རྔ་བཟའ་བདེ་པོ་འཚོ།
འཛིན་མེད་དུས་ཀྱི་འཁོར་སྐྱོད་ཆུ་མོ་བཞིན་བཞུད་ཅིང་།།
འགོག་མེད་ཆོས་ཀྱི་ངོ་བོ་མིག་རྡེབ་ཀྱིས་འགྱུར་བས།།
ལྗང་མདོག་བཅུད་ཀྱིས་ཕྱུག་པའི་འཇིག་རྟེན་གྱི་ཁ་དོག།
རང་བཞིན་ཤུགས་ཀྱིས་སྟོན་ཁའི་ལོ་མ་ལྟར་མངོན་ཡོང་།།
རྨ་བྱའི་སྒྲོ་གུར་འཇའ་ཡི་སྣང་བ་དེ་མཛེས་ཀྱང་།།
དེད་ཅིང་དེད་ན་སྙིང་མེད་སྐྱུག་སློང་གི་རྣམ་པ།།
མཐོང་ཞིང་མཐོང་ན་དོན་ལྔ་སྣོད་དྲུག་གི་ནད་གཞི།།
དེ་ཡིས་ཁྱེད་དང་ང་ཡི་སེམས་པ་དེ་བཅོམ་སོང་།།
རྫུ་བག་ལོ་འདབ་སྟུག་པོའི་སྐྱེས་སྟོབས་དེ་རྒྱས་པས།།
དྲང་མིག་མདའ་ཡི་ཟུར་ཙམ་གཏད་ས་ཞིག་མི་འདུག།
རང་རློམ་རྐྱལ་བའི་ལྟོ་བ་འབུར་འབུར་དུ་ཐོན་པར།།
གནས་ལུགས་མི་འགྲོ་གྱང་ངོས་སྲན་མ་དང་མཚུངས་བྱུང་།།
གཏམ་སྙན་བདེན་ཚིག་པོ་ཏི་བརྩིགས་བརྩིགས་རང་ཡིན་ཡང་།།
ཉམས་ལེན་གསེར་གྱི་ཐིགས་པ་ཡང་མོ་ཡི་སྣང་བ།།
བསམ་ཞིང་བསམ་ན་འཕྲུལ་བའི་གཏམ་བརྗོད་དེ་ཁོ་ན།།
རོལ་བའི་འདུན་པ་རླུང་ཁྲོད་ཆུ་འཛིན་བཞིན་ཡལ་ལོ།།
༢༠༡༥/༥/༡༣
ཆོས་སེམས་ཀྱིས་གཅུན་པའི་བཙན་བྱོལ་གྱི་བུ་མོ་ཞིག་གིས། འཇིག་རྟེན་གྱི་སྤོབས་པ་དོར་ནས་འཚོ་གནས་ཀྱི་ཁོར་ཡུག་མདོག་བྲལ། དོན་སྙིང་མེད་པ། སྐྱོ་གནས་ཅན། རང་བཞིན་བརྟན་པོ་མེད་པ། དབེན་གནས་ཀྱི་དྲན་པ་འཛིན་པ་བཅས་ཀྱི་སེམས་ཁམས་འཛིན་པ་ནི་ཧ་ཅང་ཉེན་འཚུབ་ཅན་ཞིག་རེད།
བུ་མོ་ཁོང་ནི་ནམ་རྒྱུན་རྩོམ་ཡིག་བྲིས་ཏེ་སློབ་སྦྱོང་སོགས་གང་ཅིར་ཡག་པོ་འདུག་བསམ་པ་ཞིག་ཡོད་ཀྱང་། གཞི་རྩའི་སེམས་ཁམས་ལ་བཙུན་མ་ཞིག་གིས་དྲན་དགོས་པ་འདི་ལྟ་བུ་དྲན་ནས་བསྡད་པ་ཡིས་གང་མཚོན་ནམ། དེ་ནི་བཙན་བྱོལ་སློབ་གསོའི་ཁ་ཕྱོགས་ཀྱི་ཐད་ནས་ནོར་འཁྲུལ་ཞིག་ཤོར་ཡོང་གིན་པ་གསལ་པོ་མ་རེད་དམ།