རེབ་ཐོག་མདའ།
ཁྱོད་ཀྱི་མིག་ཟུང་ལ་བྲིས་པའི་གསང་བ་དེ།།
བདག་གི་སེམས་ཁོང་ལ་ལྷུང་བའི་ན་ཟུག་དེ།།
ངེད་གཉིས་ས་སྲོད་འདིར་འཕྲད་པའི་གཏམ་རྒྱུད་དེ།།
དོ་དགོང་བདག་སེམས་ནས་ཐེངས་གཅིག་གླེང་ན་འདོད།།
ཟླ་བ་རབ་རིབ་དེའི་སྒེག་ཉམས་མ་ངོམས་གོང་།།
ཉི་མའི་ཚ་གདུང་དེའི་རེག་བྱ་མ་ཡལ་གོང་།།
དགོན་པའི་གླིང་སྐོར་ནས་མཐོང་བའི་ན་ཆུང་མ།།
ལག་པར་ཕྲེང་བ་ཞིག་ཐོགས་པའི་དད་ལྡན་མ།།
བདག་གི་མིག་ཟུང་གཉིས་བརྐུ་བའི་ནུ་མ་དེ།།
སྟོད་ལ་དམར་ནག་དེའི་འོག་ན་དལ་གྱིས་འགུལ།།
གོམ་སྟབས་ཡང་མོ་དེའི་སྣེ་ཡི་སྒེག་ཉམས་དེས།
བདག་གི་ལུས་སེམས་གཉིས་ཁྱོད་ལ་འཁྲེང་དགོས་བྱུང་།།
ཆེ་ཆུང་ལོ་ན་དེ་ཉི་ཤུའི་ནང་རོལ་རེད།།
སྐྱེས་གཟུགས་ཡག་ནོ་དེ་ཡིད་འཕྲོག་ལྷ་མོ་རེད།།
བདག་སེམས་ཤོར་ནོ་དེ་བཤད་ས་མི་འགྲོ་ཡང་།།
ཚོར་བ་འདི་འདྲ་ཞིག་སྐྱེས་ནས་སླེབས་མྱོང་མེད།།
སེམས་པའི་ནང་རོལ་ལ་རྒྱུས་མངའ་མ་མཆིས་མོད།།
ཕྱི་ཡི་སྤྱོད་པ་དེ་བློ་ལ་ཧ་ཅང་འབབ།།
ཁ་བརྡ་གློད་འདོད་ཀྱི་རེ་བ་ཟབ་ན་ཡང་།།
ཚིག་གི་མགོ་རྔ་དེ་ལྷུ་རྐང་མ་འཕྲོད་ཐལ།།
བྱེས་ནས་འཚར་བ་ཞིག་ཡིན་པར་བསམ་ན་ཡང་།།
གོན་པ་གྱོན་སྟངས་ནས་བདག་ལ་དོགས་པ་ཞིག།
ཁོ་མོའི་ཉེ་ས་ལ་གོམ་ཁ་བསྒྱུར་ན་ཡང་།།
སེམས་པ་དམར་པོ་འདི་ལུ་གུ་ལྡིང་ལྡིང་བྱེད།།
དགོང་གཅིག་ཉལ་རོགས་ལ་དམིགས་ཡུལ་མེད་ན་ཡང་།།
སེམས་པའི་ཁ་ཕྱོགས་དེ་མཐུན་ན་བསམ་གི་ཡོད།།
གཞིས་བྱེས་བུ་མོ་ལ་དབྱེ་བ་མེད་ན་ཡང་།།
བློ་སེམས་དཀར་ནི་ཞིག་ཡིན་ན་བསམ་ནས་ཡོད།།
དཀར་པོ་དགེ་བ་ཞིག་སྒྲུབ་འདོད་ཆེ་ན་ཡང་།།
སྡིག་པའི་ལས་ངན་ཞིག་དེ་རིང་བསགས་དང་ཐལ།།
བུ་མོར་ཁ་བརྡ་ཞིག་བཤད་རྒྱུ་བྱུང་སོང་ན།།
སྡིག་པ་ཨེན་ཙམ་དེར་མིག་ཟུང་བཙུམ་དགོས་སྙམ།།
རྒད་པོ་རྒན་མོ་ཚོར་ཅུང་ཙམ་གཡོལ་ཐུབ་ན།།
ངེད་གཉིས་ཁེར་རྐྱང་གི་གོ་སྐབས་ཅུང་རག་ན།།
སྙིང་ཆུང་ཁ་ནང་ལ་ལྷུང་ཡང་ཚིག་ཟུར་ཞིག།
འཚམས་འདྲི་སྟབས་བདེ་ཞིག་མཉམ་ཏུ་བྱས་ན་བསམ།།
མི་ཚེའི་སྐྱ་ཡ་ལ་བསམ་བློ་གཏོང་གི་མེད།།
རྫུན་དང་ཕྲ་མ་ཡིས་ཁྱོད་རང་བསླུ་གི་མེད།།
སེམས་པ་དུངས་རབས་ཀྱི་ཚོར་བ་དངོས་མ་ཞིག།
མ་གསང་དྲང་མོ་ཡི་གཏམ་དེ་སྨྲ་ན་འདོད།།
ལས་ཀྱིས་འཕྲད་པ་དེ་མིན་པ་ཤེས་ཀི་ཡོད།།
གོ་སྐབས་མང་པོ་ཡང་མེད་པ་རྟོགས་ནས་ཡོད།།
འོན་ཀྱང་ཁྱོད་རང་ལ་ཚིག་གཅིག་བཤད་དཀའ་བ།།
བུ་ཆུང་ང་རང་ལ་ཡང་སྙིང་ཅི་བྱུང་ངམ།།
ཁྱོད་ཀྱིས་ཟུར་མིག་གིས་ཐེངས་འགའ་བལྟས་དང་ཐལ།།
ང་ཡི་སེམས་ནང་ལ་བག་ཆགས་བཞག་དང་ཐལ།།
ད་ནི་མི་འདུག་ངའི་ཁ་ལྕེ་འགུལ་ན་འདོད།།
བུ་མོའི་སེམས་ཁོང་ལ་ས་བོན་འདེབས་ན་འདོད།།
དེ་ལྟར་སྐོར་ལམ་ནས་དེ་རིང་བུ་མོ་ཞིག།
སྟེས་དབང་ལས་དབང་གང་ཡིན་པ་མི་ཤེས་མོད།།
སྐད་ཆ་བཤད་འདོད་ཀྱང་བློ་ཁོག་ཆུང་སོང་བས།།
སྙིང་སྡུག་བུ་མོ་དེ་དེ་ལྟར་ཤོར་ནས་ཐལ།།
ཕྱི་ལོ ༢༠༡༣ ཟླ ༤ ཚེས ༡༤ ལ།
ཨ་ཁ་ཁ་རེབ་ཐོག་མདའ་ལགས། སེམས་པ་མཛེས་མའི་ཡུལ་དུ་ཤོར་ཡང་། སྐད་ཆ་ཚིག་གསུམ་བཤད་སྤོབས་ཞན་པ། འདི་ལ་བསམ་ན་ཧ་ཅང་སྐྱོ་ཐལ། སྐྱེ་གཟུགས་ལེགས་པས་མཛེས་མ་མི་ཐོབ། ཡོན་ཏན་ཅན་ལ་མཛེས་མ་མི་རེག ང་རྒྱལ་ཅན་ལ་དེ་བས་མི་ཐོབ། ཐ་ཤལ་སྤོབས་པ་ཅན་ལ་རེག་སྲིད། མ་རབ་གཡོ་རྒྱུ་ཅན་ལ་ཐོབ་ངེས། སྨྲ་མཁས་རྫུན་མཁས་དག་ལ་ཐོབ་སྲིད། འབྱོར་ལྡན་གཏོང་ཕོད་ཅན་ལ་ཐོབ་ངེས། །
རིག་མ་རིག་ལ་སྣང་བ་ཤོར་འགྲོ་འི།།
ཐུག་མ་ཐུག་ལ་བརྩེ་བ་བསླེབས་བསྡོད་ཀི།
ངག་དབང་ལྐུག་ནས་སྐད་ཆ་མི་ཤོད་ཀི།
སེམས་པའི་སྡུག་སྐད་ཡི་གེར་བཀོད་འཇོག་གི།
ཨ་དགའ་ཁྱོད་ལ་ཅི་ཞིག་བྱུང་བ་ཡིན།
གོ་སྐབས་སློང་བའི་འགྲོ་སྟངས་བོད་ལུགས་རེད།
ཡ་ལན་སྟེར་མིན་བུ་མོའི་འདོད་པ་རེད།
ཆོད་མེད་ངོ་ཚས་རང་རོགས་མ་ཕམ་ཀྱེ།
དགོན་པའི་སྐོར་ལམ་དུ་དགའ་གྲོགས་བསྒྲིག་རྒྱུའི་འཆར་གཞི་བྱེད་པ་ཡག་རྟགས་གཅིག་མ་རེད། དགའ་རོགས་མཛའ་རོགས་བསྒྲིག་དགོས་ན་གནས་གཞན་ཞིག་ཏུ་ཕྱིན་ན་ཡག་གི་རེད། ཡང་ན་དམར་སེར་གོས་དེ་ཕུད་ནས་གནང་རོགས་ཞུ་རྒྱུ་ཡིན།
བདེན་པ་འདྲ་བའི་གཏམ་རྣམས་ནི།
དོན་ལ་བདེན་མིན་སུ་ཡིས་ཤེས།
གལ་སྲིད་བདེན་པ་ཡིན་འགྱུར་ན།
ཚིག་སུམ་ཤོད་པའི་ཐབས་ལ་འབད།
ཡ་རེབ་ད་སྨྱོ་ས་རེད
: ,