བརྙན་ལས་བསྟན་ཏེ། དངོས་བྱུང་གི་གནས་ཚུལ་དང་འབྲེལ་ཞིང་རང་ཉིད་ཀྱི་ཚེ་སྲོག་ལ་དཔེ་བཞག་ནས་ཚོར་བ་རྣོན་པོས་བསླབ་བྱ་གོ་སྐོན་གནང་དགོས། རྟག་ཏུ་སེམས་ཅན་གྱི་ལས་དབང་ལ་ཤ་ཚ་ཆེ་བའི་རྣམ་འགྱུར་གསལ་བོར་སྟོན་དགོས།དེ་ལྟ་བུའི་འོག་ལང་ཚོ་སྨིན་པའི་ན་གཞོན་ཚོས་རང་བཞིན་གྱིས་ཤ་ལ་འཚེར་སྣང་དང་བཙོག་སྣང་སྐྱེས་ཀྱི་རེད་ལ། དེ་དང་མཉམ་དུ་སེམས་ཅན་གྱི་ཚེ་སྲོག་ལ་བརྩེ་བ་ཞིག་ཀྱང་འབུས་ཡོང་གི་རེད། དེ་འདྲའི་ལས་ཀ་རླབས་པོ་ཆེ་ཞིག་བོད་ཕྱི་ནང་གཉིས་ཀྱིས་དུས་མཉམ་དུ་སྒྲུབ་ཐུབ་ན། དཀར་གཙང་གི་ཟས་ལ་ལོངས་སུ་སྤྱོད་ཅིང་སྙིང་རྗེ་ཅན་གྱི་མི་རབས་རྗེས་མ་སྐྱེད་བསྲིང་བྱེད་ཐུབ་ཀྱི་རེད། མ་འོངས་པའི་བོད་མི་ས་ཡ་དྲུག་གིས་དམར་ཟས་སྤངས་སོང་ན། མ་མཐའ་ཡང་སེམས་ཅན་ས་ཡ་དྲུག་གི་ཚེ་སྲོག་བསྐྱབ་བཞག་པ་རེད། ཕྲུ་གུ་ཆུང་ཆུང་ཚོར་ཤ་མ་སྤྲད་པ་དེ་ཕྲུ་གུ་རང་ཉིད་ཀྱི་འཕྲོད་བསྟེན་དང་། དཔལ་འབྱོར། སེམས་ཅན་གྱི་ཚེ་སྲོག་དང་འབྲེལ་བ་ཡོད་པའི་ལས་འགུལ་བཟང་པོ་ཞིག་ཡིན་པའི་ཕྱིར་ན། ཕྲུ་གུའི་ཐོབ་ཐང་ལ་རྡབ་གསིག་བཏང་བ་འདྲ་བའི་འགྲོ་མིའི་ཁྲིམས་འགལ་ལུགས་མེད་ཀྱི་གྲས་སུ་ནམ་ཡང་བརྫང་ཐུབ་ཀྱི་མ་རེད། ༢༠༠༨ཋ༡༢ཋ༡༩ཉིན་ཐུབ་བསྟན་རྡོ་རྗེའམ་གཙང་ཞོལ་བདེ་གསལ་གྱིས་རྡ་རམ་ས་ལར་བྲིས།།
གསལ་བཤད།
རྒྱ་ཆེ་བའི་ཀློག་མཁན་རྣམ་པ་ལགས། གོང་དུ་ལོ་ཟླ་ཚེས་གྲངས་འཁོད་པ་ཇི་བཞིན། ངས་རྩོམ་དེ་ཉིས་སྟོང་བརྒྱད་ལ་བྲིས་རུང་། ད་བར་དུ་དེབ་དང་། ཚགས་པར། དྲ་རྒྱ་གང་དུའང་བཀོད་མ་ཕོད། རྒྱུ་མཚན་ཅི་རེད་ཟེར་ན། ང་རང་ཉིད་ཤ་བཟའ་མཁན་ཞིག་གིས་ཤ་བཟའ་མི་རུང་བའི་རྩོམ་ཡིག་སྤེལ་ན། མིའི་རྣ་བར་འགྲོ་རྒྱུར་ཕར་ཞོག འགན་མ་ཁུར་བ་དང་། ཆོ་མེད་ཀྱི་སྐད་ཆ་རང་དུ་གྱུར་རྒྱུ་རེད་བསམ་ནས་སྦས་བསྡད་པ་ཡིན། གྲོགས་པོ་འགས་ཀྱང་སྡིགས་དམོད་གནང་བྱུང་། མིའི་བཟའ་མ་དང་། གོན་པ་ཚུན་ཚད་ལ་ཇུས་གཏོགས་བྱས་ཏེ། དེ་འགྲིག་དང་འདི་མི་རུང་ཞེས་བཤད་ན་རྩ་མ་ཚང་བ་རེད། ཁྱོད་དེ་འདྲའི་ཡ་མཚན་ཞིག་ཡིན་ན་ཤ་བཟོས་ནས་ཅི་བྱེད་རྒྱུ། ངོ་མི་ཚའམ། དེ་འདྲ་ཟེར་གྱི་འདུག དེ་སོགས་ལ་བདེན་པ་ཅུང་ཡོད་རྒྱུ་རེད་བསམ་བྱུང་། ཡིན་ནའང་། དེ་རིང་ངས་རྩོམ་དེ་ཟིན་བྲིས་སུ་སྤེལ་འདོད་སྐྱེས་བྱུང་། རང་ཉིད་རྩོམ་འདིའི་བརྗོད་བྱ་དང་མི་མཐུན་ནའང་། མི་གཅིག་གི་རྒྱུད་ལ་དྲན་སྐུལ་ཙམ་ཐེབས་ན། ངོས་ཟིན་གཤའ་མ་ཞིག་ཐོབ་ན། ངེས་འབྱུང་ཕྲ་མོ་ཞིག་གིས་ཡིད་སྐུལ་ཅུད་ཟད་ཐོབ་ན་ཅི་མ་རུང་སྙམ་པ་དང་། རྩོམ་འདི་འབྲི་དུས་ཀྱང་འུར་ཆེན་འུར་ཆུང་དང་མ་འབྲེལ་བར་རང་ཉིད་ཀྱི་ནོར་འཁྲུལ་ནོར་འཁྲུལ་དུ་ངོས་ཟིན་ཐོབ་པའི་ཀུན་སློང་གིས་བསྐྱེད་པ་ཡིན། ད་ལྟ་སྐྱར་ཀློག་གིས་བལྟས་དུས། ཅུང་ཡིད་ངོར་མི་འཕྲོད་པ་དང་། ཚིག་གི་སྡེབས་མི་ལེགས་པ། འགས་ཤས་དམིགས་ཀྱིས་བཀར་ནས་ཐེར་འཏོན་བྱས་པ་དག་མི་མི་དགའ་བའི་རྒྱུར་ངེས་ཀྱང་། བཅས་བཅོས་གང་ཡང་མ་བྱས་པར་རང་སོར་བཞག་ཡོད། དེས་ན་དེ་ལུགས་ཀྱི་དགོངས་པ་བཞེས་རྒྱུ་མཁྱེེཻན།།
ཨོཾ་ཨ་བྷེ་ར་ཧྰུཾ་ཁེ་ཙ་ར་མཾ། སྔགས་འདིས་ཤ་ལ་ཕུ་བཏབ་ན་དུད་འགྲོ་དེ་མཐོ་རིས་སུ་སྐྱེ་ཞེས་གསུངས་འདུག་པས། ཤ་བཟའ་མཁན་ཚོས་ཕྱག་ལེན་ལ་འདེབ་པར་གལ། སྤྱིར་ན་གོང་གི་སྔགས་འདི་རྐང་མཐིལ་དུ་བསྔགས་ནས་སོང་ན་གོམ་པ་རྒྱག་དུས་བསད་པའི་གྲོག་མ་སོགས་སེམས་ཅན་དེ་དག་མཐོ་རིས་སུ་སྐྱེ་བར་ཡང་གསུངས། ད་དུང་མི་འཁྲུགས་པའི་སྔགས་ཀྱིས་ཀྱང་དུད་འགྲོ་དེས་བདེ་འགྲོའི་གོ་འཕང་འཐོབ་པར་གསུངས་པས་ཐུགས་ལ་ཟུངས།
བསྟན་དང་སྟོན་པ་ལྟ་བའི་ཁྱད་པར་གསུངས་སྐབས་སུ། བསྟན་པ་ནི་སེམས་ཅན་ལ་་་་་གནོད་འཚེ་སྤངས་་་་་བའི་བསྟན་པ་ཡིན་གསུངས་འདུག། དེང་སང་མང་ཆེ་བས་་་་འཚེ་བ་སྤོང་་་་དགོས་རབས་ཤིག་གསུངས་པ་མ་གཏོགས་་་་གནོད་འཚེ་སྤོང་དགོས་གསུངས་མཁན་མི་འདུག་པས་ངས་བསམ་ན་གསུངས་རབ་ཁག་ལས་བྱུང་བ་ནི་་་་གནོད་འཚེ་སྤོང་་་དགོས་གསུངས་པ་དེ་ལ་གོ་རྒྱུ་ཁྱད་པར་བ་ཞིག་ཡོད་འགྲོ་དྲན་གྱི་ཡོད། མཁྱེན་ལྡན་ཚོས་འགྲེལ་བཤད་ཅིག་གསུངས་རོགས་གནང། ད་དུང་འདིར་ཞུ་རྒྱུ་ཞིག་ལ་གཅན་གཟན་གྱི་ལྤགས་རིགས་ཟབ་འཕྱོར་སྤྲས་ནས་གྱོན་རྒྱུ་དེ་བོད་ཡུལ་གྱི་ས་ཆ་གང་མཚམས་ཤིག་ཏུ་རྒྱལ་བའི་བཀའ་ལ་བརྩིས་ནས་མི་གྱོན་པའི་དང་ལེན་ཡག་པོ་གནང་འདུག་པ་ལ་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན། འོན་ཀྱང་དེ་ཡི་ཚབ་དུ་བོད་རིགས་མི་དམངས་ཀྱི་ལག་ཤེས་ཀྱི་ཐོན་བསྐྱེད་མ་ཡིན་པའི་་་རྒྱ་གར་དང་རྒྱ་ནག་སོགས་ནས་ཐོན་ཡོང་བའི་་་གོས་ཆེན་ཀྱི་སྟོད་གོས་དང་ཕྱུ་བ་སོགས་རྫིག་རྫིག་ཞེ་བོ་ཞིག་བཏང་ནས་གྱོན་ཡོང་གི་འདུག་བ། དེ་ཚོ་ལའང་ཁྱེད་ཚོས་བསྒྱུར་བ་ཞིག་ངེས་པར་དུ་གཏོང་དགོས་པ་འདུག། བོད་མི་རིགས་ཀྱི་ལག་ཤེས་ལས་བྱུང་བའི་གྱོན་གོས་ཤིག་ལུས་ལ་གྱོན་པ་ཡིན་ན་རང་བཞིན་གྱིས་བོད་མི་རིགས་ཀྱི་དཔལ་འབྱོར་ལ་ཕན་ཐོག་གི་རེད་བ། ལྷག་པ་དུ་ས་ཁུག་ལུང་ཁུག་གི་མི་ལ་ཕན་ཐོག་གི་རེད་བ། གཞན་ཁྱེད་ཚོའི་་རྫིག་རྫིག་ཞེ་བོ་དེས་བོད་མི་རིགས་ལ་ཕན་ཐོག་ཆེན་པོ་ཞིག་རགས་ཀྱི་ཡོད་མེད་མི་ཤེས་སོ།
ཀློག་པ་པོ་ལགས། གངས་ལྗོང་(ལྗོངས)ཞེས་འགོ་བཙུགས་པ་ནས་ཡི་གེ་གཏག་ནོར་ཤོར་བ་དང་། བྱབ་ཆུང་གི་ཚིག་མང་དག་ཅིག་གི་འཚང་ཁ་བརྒྱབ་པ། གུ་དོག་པ་སོགས་ནོར་འཁྲུལ་དང་འགལ་བའི་རིགས་མཐའ་དག་ལ་དགོངས་དག་ཞུ་རྒྱུ་ཡིན།
རྩོམ་ཡིག་ཡག་པོ་སྤེལ་འདུག་ལ། ཁོ་བོ་རང་ཉིད་ལ་ཡང་དྲན་གསོ་ཞིག་ཀྱང་ཐེབས་སོང་། སོང་ཉིན་ནས་ཤ་རིགས་གང་ཉུང་ཉུང་བཟའ་རྒྱུ་ལ་འབད་བརྩོན་བྱ་ཡིས་ཡིན།། ཐུགས་རྗེ་ཆེ་གནང་།།
འདི་འདྲའི་རྩོམ་མང་ཙམ་སྤེལ་བའི་རེ་བ་དང་། Bonpo ལགས་ཀྱི་དགོངས་བཞེད་ལ་ཡང་རྒྱབ་སྐྱོར་གཙང་མ་ཡོད།
སྔོན་དུས་བདག་གིས་དུད་འགྲོའི་ཤ་ཟ་བ་འདི་སེམས་ལ་ཞེ་འཚེར་ཡང་ཡང་བྱུང་བ་དང་། ལྷག་པར་ནང་ཆོས་ནས་སེམས་ཅན་ཐམས་ཅད་མར་མ་གྱུར་བ་མེད་ཅེས་གསུངས་པས། སྐྱེ་བ་གོང་མ་གོང་མར་དྲིན་ཅན་གྱི་མར་གྱུར་པའི་དུད་འགྲོའི་ཤ་ཟ་བ་འདི་སྐབས་རེ་བློ་སྙིང་གས་འགྲོ་བ་ལྟ་བུའི་སེམས་ངལ་འདུག་རུང་། བློ་ངན་ལངས་ཤོར་དབང་གིས་ད་བར་ཤ་ཟ་གཅོད་མ་ཐུབ། རིམ་པས་གཅོད་ཐབས་སམ་ཉུང་དུ་གཏང་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན།
དྲ་གྲོགས་ལྷག་པ་ལགས། རིམ་པས་གཅོད་ཐབས་སམ་ཉུང་དུ་གཏང་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན། སྐུ་ཉིད་ཀྱིས་འདི་ལྟར་གསུངས་པ་ཧ་ཅང་ཡག་པོ་རེད་འདོད། ང་ཚོ་ཚང་མ་གཅིག་པ་རེད། ཤ་ལ་སྲེད་པ་ཆེ་དྲགས་པས་དཀའ་ཚོད་རེད།
སྲོག་ཆགས་རྩ་ཆེན་མང་པོ་རང་གིས་བསད་པ་དང་གཞན་ལ་བསད་དུ་བཅུག་སྟེ། ལྤགས་རིགས་སྣ་ཚོགས་ཀྱི་རྒྱན་གོས་བཟོས་ཏེ། གླེན་རྟགས་ཚད་ལས་འདས་པ་ཞིག་བསྟན་མྱོང་པ་རེད།
དང
དེ་དག་གི་རྐྱེན་གྱིས་༸རྒྱལ་བ་རིན་པོ་ཆེས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་དགོས་ཚུལ་དང་། སྲོག་ཆགས་དེ་དག་གི་ལྤགས་པས་རྒྱན་གོས་བྱེད་མི་འོས་ལ། རྗེས་ལུས་དང་གླེན་རྟགས་ཀྱི་ལས་ཚབས་ཆེན་ཞིག་རེད་སོགས་གསུངས་པར་མ་ཟད། དེང་སང་འབྲུ་རིགས་དང་སྔོ་ཚལ་གྱི་རིགས་ཟ་རྒྱུ་ཡོད་པས་དཀར་ཟས་ལ་ལོངས་སྤྱོད་རྒྱུ་དང་། ལྷག་པར་དགོན་སྡེ་ཁག་དང་། སློབ་གྲྭ། ཚོགས་པ་ཁག་གི་སྤྱི་ཐབ་ནང་དམར་ཟས་སྤང་བར་བྱ་དགོས་པའི་བཀའ་སློབ་ལན་གཅིག་མ་ཡིན་པར་གནང་བ་རེད།ཟམ་གདོང་རིན་པོ་ཆེས་ཀྱང་དེ་བཞིན་དུ་གཏམ་བཤད་སྤེལ་སོང་། དུད་འགྲོའི་རང་དབང་ཚོགས་ཆུང་གི་ངོས་ནས་སེམས་ཅན་གྱི་ཚེ་སྲོག་སྐྱོབ་ཐབས་ལ་དོ་སྣང་དང་། དམར་ཟས་སྤང་ཨེ་ཐུབ་ཀྱི་ཕྱག་ལས་གནང་གི་འདུག
ཟེར།
ཡང་།
རིན་པོ་ཆེའི་ཕོ་བྲང་གི་འཁྲིས་ཀྱི་རིགས་ལམ་སློབ་གཉེར་ཁང་གི་གསོལ་ཐབ་ནང་གི་གྲྭ་པ་ཚོ་དང་། གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་ཀྱི་གསོལ་ཐབ་ཁང་གི་ལས་བྱེད་པ་ཚོས་ཤ་ཟ་རྐྱང་དང་ཁྲག་འཐུང་རྐྱང་བྱེད་ཀྱི་ཡོད་པ་དེ་མཚོན་དཔེ་གསོན་པོ་ཞིག་རེད། ཆུ་མགོ་ནས་སྙོག་ན་དྭངས་དཀའ་བ་བཞིན། དབུས་ལས་བྱེད་ཀྱི་ཐབ་ཚང་དང་མཚན་ཉིད་གྲྭ་ཚང་གི་སྤྱི་ཐབ་ནས་ཁྲག་གིས་དམར་ཙར་ཙར་བྱས་ཡོང་ན། ༸རྒྱལ་བ་རིན་པོ་ཆེ་དང་། ཟམ་གདོང་བློ་བཟང་བསྟན་འཛིན་ཡིན་རུང་སྤྱི་ཚོགས་སུ་སྐད་ཆ་བཤད་མི་བདེ་བ་ཞིག་རང་བཞིན་གྱིས་ཡོང་རྒྱུ་རེད།
ཟེར།
ངས་བསམ་ཚུལ་ཡིན་ན། མི་སྒེར་བ་ཚོའི་ཤ་བཅད་ཐུབ་མི་ཐུབ་དང་ཇེ་ཉུང་ལ་གཏོང་དང་མི་གཏོང་སོ་སོའི་ངོས་ཐད་ནས་མནོ་བསམ་གཏོང་ཐུབ་པ་བྱེད་དགོས། ཡིན་ནའང་། དགོན་པ་དང་། སློབ་གྲྭ། ལས་ཁུངས། ཚོགས་པ་ཆེ་ཆུང་གི་ངོས་ནས་ངེས་པར་དུ་སྤངས་དགོས་པ་རེད།
ཡང་།
ངས་བསམ་ཚུལ་ཡིན་ན། མི་སྒེར་བ་ཚོའི་ཤ་བཅད་ཐུབ་མི་ཐུབ་དང་ཇེ་ཉུང་ལ་གཏོང་དང་མི་གཏོང་སོ་སོའི་ངོས་ཐད་ནས་མནོ་བསམ་གཏོང་ཐུབ་པ་བྱེད་དགོས། ཡིན་ནའང་། དགོན་པ་དང་། སློབ་གྲྭ། ལས་ཁུངས། ཚོགས་པ་ཆེ་ཆུང་གི་ངོས་ནས་ངེས་པར་དུ་སྤངས་དགོས་པ་རེད། ཟེར།
ཤ་སྔགས་སོགས་གཟུངས་སྔགས་བགྲང་ནས་སྡིག་པ་དག་ཐབས་འདི་སྔགས་པ་མཚན་ཉིད་ཚང་བ་ལ་མ་གཏོགས་མི་དཀྱུས་མ་ཚང་མས་གཟུངས་སྔགས་སྐྱོར་ཚད་སྡོག་ལྟུང་དག་པའི་ཁྱབ་པ་ཨ་ཡོད་སྙམ་པས་བག་ཟོནགྱིས་དགོས་འདུག་ལགས།
སེམས་དཔའ་ཆེན་པོ་གྷན་དྷིས་ཆུང་དུས་ཨིན་ཇིའི་ལས་བྱེད་མི་རིགས་དཀར་པོས་གདུག་རྩུབ་ཅན་རྣམས་ལས་རྒྱལ་ཕྱིར་ཁོ་ཚོ་ལྟར་ཤ་བཟས་པ་དང་། ཆང་རག་ཡང་ཡིབ་ནས་འཐུང་ནས་མཐར། རང་ཉིད་མ་སྐྱིད་པ་གྱུར་ནས་ཤིང་ནགས་ཞིག་གི་ལ་སོང་ནས་རང་ཤི་རྒྱབ་ཀྱང་མ་ཤི་བར་གནས་པའི་གནས་ཚུལ་ཡང་བྱུང་ཡོད་ཀྱང་།
ཁོང་གིས་རང་གི་མི་ཚེའི་ལོ་རྒྱུས་ནང་ལ་བྱིས་པ་སོ་སྐྱེས་ཀྱིས་ཀྱང་འོ་མ་འཐུང་ན་ཡང་ལུས་ལ་གནོད་ཚུལ་དང་། རྒན་གཞོན་བར་གསུམ་གང་གི་དུས་སུ་ཡང་འཕྲོད་བསྟེན་ལ་མི་ཕན་པའི་ཐོག་གནོད་བགྱིད་ཡོད་པའི་རྒྱུ་མཚན་དུ་ཚན་རིག་པས་མིའི་ཕོ་བ་དང་། རྩྭ་ཟན་རུ་དྭགས་དང་ར་ལུག་བ་ཕྱུགས་དང་འདྲ་བ་ལས། ཟ་གཟན་གཅན་གཟན་སྟག་ཟིག ཁྱི་དང་ཞི་མིའི་ལུས་དང་མི་མཚུངས་པས། ཤ་ཡིས་མི་ཡི་འཕྲོད་བསྟེན་ལ་གནོད་སྟངས་ཀྱང་གསུངས་འདུག་ལགས། ང་ཚོ་བོད་མི་ཚོས་ནི། བཀའ་དྲིན་ཅན་ཕ་མ་སོགས་རྒན་གྲས་ཀྱི་བདུན་ཕྲག་གཅིག་ལ་ཤ་ཐེངས་གཅིག་ཙམ་མ་བཟས་ན་རླུང་ནང་ཡོང་ཉེན་འདུག་སོགས་གསུངས་པ་སོགས་ལ་བརྟེན་ནས་ཤ་བཟའ་བ་དང་། བཟས་ནས་ཤའི་རོ་ལ་ཆགས་པའི་གོམས་པ་ཆེ་རུ་ཕྱིན་ནས་ཤ་སྤོངས་མི་ཐུབ་གནད་གག་དེ་ལ་བརྟེན་ནས་བྱུང་བ་མིན་ནམ། གང་ལྟར་ཡང་ཤ་ཟས་ནི། ཤིན་ཏུ་མི་མཛེས་ལ་སྐྱུག་ཁྲོ་ཁ་ལག་ཞིག་ཀྱང་རེད་མི་འདུག་གམ། ཤ་ལ་མི་སྡུག་པ་སྒོམས་ཤིག་གུ །
ཡང་ང་ཚོ་བོད་ཀྱི་ནང་པ་ཚོས། གསང་སྔགས་ནང་གི་ཤ་ལྔ་དང་བདུད་རྩི་ལྔ་དང་། ཤ་ཆང་བུད་སོགས་ཀྱིས་ཀྱང་ང་ཚོ་ནང་པའི་ཆོས་པ་ཚོ་སྐྱག་ལང་ལ་བཏང་བའམ། ངན་ལམ་དུ་ཤོར་བ་མང་བས་ཀྱང་ཤ་ཆང་སྤོངས་བ་ལ་དཀའ་ངལ་འཕྲ་བགྱིད་ཡོད་པའང་ཡིན་སྲིད་པས་་་་་་་་་་་་་་་་་་་་་
བུད་སོགས་བུད་མེད་སོགས་ལ་དང་། འཕྲ་བགྱིད་ཡོད་པ་ལ་འཕྲད་བགྱིད་ཡོད་པ་ལ་བཅོས་ན་ས་ཀློག་རོགས་གནོངས།
དྲ་གྲོགས་ཀརྡོ་གཉེར་ཕྱག་པ་ལགས་ཀྱིས་དགོངས་ཚུལ་གསུངས་གནང་བར་ཁ་དྲོ་ཞུ། དྲ་གྲོགས་ཚོས་དགག་སྒྲུབ་དང་སེལ་འདོན་བྱས་ཏེ་ཆད་ལྷག་ལ་ཡོ་སྲིང་བགྱིད་རྒྱུ་ནི་རེ་བ་ཆེའོ།