(བཅར་འདྲི་ཞུ་མཁན་ནི་ལོན་ཌོན་གྱི་ཨོག་ཁུ་སི་སློབ་གྲྭ་ཆེན་མོར་བོད་ཀྱི་དེང་རབས་རྩོམ་རིག་སྐོར་ལ་འབུམ་རམས་པ་འདོན་བཞིན་པའི་བླ་མ་སྐྱབས)
༡.ཁྱེད་ཀྱི་མིང་ལ་ཅི་ཟེར། མི་རབས་གསུམ་པར་དུས་ནམ་ཞུགས་པ་དང་ཅིའི་ཕྱིར་ཞུགས་པ་ཡིན་ནམ། ༼ཕྱིར་བུད་ཡོད་ན་ག་དུས་ཅིའི་ཕྱིར་བུད་པ་ཡིན།༽
ལན། ངའི་མིང་ལ་སྐྱབས་ཆེན་བདེ་གྲོལ་ཟེར་གྱི་ཡོད། ༢༠༠༦ལོར་ངེད་ཅག་གིས་མི་རབས་གསུམ་པའི་མིང་ཐོག་ནས་སྙན་ངག་གི་འདུ་ཚོགས་ཤིག་བསྡུས་པ་དང་དེ་ནས་བཟུང་མི་རབས་གསུམ་པར་ཞུགས་པ་ཡིན་ཞེས་བཤད་ཆོག དེ་ལྟར་བྱེད་དོན་ནི་སྐབས་དེའི་འདུ་ཚོགས་སུ་གསལ་བ་ལྟར་དེ་སྔའི་སྙན་ངག་རྩོམ་ཐབས་མི་འདྲ་བ་གསུམ་སྟེ་མེ་ལོང་མའི་ལུགས་དང༌། དོན་གྲུབ་རྒྱལ་རང་གྲོལ་གྱི་ལུགས། འཇུ་སྐལ་བཟང་གི་ལུགས་བཅས་དང་གྱེས་ཕྱག་འཚལ་བ་དང་མི་རབས་གསུམ་པའི་བརྩམས་ཆོས་དེ་ཡིག་ཐོག་ཁོ་ན་ཙམ་མིན་པར་སྒྲོག་ཀློག་དང་བགྲོ་གླེང་གི་རྣམ་པས་མངོན་དུ་འཇུག་པ། སྙན་ངག་པ་གྲོགས་པོ་དག་མཉམ་དུ་འདུས་ཏེ་སྙན་ངག་དང་འབྲེལ་བའི་ཇ་སྟོན་དང་ཆང་སྟོན་སོགས་ལ་རོལ་ཕྱིར་ཡིན་སྙམ། ༢༠༡༡ལོར་ང་རང་ཚོགས་པ་དེ་ལས་ཕྱིར་བུད་པ་ཡིན། འོན་ཀྱང་འདིར་གསལ་བཤད་བྱེད་དོན་ཞིག་ནི་ངེད་ཅག་གིས་མི་རབས་གསུམ་པ་ཟེར་བའི་མིང་དེ་དང་པོར་འདོགས་དུས་དེ་ཉིད་ནང་དུ་ཞུགས་ཆོག་པ་དང་ཡང་ན་ནང་ནས་འབུད་ཆོག་སའི་སྤྱིར་བཏང་གི་ཚོགས་པ་ལྟ་བུ་ཞིག་མིན་པར། སྐབས་དེར་ལོ་ཚོད་ངེད་ཅག་དང་མཉམ་པའི་བོད་ཀྱི་སྙན་ངག་པ་ཡོངས་ཀྱི་སྤྱི་མིང་ལྟ་བུར་ངོས་འཛིན་གྱི་ཡོད། དཔེར་ན་ངེད་ཅག་གི་ཐེངས་དང་པོའི་འདུ་ཚོགས་སུ་ན་ཚོད་ངེད་ཅག་དང་མཉམ་པའི་མི་སུ་ཡིན་ཡང་དེར་ཞུགས་ཆོག་པའི་སྒོ་མོ་ཕྱེ་ཡོད་པར་མ་ཟད་མི་དེ་དག་གི་མིང་ནས་བགྲང་སྟེ་འདུ་ཚོགས་སུ་ཞུགས་མ་ཐུབ་པར་ཕངས་སེམས་བསྟན་ཡོད། ཡིན་ནའང་མི་འགའ་ཞིག་གིས་ཁོང་ཚོ་འཐད་མིན་ལ་མ་བལྟས་པར་མི་རབས་གསུམ་པ་རུ་བཙན་གྱིས་བཅུག་སོང་ཟེར་ནས་མི་འཐད་པའི་ཚིག་ཀྱང་སྨྲས་ཡོད་ཅིང་དེ་ནི་ཁོང་ཚོས་ངེད་ཅག་གི་སྐབས་དེའི་བསམ་འདུན་ལ་རྒྱུས་ལོན་མ་བྱས་པས་རེད། དཔེར་ན། འདུ་ཚོགས་དེ་བསྡུས་ནས་རིང་པོ་མ་ལོན་པར་འབའ་སེང་སྨྱོན་ལགས་རྐྱེན་ངན་གྱི་རྐྱེན་པས་སྐུ་གཤེགས་ཤིང་ངེད་ཚོས་ཁོང་ལ་མི་རབས་གསུམ་པའི་ཚོགས་མིར་བརྩིས་ཏེ་རྗེས་དྲན་གྱི་ལས་སྣ་ཚོགས་བསྒྲུབས་ཡོད། འོན་ཀྱང་༢༠༠༧ལོའི་ཟླ་དྲུག་པར་ཁྲི་སེམས་དཔས་མི་སྒེར་གྱི་ངོས་ནས་མི་རབས་གསུམ་པ་ལས་བུད་པ་ཡིན་ཞེས་གསལ་བསྒྲགས་ཤིག་སྤེལ་བ་དང་རྗེས་སུ་ད་དུང་མི་རེ་གཉིས་ཀྱིས་ང་རང་མི་རབས་གསུམ་པར་ཞུགས་པ་ཡིན་དང་ཡང་ན་གློ་བུར་བའི་ངང་ནས་བུད་པ་ཡིན་སོགས་དམིགས་ཡུལ་མི་གསལ་བའི་ཚིག་སྨྲས་པས་༢༠༠༧ལོའི་ཟླ་༨པའི་ནང་ནས་བཟུང་སྟེ་ཚོགས་མི་དག་སུ་ཡིན་གཏན་འཁེལ་མི་བྱེད་ཐབས་མེད་བྱུང་། དེ་ནི་ངེད་ཅག་གི་ཐོག་མའི་དམིགས་འདུན་དང་འགལ་བ་ཞིག་ཡིན་པ་དང་ཐབས་ཟད་རྗེས་ཀྱི་ཐབས་ཤིག་ཀྱང་ཡིན།
༢༠༡༡ལོར་ང་དང་གྲོགས་པོ་འགའང་སྙན་ངག་གི་ཚོགས་པ་དེ་ལས་ཕྱིར་བུད་པ་ཡིན། འབུད་དོན་ནི་ཚོགས་པའི་མིང་ཙམ་ལས་དེ་སྔའི་བསྒྲགས་གཏམ་གྱི་སྙིང་དོན་རྩ་བ་ནས་བོར་ཟིན་པ་དང་། ཚོགས་མི་མང་ཤོས་ནི་དེ་འདྲའི་མིང་སྐམ་ཁུར་ནས་སྡོད་པ་ལས་གསར་གཏོད་ཀྱི་སྤོབས་པས་དབུལ་བས་ཡིན། ཁོ་བོ་རང་ལ་མཚོན་ན། རང་ཉིད་ཞུགས་སའི་སྙན་ངག་གི་ཚོགས་པ་དེ་ནི་ཚ་ཚ་འུར་འུར་དང་། ཚེ་སྲོག་གི་དཔལ་གྱིས་བརྟས་པ། སྙིང་སྟོབས་དང་ཤེས་རབ་ཀྱིས་ཕྱུག་པ་ཞིག་ཡིན་འོས་པ་ལས་རྒན་པོ་འགས་སྡེ་དོན་གླེང་ས་ལྟ་བུ་ཞིག་ཏུ་གྱུར་སོང་ཚེ་དེ་ལས་ཚོར་བ་གསར་བ་ཅི་ཡང་མི་རྙེད།
༢.ཁྱེད་ཀྱིས་བལྟས་ན་མི་རབས་གསུམ་པ་ཟེར་བ་དེ་ཅི་འདྲ་ཞིག་ལ་ཟེར་གྱི་ཡོད་དམ།
ལན། དེ་ནི་བདག་གིས་སྔོན་ཆད་ཐེངས་མང་པོར་བཤད་ཟིན་པ་སྟེ། དང་པོ་ང་ཚོས་གཅིག་ནས་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བ་དང་བརྒྱད་ཅུ་བའི་ནང་དུ་སྐྱེས་པའི་བོད་ཀྱི་སྙན་ངག་པ་ཚོའི་སྤྱི་མིང་དང་་གཉིས་ནས་རྩོམ་ཐབས་དང་བསམ་བློའི་ཆ་ནས་སྔོན་མའི་མི་རབས་གཉིས་ཀ་དང་མི་འདྲ་བའི་ཁྱད་ཆོས་ལྡན་པའི་སྙན་ངག་པའི་དཔུང་སྡེ་ཞིག་ལ་ཟེར་གྱི་ཡོད། འོན་ཀྱང་འདུ་ཚོགས་གཉིས་པ་ནས་བཟུང་སྟེ་ཚོགས་མི་གཏན་འཁེལ་བྱས་ཟིན་པའི་སྙན་ངག་གི་ཚོགས་པ་དེ་ལ་ངོས་འཛིན་གྱི་ཡོད།
༣.ཁྱེད་རང་གི་བསམ་པར་མི་རབས་གསུམ་པའི་སྙན་ངག་ལ་དེང་རབས་ཀྱི་མི་རབས་སྔོན་མ་རྣམས་ཀྱི་སྙན་ངག་དང་མ་འདྲ་བའི་ཁྱད་ཆོས་གང་དང་གང་འདུག མི་རབས་གསུམ་པའི་སྙན་ངག་མི་རབས་སྔོན་མ་རྣམས་ལས་ཕར་བརྒལ་བྱས་ཡོད་དམ། ཡོད་ན་ཅི་ལྟར་ཡོད་པ་དཔེ་མཚོན་དང་བཅས་གསུང་རོགས།
ལན། དེའང་འདུ་ཚོགས་ཐེངས་དང་པོའི་སྐབས་སུ་ཕྲན་གྱིས་འདི་ནི་ཡ་མ་གཟུགས་ཀྱི་འཇིག་རྟེན་ཡ་མ་གཟུགས་སུ་མཐོང་སའི་མེ་ལོང་ཆག་པོ་ཞིག་ལས་གཞན་ཅི་ཡང་མ་ཡིན་མོད་དེ་ཉིད་སློབ་དཔོན་དབྱུག་པ་ཅན་གྱི་ལག་གི་སྨྱུག་མ་ཚིགས་དྲུག་གི་དབྱུག་པ་དེ་དང་ཆོས་གླུ་ལེན་མཁན་ཚོའི་ཕྱག་གི་བསྟོད་པའི་ལྷ་དར་དཀར་བོ་དང་མི་འདྲ་ལ་དོན་གྲུབ་རྒྱལ་རང་གྲོལ་ལགས་ལྕེབས་སུ་འཇུག་བྱེད་ཀྱི་ལྕགས་ཐག་ཕྲ་མོ་དེ་དང་འཇུ་སྐལ་བཟང་ལགས་ཀྱིས་རྟག་པར་འབུད་དཀྲོལ་བྱེད་ཀྱིན་པའི་རང་སེམས་གསོ་བའི་རྒྱ་གླིང་དང་སྒྲ་སྙན་འབྲུག་མགོ་མ་དང་ཡང་མི་འདྲའོ།། ཏག་ཏག་ལྷ་ཡིན་ན་ཕྱག་ཆ་དང་བདུད་ཡིན་ན་མཚོན་ཆ་མི་འདྲ་བའི་དབང་བའི་ང་ཚོའི་མིང་ལ་མི་རབས་གསུམ་པ་ཟེར་བ་ཡིན་ཞེས་རང་གི་སེམས་ཀྱི་འདུན་པ་ཉིད་མཚོན་བྱེད་ཀྱི་སྐད་ཆ་དེ་འདྲ་ཞིག་ལབ་ཡོད། དེའང་མི་རབས་སྔོན་མ་གཉིས་ཀྱི་སྐབས་སུ་བོད་ཀྱི་སྙན་ངག་དེ་གསར་བརྗེའི་ཁ་གཡང་ལྟ་བུའི་འབོད་ཚིག་སྒྲོག་པ་དང་། ཚོར་བ་ཤུགས་དྲག་པོའི་ངང་ནས་རང་གི་བརྩེ་བ་མཚོན་པ། ཕྱི་རོལ་ཡུལ་ཀྱི་རྣམ་པ་གང་ཞིག་སྙན་ངག་པའི་མཐོང་སྣང་ལྟར་ཞིབ་འབྲི་བྱེད་པ་སོགས་སུ་འདུ་ཞིང་བརྗོད་བྱའང་སྤྱི་བམ་པ་དང་། རགས་པ་ཉིད་དུ་གྱུར་ཡོད། མི་རབས་གསུམ་པ་བས་སྨྱུག་ཁ་སྐྱེས་བུ་རང་ཉིད་ལ་བསྐོར་ཏེ་མི་རང་ཉིད་དང་སྤྱི་བའི་བར་གྱི་འགལ་བའི་ཆ་དེ་བཙལ་ནས་མི་རང་གི་རང་གི་རིན་ཐང་གམ་གོ་གནས་བསྐྱར་དུ་བཙལ་ཅིང་སྤྱི་བའི་སྣང་ངོ་ན་རྒྱུ་མཚན་མེད་པ་དག་ལ་གསར་དུ་རྒྱུ་མཚན་བཙལ་བ་རེད། དེ་ལྟ་བུའི་བསམ་བློས་སྣ་དྲངས་ཏེ་སྔོན་ཆད་ཀྱི་མེ་ཏོག་དང་། སྤྲིན་དཀར། སྤང་ལྗོངས། འབྲོང་གཡག་སོགས་ཀྱིས་གྲུབ་པའི་བོད་ཀྱི་སྙན་ངག་དེ་སྡོད་ཁང་དང་། སྨད་ཚོང་མ། རྐང་སྣམ་ཁ་ཐིག རོ་སྒམ་སོགས་ཀྱིས་གྲུབ་པའི་སྙན་ངག་གསར་བ་ཞིག་ཏུ་བཅོས་འདུག གསལ་པོར་བཤད་ན་མི་རབས་གསུམ་པ་ཚོས་མེ་ལོང་མའི་ལུགས་དང་། དོན་གྲུབ་རྒྱལ་གྱི་ལུགས། འཇུ་སྐལ་བཟང་གི་ལུགས་བཅས་སྙན་ངག་གི་ལམ་ཀ་དེ་གསུམ་པོ་སྲོལ་རྒྱུན་སྙན་ངག་ཏུ་ངོས་འཛིན་ཞིང་ཁོ་ཚོ་རང་གིས་འབྲི་བཞིན་པ་དེ་ད་གཟོད་སྙན་ངག་གསར་བར་རྩི་བཞིན་ཡོད།
༤.མི་རབས་གསུམ་པས་བོད་ཀྱི་སྙན་ངག་ལ་རྩོམ་ཐབས་དང་རྩོམ་སྟངས། བརྗོད་བྱ་གསར་བའི་རིགས་ངོ་སྤྲོད་ཅི་དང་ཅི་བྱས་ཡོད་དམ།
ལན། དེའང་མི་རབས་གསུམ་པའི་སྙན་ངག་པ་དག་གི་རྩོམ་ཐབས་ཀྱང་རྦད་དེ་འདྲ་བ་མ་ཡིན་པར་རིགས་སྣ་ཚོགས་སུ་ངེས་ཤིང་། སྙན་ངག་པ་མི་གཅིག་གི་རྩོམ་སྟངས་ཀྱང་རྣམ་པ་སྣ་ཚོགས་སུ་ངེས་པས་དེ་དག་རེ་རེ་བཞིན་ངོ་སྤྲོད་པ་ནི་ཚེགས་ཆེ་བའི་ལས་ཀ་ཞིག་རེད། ལས་ཀ་དེ་ནི་བོད་ཀྱི་རྩོམ་རིག་ལ་ཞིབ་འཇུག་བྱེད་མཁན་ཚོའི་ལས་ཀ་ཞིག་ཀྱང་རེད་སྙམ། དཔེར་ན་རེ་རྐང་གླིང་དང་མདའ་བཙན་པོ་གཉིས་ཀྱི་རྩོམ་ཐབས་གཏན་ནས་མི་འདྲ་བ་དང་། ལྡོང་བུ་དང་མཚོ་བུ་དགའ་བདེ་གཉིས་ཀྱི་རྩོམ་ཐབས་ཀྱང་གཏན་ནས་འདྲ་བ་མ་རེད། འོན་ཀྱང་སྤྱིའི་ཆ་ནས་བརྟག་ན་དོན་གྲུབ་རྒྱལ་དང་འཇུ་སྐལ་བཟང་སོགས་ཀྱི་རྩོམ་ཐབས་དང་གཏན་ནས་མི་འདྲ་བའི་ལམ་ཀ་ཞིག་བདམས་པ་ནི་མི་རབས་གསུམ་པ་བ་ཚོའི་ཁྱད་ཆོས་གཙོ་བོ་རེད་སྙམ། དཔེར་ན་མདའ་བཙན་པོའི་སྙན་ངག་ནི་ཁ་རི་ཁ་ཐུག་གི་ཚོར་བ་ཤུགས་ཆེ་ཞིང་དམོད་ཚིག་གིས་ཀུན་ནས་ཁྱབ་པ་དང་། མཚོ་བུ་དགའ་བདེའི་སྙན་ངག་ནི་ལོ་རྒྱུས་ཀྱི་བརྡབ་གསིག་ཁྲོད་ནས་རང་གི་རིན་ཐང་བསྐྱར་དུ་འཚོལ་བའི་འདུན་པས་ཟིན་པ། རེ་རྐང་གླིང་གི་སྙན་ངག་ནི་སྲོལ་རྒྱུན་གྱི་ཀུན་སྤྱོད་ལ་འགྲན་སློང་བའི་སྙིང་སྟོབས་ཀྱིས་ཁེངས་པ། ལྡོང་བུའི་སྙན་ངག་ནི་གསང་བའི་འཇིག་རྟེན་ལ་དཔྱོད་པའི་ཤེས་རབ་ཀྱིས་བརྒྱན་པ། ཚེ་རིང་སྐྱིད་ཀྱི་སྙན་ངག་ནི་བུད་མེད་ཀྱི་བརྩེ་བ་དང་གདུང་བ་ཉིད་མཚོན་པའི་ཞི་དུལ་གྱིས་མཛེས་པ། རྨོག་ཤེར་གྱི་སྙན་ངག་ནི་ཐ་སྙད་དང་ཚིག་གི་བསླུ་བྲིད་ཀྱིས་དྲངས་པ་སོགས་ཁྱད་ཆོས་རྣམ་པ་སྣ་ཚོགས་འདུག
༥.མི་རབས་གསུམ་པས་ད་དུང་ཡང་མང་ཆེ་བར་རང་མོས་སྙན་ངག་གི་ལུས་བེད་སྤྱོད་བྱེད་ཀྱིན་འདུག ཁོང་ཚོ་རང་གྲོལ་ལས་ཕར་བརྒལ་བྱས་ཡོད་དམ། རང་གྲོལ་དང་ལྗང་བུ་སོགས་ཀྱིས་རང་མོས་སྙན་ངག་འབྲི་སྟངས་ལ་ཡར་རྒྱས་གང་འདྲ་བཏང་ཡོད་དམ།
ལན། སྤྱིར་བདག་ནི་རྩོམ་རིག་གི་ངོས་ནས་ཕར་བརྒལ་དང་འཕེལ་རྒྱས་ལ་སོགས་པའི་ཐ་སྙད་བེད་སྤྱོད་པར་དགའ་བོ་མེད། སྔོན་ཆད་ཀྱི་འབྲི་ཐབས་དང་མི་འདྲ་བ་ཞིག་ཡོད་པར་གྱུར་ཚེ་སྔོན་མའི་འབྲི་ཐབས་དེ་ཕུན་སུམ་ཚོགས་པར་བཏང་བ་རེད། དེའི་ཕྱིར་འབྲི་ཐབས་གསར་བའི་རིགས་ཀྱི་རིན་ཐང་ཡང་སྔོན་མ་ཉིད་ཕུན་སུམ་ཚོགས་པར་བཏང་བའི་ངོས་ནས་འཇོག་དགོས་པ་ལས་སྔོན་མ་ཉིད་མེད་པར་གཏོང་དགོས་པ་ལྟ་བུ་གཞིར་བཟུང་ན་མ་ལེགས་པར་སྙམ། བདག་གིས་བསམ་ན། རང་གྲོལ་དང་ལྗང་བུ་གཉིས་ནི་བསམ་བློ་གཏོང་སྟངས་དང་། འཚོ་བ་རོལ་ཚུལ། སྙན་ངག་འབྲི་སྟངས། ཐོས་བསམ་བྱེད་སྟངས་སོགས་གང་གི་ཆ་ནས་ཀྱང་གཏན་ནས་མི་འདྲ་བའི་མི་གཉིས་ཡིན་པར་མ་ཟད། ལྗང་བུ་ལགས་ནི་དུས་སྐབས་དེའི་སྙན་ངག་པ་བྱིངས་དང་མི་འདྲ་བའི་སྙན་ངག་པ་ཞིག་ཀྱང་རེད། དེ་བས་དཔྱད་རྩོམ་རིང་མོ་ཞིག་གིས་མ་གཏོགས་སྐད་ཆ་ཐུང་ཐུང་ཞིག་གིས་དྲི་བ་འདིར་ལན་གདབ་དཀའ་བར་སྣང་།
༦.ལྗང་བུའི་གཟི་མིག་དགུ་བའི་སྙན་ངག་དང་མི་རབས་གསུམ་པའི་སྙན་ངག་གཉིས་ལ་འདྲ་ས་མང་པོ་ཞིག་འདུག་བསམ། ཕལ་བའི་ཐ་སྙད་བེད་སྤྱོད་གཏོང་སྟངས། ལྐོག་གྱུར་གྱི་བརྗོད་བྱ། རྟོག་གེའི་བསམ་བློ། གཟུགས་བརྙན་བཞེངས་སྟངས་དང་དཔེ་མཚོན་འཇོག་སྟངས་སོགས་ཀྱི་ཐད་འདྲ་ས་འདུག་སྙམ། ལྗང་བུའི་སྙན་ངག་གིས་ཁྱེད་ལ་བག་ཆགས་བཞག་ཡོད་དམ། ཡོད་ན་ཅི་ལྟར་བཞག་ཡོད་པ་དཔེ་མཚོན་དང་བཅས་གསུང་རོགས།
ལན། བདག་གིས་བསམ་ན་ལྗང་བུ་དང་འཇུ་སྐལ་བཟང་གཉིས་ནི་བོད་ཀྱི་སྙན་ངག་པ་ཡག་ཤོས་གཉིས་ཀ་རེད་སྙམ། སྤྱིར་རང་གྲོལ་གྱི་རྗེས་ནས་བོད་ལ་རང་མོས་སྙན་ངག་གམ་དེང་རབས་སྙན་ངག་འབྲི་མཁན་མང་པོ་བྱུང་ཡོད་ནའང་མང་ཤོས་ཀྱིས་དཔེ་འགོད་སྟངས་དང་། གཟུགས་བཞེངས་སྟངས། ཚོར་བ་འབྲི་སྟངས་སོགས་མཐའ་དག་སྲོལ་རྒྱུན་གྱི་འབྲི་ཐབས་ལས་འདའ་མེད་ལ། སྤྱི་བའི་མཛེས་དཔྱོད་ཀྱི་ལྟ་བ་ལས་ཀྱང་འབུད་ཐུབ་མེད། བདག་གིས་ལོ་ན་ཕྲ་བའི་དུས་སུ་ལྗང་བུ་མ་ཟད་བོད་ཀྱི་ཅུང་གྲགས་ཆེ་བའི་སྙན་ངག་པ་མཐའ་དག་ལ་ལད་མོ་བྱས་མྱོང་བས་ཁོ་ཚོའི་བག་ཆགས་མེད་པ་ག་ལ་སྲིད། དེ་ལས་ལྗང་བུའི་བག་ཆགས་ནི་བབ་ཆགས་པའི་ཐ་སྙད་བཀོལ་སྟངས་དང་ལྷོད་ཆགས་པའི་ཚིག་བསྡེབ་རྒྱུ་སོགས་ཡིན་པར་སྙམ། དཔེར་ན་ལྗང་བུའི་སྙན་དེབ༼གཟི་མིག་དགུ་བ༽པར་སྐྲུན་མ་བྱས་པའི་སྔོན་དུ་མདོ་སྨད་ཕྱོགས་ཀྱི་སྙན་ངག་པའི་ཁྲོད་དུ་དབུས་སྐད་ཀྱི༼ག་རེ་འདུག༽སོགས་བེད་སྤྱོད་མཁན་ཉུང་ནའང་དེའི་རྗེས་སུ་དབུས་སྐད་ཀྱི་ཉམས་ལྷོད་པོ་དེ་དག་ལ་རེ་ཞིག་ཨ་གསར་བྱས་པ་རེད།
༧.ཉིད་ཀྱིས་བསམ་པར་ལྗང་བུའི་སྙན་ངག་ཡག་ཤོས་གང་རེད།
ལན། ང་རང་ཆེས་དགའ་སའི་ལྗང་བུའི་སྙན་ངག་ནི༼ལྗང་བུའི་སྙན་ངག་དེབ༽ནང་གི་ཆེས་གོ་དཀའ་བའི་རིགས་དེ་དག་དང་། ༼གཟི་མིག་དགུ་བ༽འི་ཁྲོད་ཀྱི༼དྲི་བ༽དང་། ༼ནོར་བུ༽སོགས་ཡིན་པར་སྙམ། གོ་དཀའ་བ་དེ་དག་ནི་གབ་ལན་རྙེད་དཀའ་བའི་གབ་ཚིག་ཅིག་དང་བསླུ་བྲིད་བྱེད་མཁས་པའི་མཛེས་མ་ཞིག་དང་འདྲ་བར་ཁྱོད་ཀྱི་རྟོག་པའི་དབྱིངས་ནས་མི་ནུབ་པར་ཡོད་ཅིང་། ༼གཟི་མིག་དགུ་བ༽བའི་ནང་གི་སྙན་ངག་དེ་དག་ནི་རེག་ན་མེད་པར་འགྱུར་ཅིང་མ་བཅར་ན་གསལ་བོར་མི་མཐོང་བའི་མེ་ཏོག་རེ་དང་འདྲ་བར་ཤིན་ཏུ་མཛེས་པའི་གཟུགས་སུ་བཞེངས་ཡོད་པ་རེད།
༨.ཁྱེད་ཀྱིས་མི་རབས་གསུམ་པའི་ཚབ་མཚོན་སྙན་ངག་གང་དག་རེད་བསམ། སྙན་ངག་གང་དང་སྙན་ངག་པ་སུ་ཡག་ཤོས་རེད་བསམ།
ལན། མི་རབས་གསུམ་པའི་ཚབ་མཚོན་སྙན་ངག་ནི་མདའ་བཙན་པོའི༼སློབ་ཁྲིད་སྟེགས་བུའི་ཁྲོད་ནས་རྩིས་རིག་ལ་སྡིགས་དམོད་བྱས་པ༽དང་། རེ་རྐང་གླིང་གི༼སྨད་འཚོང་མ་སངས་རྒྱས་སྒྲོལ་མར་ཕུལ་བ༽གུས་པོའི༼ཚོར་བ་རབ་རིབ༽སོགས་ཡིན་པར་སྙམ། མི་རབས་གསུམ་པའི་ཚགས་དེབ་སོགས་སུ་བཀོད་པའི་སྙན་ངག་དེ་དག་ནི་ཡག་ཤོས་རེད་སྙམ་ལ། སྙན་ངག་པ་ནི་མི་རབས་གསུམ་པའི་ཚབ་མཚོན་སྙན་ངག་པའི་བྱ་དགའ་ཐོབ་སའི་སྙན་ངག་པ་དེ་དག་ཡག་ཤོས་རེད་སྙམ།
༩.ཁྱེད་ཀྱིས་རང་ཉིད་ཀྱི་སྙན་ངག་ཡག་ཤོས་དེ་གང་རེད་འདོད། ཁྱེད་ཀྱི་སྙན་ངག་གང་གིས་མི་རབས་གསུམ་པ་མཚོན་ཐུབ་ཀྱི་འདུག
ལན། ཞིབ་ཏུ་བསམ་ན། བདག་གི་སྙན་ངག་རྣམས་ནི་དྲང་ཐིག་གཅིག་གི་སྟེང་དུ་བབས་པའི་འབུ་སྲིན་ཁྱུ་གཅིག་དང་འདྲ་བར་ལོགས་སུ་དགར་ཆོག་པ་ཞིག་དང་དམིགས་བསལ་བ་གང་ཡང་མེད་པར་སྙམ། དེ་བས་འདི་ནི་སྙན་ངག་ཡག་ཤོས་རེད་ཅེས་བསལ་རྒྱུ་དེ་ཤིན་ཏུ་དཀའ་བ་རེད། དེ་བསལ་རྒྱུ་ནི་ང་ལ་མཚོན་ན་མུན་དོང་ཞིག་ཏུ་ལྕེབས་རྒྱུ་ལས་དཀའ་བར་སྣང་། ངའི་སྙན་ངག་ལས༼མི་རབས་གསུམ་པ༽དང་། ༼ཚོར་བ་རབ་རིབ༽སོགས་ཀྱིས་མི་རབས་གསུམ་པ་མཚོན་གྱི་ཨེ་འདུག་གམ། དེའང་གསལ་པོ་ཞིག་ཤེས་མ་བྱུང་།
༡༠.མི་རབས་གསུམ་པས་དེང་རབས་བོད་ཀྱི་རྩོམ་རིག་ལ་གྲུབ་འབྲས་ཅི་ཞིག་བླངས་ཡོད་སྙམ།
ལན། མི་རབས་གསུམ་པ་བོད་ཀྱི་རྩོམ་སྟེགས་སུ་བུད་མ་ཐག་མི་མང་པོ་ཞིག་གིས་ཡིན་མིན་གྱི་གཏམ་མང་པོ་ཞིག་ལབ་ཅིང་། ལྷག་པར་དུ་མི་རབས་གསུམ་པའི་ཁྱད་ཆོས་ནི་གཅེར་བུར་བུད་པ་ལྟ་བུར་ངོས་བཟུང་སྟེ་དེའི་གྲས་སུ་ཡོད་པ་ནི་ངོ་ཚ་དགོས་པའི་དོན་ཞིག་ཏུ་བརྩིས་ལ་དེའི་གྲས་སུ་ཞུགས་ཚེ་༼མི་ཁ༽འང་འཁོར་མྱོང་། དེ་འདྲའི་གླེང་གཞི་ནི་ཀློག་མཁན་རྣམས་མ་ཟད་ཟི་ལིང་སོགས་སུ་ཡོད་པའི་བོད་ཀྱི༼ཤེས་ཡོན་པ༽དག་གིས་བཟོས་པ་རེད། ཡིན་ནའང་ལྡོག་ཕྱོགས་ཀྱི་གླེང་གཞི་དེའི་ཞོར་དུ་མི་རབས་གསུམ་པས་བོད་ཀྱི་རྩོམ་སྟེགས་སུ་རིགས་དང་རྣམ་པ་མི་འདྲ་བའི་སྙན་ངག་འབོར་ཆེན་ཞིག་བསྐྱལ་ཡོང་ལ་རྗོད་སྟངས་དང་མཚོན་ཐབས་མི་འདྲ་བའི་སྙན་ངག་གི་འཇིག་རྟེན་ཞིག་ཀྱང་བཞེངས་ཡོད་པར་སྙམ། གསལ་པོར་བཤད་ན་འདུ་འཛོམས་ཀྱི་དུས་སུ་ཨ་རག་གིས་བད་དེ་འུར་རྒྱག་པ་ནི་མི་རབས་གསུམ་པ་ཚོར་མཚོན་ན་སྒེར་ངོས་ཀྱི་དོན་ཞིག་ཡིན་ལ་དེ་ནི་མགྲོན་ཁང་དང་ཟ་ཁང་གི་ནང་ལས་འདས་མེད། དེ་འདྲའི་དོན་ནི་མི་མང་པོ་འདུ་འཛོམས་བྱ་ས་གང་དུའང་མཐོང་རྒྱུ་ཡོད་པས་ཧ་ལས་དགོས་པ་ཞིག་མིན། ཧ་ལས་དགོས་པ་ནི་མི་རབས་གསུམ་པའི་མཛེས་པར་དཔྱོད་པའི་བློ་གསར་བ་དེ་ཡིན་ཞིང་དེ་ནི་བོད་ཀྱི་རྩོམ་རིག་གི་སྐྱེད་ཚལ་ལ་མཚོན་ན་སྔོན་ཆད་ཀྱི་པད་མ་དེ་མིན་པའི་ཁ་དོག་སྣ་ཚོགས་སུ་ངེས་པའི་རྒྱ་སེ་ཆུན་པོ་དེ་རེད།
༡༡.མི་རབས་གསུམ་པའི་སྙན་ངག་པ་མང་པོ་ཞིག་ལ་ཕལ་ཆེར་བློ་སྐྱེད་ནུབ་ཕྱོགས་ཀྱི་དེང་རབས་རིང་ལུགས་ཀྱི་སྙན་ངག་ལས་ཐེབས་ཀྱི་ཡོད་པ་འདྲ། ནུབ་ཕྱོགས་ཀྱི་སྙན་ངག་པ་སུས་ཁྱེད་ལ་ཤུགས་རྐྱེན་ཐེབས་ཡོད། རྩོམ་སྟངས་དང་མཚོན་ཐབས་གང་བློ་ལ་འབབ་ཤོས་རེད། བོད་ཀྱི་དེང་རབས་རྩོམ་རིག་ཏུ་རྩོམ་ཐབས་དང་བསམ་བློའི་རིགས་ནང་འདྲེན་ཅི་ཞིག་བྱས་ཡོད།
ལན། བདག་ལ་མཚོན་ན་ནུབ་ཀྱི་སྙན་ངག་པ་ཧྥ་རན་སེའི་བྷོ་དྷི་ལེར་(Charles Pierre Baudelaire)དང་ཨོ་སི་ཐྲི་ཡའི་ལེར་ཁེ(Rainer Maria Rilke) ཨ་རྗེན་ཐེན་གྱི་བྷོར་ཧེ་ཞི(Jorge Luis Borges)ལ་དགའ་གུས་ཚད་མེད་ཡོད། རྩོམ་སྟངས་ཀྱི་ཆ་ནས་བསྡུས་བརྗོད་རིང་ལུགས་པའམ་མཚོན་དོན་རིང་ལུགས་པ་དང་། དངོས་ཡོད་ལས་བརྒལ་བའི་རིང་ལུགས་པ། ཡིད་བརྙན་པ་སོགས་ལ་དགའ་བོ་ཡོད། ནང་འདྲེན་བྱས་ཡོད་མེད་ཀྱི་ཐད་ནས་བཤད་ཁག་པོ་ཡིན་པ་འདྲ།
༡༢.དེང་རབས་རིང་ལུགས་ཟེར་བ་དེ་ཁྱེད་ཀྱིས་ཅི་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཁྱེད་ཀྱིས་བལྟས་ན་དེང་རབས་རིང་ལུགས་པའི་རྩོམ་ཐབས་ལེགས་ཤོས་རིགས་གང་དག་རེད་འདོད། ཁོང་ཚོའི་བསམ་བློའམ་ལྟ་གྲུབ་གཙོ་བོ་ཅི་རེད་བསམ།
ལན། རྩོམ་རིག་ལོ་རྒྱུས་ཀྱི་ངོས་ནས་བདག་གིས་དེང་རབས་རིང་ལུགས་ཟེར་བ་དེ་མཐའ་དཔྱོད་དངོས་ཡོད་རིང་ལུགས་སོགས་ཀྱི་རྗེས་དང་བཟོ་ལས་གསར་བརྗེའི་རྗེས་ནས་བྱུང་བའི་ནུབ་ཀྱི་རྩོམ་ཐབས་གསར་བ་ཁག་ལ་གོ་བཞིན་ཡོད་ལ་བོད་ཀྱི་རྩོམ་རིག་ལ་མཚོན་ན་དེང་རབས་རིང་ལུགས་ཞེས་པའི་ཐ་སྙད་དེ་བེད་ཇི་ལྟར་སྤྱད་དགོས་པ་གསལ་བོ་ཤེས་ཀྱི་མེད། དེའང་དེང་རབས་ཞེས་པའི་ལྡོག་ཕྱོགས་ཀྱི་ཁ་གཏོད་ཡུལ་ནི་རང་བྱུང་ཡིན་ལ་མི་རྣམས་རང་བྱུང་གི་འཚོ་བ་དང་གྱེས་ཏེ་གྲོང་ཁྱེར་ཆེན་པོའི་འཕྲུལ་འཁོར་གྱི་ལྷུ་ལག་ལྟ་བུར་གྱུར་བའི་རྗེས་སུ་ད་གཟོད་དེང་རབས་ཞེས་པའི་ཐ་སྙད་དེ་བྱུང་བ་རེད་སྙམ། བདག་གིས་དེང་རབས་རིང་ལུགས་ཀྱི་རྩོམ་ཐབས་གང་ཡིན་ཡང་དགའ་བོ་བྱེད་ཀྱི་ཡོད། ཁོང་ཚོའི་བསམ་བློའམ་ལྟ་གྲུབ་ལའང་རྩོམ་བྱུང་ལོ་རྒྱུས་དང་རྩོམ་རིག་གི་གཞུང་ལུགས་ཁག་ཏུ་གསལ་བ་ལྟར་གོ་བ་ལེན་གྱི་ཡོད།
༡༣.ནུབ་ཕྱོགས་དེང་རབས་རིང་ལུགས་ནི་སྒྱུ་རྩལ་གྱི་ལས་འགུལ་ཆེན་མོ་ཞིག་ཡིན་དུས། ཁྱེད་ལ་དེང་རབས་སྙན་ངག་མ་གཏོགས། སྒྱུ་རྩལ་གྱི་རིགས་གཞན་དང་། ལོ་རྒྱུས། ཆབ་སྲིད། རྟོག་གེ་རིག་པ་སོགས་ལ་བཟུང་བའི་དེང་རབས་རིང་ལུགས་ཀྱི་ལངས་ཕྱོགས་རིགས་ལ་རྒྱུས་ལོན་ཡོད་དམ། ཡོད་ན་གང་དག་ལ་རྒྱུས་མངའ་ཡོད་པ་གསུང་རོགས།
ལན། སྤྱིར་བདག་ནི་སྙན་ངག་མ་གཏོགས་པའི་སྒྱུ་རྩལ་གྱི་རྣམ་པ་གཞན་དག་སྟེ་རོལ་མོ་དང་། རི་མོ། གློག་བརྙན་སོགས་ལ་ཤིན་ཏུ་དགའ་མོས་བྱེད་མཁན་ཞིག་ཡིན་པར་མ་ཟད་མཚན་ཉིད་རིག་པའི་ཕྱོགས་ལའང་སྤྲོ་བ་ཆེས་ཆེར་ཡོད་པ་ཞིག་ཡིན། དཔེར་ན། རི་མོ་བ་van Goghདང་། Salvador Dali དེ་མིན་Picassoསོགས་ཀྱི་སྒྱུ་རྩལ་གྱི་འཚོ་བ་ཇི་ལྟར་རོལ་བའི་སྐོར་ནི་བདག་ལ་མཚོན་ན་འགུག་ཤུགས་ཤིན་ཏུ་ཆེ་བ་ཞིག་རེད། ཧྥ་རན་སེའི་ཁུངས་འཆལ་བའི་ལུགས་ཀྱི་ཟློས་གར་བ་Eugene Ionescoལ་བཅར་འདྲི་བྱས་པའི་དེབ་ཅིག་ཡོད་པ་དེ་བདག་གིས་ཡང་དང་བསྐྱར་དུ་བཀླགས་པ་དང་། ཁོང་གི་ཟློས་གར་གྱི་འཁྲབ་གཞུང་དང་མི་ཚེའི་ལྟ་བ་ལ་གོ་བ་ཡག་པོ་ཞིག་ལོན་རྗེས་Albert Camusཡི་མཚན་ཉིད་རིག་པའི་གཞུང་དང་། བརྩམས་སྒྲུང་སོགས་ལ་ཞེ་དྲགས་དགའ་བོ་བྱུང་ཞིང་། མི་ཚེ་འདི་ཁུངས་མེད་ལུང་མེད་ཡིན་པའི་ལྟ་བ་དེ་རྒྱུད་ལ་བརྟན་པོར་ཆགས་པར་གྱུར། དེ་ནི་ཆུང་ངུའི་དུས་ནས་ནང་བསྟན་གྱི་བག་ཆགས་ཟབ་མོ་ཡོད་པ་དེ་ལ་འགྲེལ་བ་གསར་བ་ཞིག་བྱུང་བ་དང་འདྲ། བརྡ་འཕྲིན་གྱི་ཡོ་བྱད་ཤུགས་ཆེན་པོར་དར་བའི་དེང་གི་དུས་འདིར། བདག་གིས་བོད་ཀྱི་གྲོང་རྡལ་ཆུང་བ་ཞིག་ནས་གློག་བརྙན་དང་རོལ་དབྱངས་ཀྱིས་གཙོས་པའི་འཛམ་གླིང་གི་སྒྱུ་རྩལ་བརྩམས་ཆོས་སྣ་ཚོགས་པ་ཉམས་སུ་མྱོང་ཐུབ་ཀྱི་ཡོད་ལ། དེ་བཞིན་གོ་ལའི་སྟེང་བྱུང་བའི་གསར་བྱུང་གི་གནས་ཚུལ་མཐའ་དག་ཀྱང་ཅི་འདོད་དུ་ཐོས་ཐུབ་ཀྱི་ཡོད། དུས་རབས་ཉེར་གཅིག་པའི་རྗེས་ནས་བཟུང་སྒྱུ་རྩལ་གྱི་བརྩམས་ཆོས་ཅི་རིགས་ནི་སྔོན་ཆད་ལྟར་དེང་རབས་རིང་ལུགས་པའི་དངོས་འབྲས་མ་ཡིན་མོད་འོན་ཀྱང་ཡོ་རོབ་ཀྱི་གློག་བརྙན་མང་པོ་ནས་དེང་རབས་རིང་ལུགས་པའི་ལྟ་གྲུབ་ཀྱི་ཤུལ་རྗེས་ཙམ་མཐོང་ཡོང་གི་འདུག
༡༤.དེང་རབས་རིང་ལུགས་ཟེར་བ་འདི་ལོ་རྒྱུས། ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་འཕེལ་འགྲོས་གློ་བུར་བ་མང་པོ་ཞིག་ལ་བལྟོས་ནས་ཡོང་བ་དེའི་སྐོར་ལ་ཁྱེད་ཀྱིས་ལྟ་ཀློག་སོགས་བྱས་ཡོད་དམ། ཡོད་ན་རྒྱུས་ལོན་བྱས་པ་དེས་ཉིད་ཀྱི་སྙན་ངག་ལ་བག་ཆགས་ཐེབས་ཡོད་དམ།
ལན། དེའི་སྐོར་རྩོམ་རིག་ལོ་རྒྱུས་སོགས་ལས་ཐེངས་མང་པོར་བཀླགས་པ་ཡིན། དེས་མཐའ་གཅིག་ཏུ་བདག་ལ་ཤུགས་རྐྱེན་ཐེབས་ཡོད་ཅེས་བཤད་དཀའ། ཡིན་ནའང་ཨ་རིའི་Beat Generationཞེས་པའི་སྙན་ངག་གི་ཚོགས་པ་དེས་འཆལ་བོའི་སྤྱོད་པ་སྣ་ཚོགས་དང་བཅས་མི་མང་གི་དབུས་ནས་སྙན་ངག་ཀློག་པའི་ཚུལ་དེ་ཅི་ལྟ་བུ་ཞིག་ཡིན་ནམ་ཞེས་རང་གི་སེམས་ནས་རྟོག་བཟོ་བྱ་དགོས་འདུག་ཅིང་སྐབས་ལ་ལར་དེ་ནི་རང་གིས་དངོས་སུ་བརྒྱུད་ཟིན་པའི་འཚོ་བའི་ལམ་ཀ་ཞིག་ཡིན་པའི་སྣང་བའང་སྟེར། བདག་གིས་བསམ་ན་འཛམ་གླིང་གི་སྙན་ངག་པ་ཡོངས་ལ་ཐུན་མོང་གི་གཤིས་སྤྱོད་ཅིག་ཡོད་པ་འདྲ་སྟེ། དེ་ནི་མངོན་སུམ་གྱི་འཇིག་རྟེན་ལས་འདས་པའི་རྟོག་པའི་འཇིག་རྟེན་ཞིག་ལ་གནས་བཅས་ཏེ། གཞན་དང་མི་འདྲ་བའི་སྤྱོད་ལམ་ཞིག་སྐྱོང་བ་དེ་རེད།
༡༥.དེང་རབས་རིང་ལུགས་ཀྱི་སྒྱུ་རྩལ་ཐབས་ལམ་དང་བསམ་བློ་སོགས་དེང་རབས་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ལ་གོ་རྟོགས་ཐོབ་པར་ཕན་ནམ།
ལན། དེ་དངོས་གནས་བཤད་ཁག་པོ་འདུག དགོངས་དག
༡༦.བོད་ཀྱི་དགེ་རྒན་ཆེན་མོ་དང་ཤེས་ལྡན་མི་སྣ་གལ་ཆེན་རིགས་ཀྱིས་མི་རབས་གསུམ་པའི་སྙན་ངག་དང་། ལྷག་པར་དུ་ཆགས་སྲེད་བརྗོད་བྱར་བྱས་པའི་སྙན་ངག་ལ་སྐྱོན་བརྗོད་ཚ་ནན་བྱས་ཡོད་པ་རེད་ཟེར། ཡིན་ནའང་ཡིག་ཐོག་ཏུ་དེ་འདྲ་མཐོང་རྒྱུ་ཉུང་། ཁྱེད་ལ་རྩོམ་ཡིག་དེ་འདྲ་ངོ་སྤྲོད་བྱ་རྒྱུ་ཡོད་དམ།
ལན། ཁོ་ཚོས་ཐད་ཀར་དགག་པ་བརྒྱབ་པའི་རྩོམ་བྲིས་པ་བདག་གིས་ཀྱང་མཐོང་མ་མྱོང་། ཁོ་ཚོས་དེ་འདྲའི་དགག་པ་དེ་ཕལ་ཆེར་སློབ་ཁྲིད་བྱེད་དུས་དང་ཚོགས་འདུ་འཚོགས་དུས། ཡང་ན་ཇ་ཁ་ཆང་ཁ་ནས་བརྒྱབ་པ་ཡིན་ངེས།
༡༧.ཁྱེད་ཀྱིས་མི་རབས་གསུམ་པར་བློ་གཟུ་བོས་གདེང་འཇོག་བྱས་པའི་རྩོམ་དེ་འདྲ་མཐོང་མྱོང་ངམ།
ལན། གང་ལྟར་མི་རབས་གསུམ་པའི་སྐོར་ནས་ཡིན་མིན་གྱི་རྩོམ་སྣ་ཚོགས་བྲིས་ཡོད་པ་མཆོད་མེ་དྲ་བ་དང་དགེ་ཆོས་དྲ་བའི་མི་རབས་གསུམ་པ་ཞེས་པའི་ལེ་ཚན་དུ་གསལ་བས་དེར་གཟིགས་པར་ཞུ།
༡༨.མི་རབས་གསུམ་པའི་མི་སྒེར་གྱི་གཤིས་ཀ་གཅིག་པུ་མ་ཡིན་པར་མི་རབས་གསུམ་པའི་སྙན་ངག་རང་ལ་དཔྱད་རྩོམ་བྲིས་པ་དེ་འདྲ་ཡོད་དམ།
ལན། དེ་འདྲའི་དཔྱད་རྩོམ་མང་པོ་འདུག དཔེར་ན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ལྡོང་བུ་ལགས་ཀྱི་མཐར་ཕྱིན་དཔྱད་རྩོམ་ནི་མི་རབས་གསུམ་པའི་སྙན་ངག་མང་པོ་དཔེར་དྲངས་ནས་བྲིས་པ་ཞིག་ཡིན་ལ། ཡང་སློབ་གྲྭ་དེ་ག་ནས་ད་ལོ་མཐར་ཕྱིན་འགྱུར་གྱི་ཞིབ་འཇུག་སློབ་མ་བྱམས་ཕྲུག་བན་ཏེ་མཁར་ལགས་ཀྱི་མཐར་ཕྱིན་དཔྱད་རྩོམ་ཡང་ཕྲན་གྱི་བརྩམས་ཆོས་ལ་དམིགས་སུ་དཔྱད་པ་ཞིག་ཡིན། དེ་བཞིན་ནུབ་བྱང་མི་རིགས་སློབ་ཆེན་གྱི་དངོས་གཞིའི་སློབ་མ་འཇམ་དཔལ་རྡོ་རྗེ་ལགས་ཀྱི་མཐར་ཕྱིན་དཔྱད་རྩོམ་ཡང་ཆེད་དུ་མི་རབས་གསུམ་པའི་སྙན་ངག་ལ་དཔྱད་པ་ཞིག་ཡིན་སྐད།
༡༩.ཉིད་ཀྱི་བསམ་པར་མི་རབས་གསུམ་པའི་སྙན་ངག་གི་བཟང་ཆ་དང་སྐྱོན་ཆ་གཙོ་བོ་རྣམས་གང་དག་རེད་བསམ།
ལན། བཟང་ཆ་ནི་སྔོན་ཆད་ཀྱི་རྩོམ་སྟངས་སྣ་ཚོགས་དང་མི་འདྲ་བའི་རྩོམ་ཐབས་གསར་བ་ཞིག་གིས་བོད་ཀྱི་སྙན་ངག་གི་སྐྱེད་ཚལ་རྣམ་པར་བརྒྱན་པ་དང་། ཞན་ཆ་ནི་བོད་ཀྱི་སྙན་ངག་པ་བྱིངས་བཞིན་དཔེ་ཀློག་གི་མྱོང་བ་ཉུང་བ་དང་། སྒྱུ་རྩལ་གྱི་རྟོག་པ་དམའ་ཞིང་། དེ་ཡི་མཐུ་ཡིས་གསར་གཏོད་ཀྱི་སྤོབས་པའང་ཞན་པར་བྱས་པ་དེ་རེད་སྙམ།
༢༠.ད་ལྟ་མི་རབས་གསུམ་པའི་གནས་སྟངས་གང་འདྲ་ཡིན། ཁོང་ཚོའི་ཚོགས་པ་འཐོར་བ་ཡིན་ནམ། ཤོག་ཁ་གཉིས་སུ་གྱེས་པ་ཡིན་ནམ། སྐྱབས་ཆེན་བདེ་གྲོལ་དང་མདའ་བཙན་པོ་སོགས་ཚོགས་པ་ལས་ཐོན་པ་ཡིན་ན་ཚོགས་པའི་ངོ་བོ་འགྱུར་ཡོད་དམ།
ལན། གང་ལྟར་ཕྲན་དང་མདའ་བཙན་པོ། མཚོ་བུ་དགའ་བདེ། རྨོག་ཤེར་སོགས་དེ་ལས་བུད་ཡོད་པ་དང་། བུད་རྗེས་མི་རབས་གསུམ་པའི་དོན་མཐའ་དག་ངེད་ཅག་དང་འབྲེལ་བ་མེད་ཅེས་བཤད་ཡོད། ཤུལ་ཏུ་ཡོད་པ་དེ་དག་གིས་མི་རབས་གསུམ་པའི་མིང་ཐོག་ནས་ལས་ཀ་ཅི་ཞིག་བསྒྲུབ་ཀྱང་རུང་ངེད་ཅག་ལ་འབྲེལ་བ་ཡོད་པ་མ་ཡིན། གུས་ཕྲན་རང་ངོས་ནས་མི་རབས་གསུམ་པ་ཞེས་པ་དེ་ནི་བོད་ཀྱི་རྩོམ་སྟེགས་སུ་འཁྱུག་ཙམ་བྱས་པའི་གློག་དམར་ཞིག་ལ་ངོས་འཛིན་བཞིན་ཡོད་ཅིང་ད་ལྟ་དེ་ཉིད་ཕྱིར་དྲན་བྱ་རྒྱུ་ཞིག་ལས་ཅི་ཡང་མིན་པར་འདོད། གསལ་པོར་བཤད་ན་གུས་ཕྲན་རང་གི་སེམས་ནས་ཚོགས་པ་དེ་འཇིག་ཟིན་པ་ཡིན།
༢༡.ཁྱེད་རང་ལ་བག་ཆགས་ཆེས་གཏིང་ཟབ་འཇོག་མཁན་གྱི་བོད་ཀྱི༼གནའ་དེང་གི༽རྩོམ་པ་པོ་སུ་སུ་ཡོད། ཁྱེད་རང་འདང་རྩིས་ཆེ་བའི་བོད་ཀྱི་བརྩམས་ཆོས་ཤ་ཁས་ཤིག་ངོ་སྤྲོད་གནང་རོགས།
ལན། ང་རང་ཆེས་དགའ་སའི་བོད་ཀྱི་རྩོམ་པ་པོ་རྣམས་ནི་རྗེ་ཙོང་ཁ་བ་དང་། ཞང་ཞུང་ཆོས་དབང་གྲགས་པ། མི་ལ་རས་པ། གུང་ཐང་བསྟན་པའི་སྒྲོན་མེ། སྒིས་སྟེང་བློ་བཟང་དཔལ་ལྡན། རྡོ་སྦིས་དགེ་བཤེས། དགེ་འདུན་ཆོས་འཕེལ། ལྗང་བུ། གཅན་མེ་སྟག་བཅས་ཡིན་ལ་དེ་སྔ་མི་རབས་གསུམ་པའི་ནང་ཞུགས་པའི་སྙན་ངག་པ་དག་གི་བརྩམས་ཆོས་ལའང་དགའ་བོ་ཡོད།
རང་གི་ནུས་ཚོད་ཀྱིས་དྲི་ལན་ཞིབ་ཚགས་རྒྱག་རོགས་ཞུ། ཐུགས་རྗེ་ཆེ། ཁྱེད་ཚོ་ཁ་དྲོ། བཀྲ་ཤིས།
གནད་འགག་ཅན་གྱི་དྲི་བ་མང་པོ་གནང་འདུག་ལ་དྲི་ལན་ཡང་ཁ་ཙམ་མིན་པར་གཏིང་དུ་འཛུལ་ཅི་ཐུབ་གནང་འདུག དེང་རབས་རྩོམ་རིག་དེ་ལོ་རྒྱུས་དང་ཆབ་སྲིད་དཔལ་འབྱོར་སོགས་ཀྱི་འགྱུར་བ་དང་འབྲེལ་བའི་དྲི་བ་དེར་ལན་འདེབས་ཞིབ་ཚགས་ཤིག་གནང་མི་འདུག་པར་ཁོང་ལ་ཁག་མི་འདུག་སྙམ། དྲི་བ་བཅོ་ལྔ་བ་དེ་དྲི་བ་གལ་ཆེན་ཞིག་རེད་འདུག་ཀྱང་དེ་ལ་ལན་བཀྱོན་མི་འདུག་པ་ཕངས་སེམས་ཆེ།
ད་ལྟ་བོད་ནང་དུ་གསར་སྐྱེས་སྙན་ངག་པ་རེ་བ་ཅན་སྐོར་ཞིག་འཚར་ལོངས་འབྱུང་བཞིན་པར་སེམས་གཏིང་ནས་དགའ་སྤྲོ་སྐྱེ་བཞིན་ཡོད།
བོད་ཀྱི་སྲོལ་རྒྱུན་སྙན་ངག་ནང་། རྗེ་རིན་པོ་ཆེའི་སྒྲ་རྒྱན། མཁས་འགྲུབ་དགེ་ལེགས་དཔལ་བཟང་གི་གཟུགས་རྒྱན་གྱིས་སྤྲས་པའི་སྙན་ངག ཞུང་ཞུང་ཆོས་དབང་གྲགས་པའི་ར་མ་ནའི་རྟོགས་བརྗོད། ཞང་བཙུན་གྱི་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ། མི་ལའི་མགུར་དབྱངས། རྫ་དཔལ་སྤྲུལ་གྱི་སྙན་ངག་སོགས་ནི་ཚིག་གི་རྒྱན་ཕུན་སུམ་ཚོགས་ཤིང་ཀློག་ན་རྣ་བར་སྙན་པ་ཞིག་འདུག་ཀྱང་། ནང་དོན་ནི་ཆོས་དང་ལྷ་བླ་སོགས་ཀྱི་བསྟོད་པ་ལྟ་བུ་ཁོ་ན་ཤས་ཆེ་བ་ལས། དངོས་ཡོད་འཚོ་བའི་སྲོག་དང་བྲལ་བ། རྩོམ་གྱི་ནང་ལོགས་སུ་རྩོམ་པ་པོའི་དུངས་སེམས་དང་སེམས་ཚོར་སོགས་མཐོང་རྒྱུ་ཉུང་བ། བརྗོད་བྱ་རྗོད་བྱེད་ཚང་མ་འགྲོ་སྟངས་ཤིག་དང་སྒྲིག་གཞི་འཆར་ཅན་ཞིག་གིས་བཅངས་བསྡད་ཡོད་པས་རང་དབང་དང་གུ་ཡངས་ཀྱི་སེམས་ཚོར་ཅིག་སྟེར་དཀའ་བ། ད་དུང་སྒྱུ་རྩལ་གྱི་མཚོན་ཐབས། མཛེས་དཔྱོད། སྐད་ཆའི་ངོ་གདོང་གི་བསྟན་དོན་དང་ཤུགས་ཀྱི་བསྟན་དོན། རྩོམ་གྱི་ངོ་གདོང་གི་བསྟན་དོན་དང་ཤུགས་ཀྱི་བསྟན་དོན་སོགས་དེང་རབས་ཀྱི་རྩོམ་ཡག་པོ་ཞིག་ལ་ཚང་བའི་ཆ་རྐྱེན་མང་པོ་ཞིག་ཚང་གི་མི་འདུག་སྙམ། དེ་འདྲ་ཡིན་ཙང་དེང་སང་སྲོལ་རྒྱུན་སྙན་ངག་དག་ཞེ་དྲག་ཀློག་སྤྲོ་ཡི་མི་འདུག དེང་རབས་སྙན་ངག་ཟེར་བ་དེ་ཚོའང་ཀློག་མི་འདོད་པ་མང་པོ་ཞིག་འདུག་ཀྱང་། ཡིད་སེམས་རབ་ཏུ་འཕྲོག་ཏེ་ལུས་སེམས་ཚང་མ་སྦྲིད་པར་བྱེད་འཇུག་མཁན་གྱི་གསར་སྐྱེས་རྩོམ་པ་པོ་སྐོར་ཞིག་ཡོད་པ་དགའ་ནི་ཡིན། མིང་གྲགས་རྒྱས་བཞིན་པའི་སྙན་ངག་པ་གསར་རུ་ཁྱེད་ཚོ་གནམ་གྱིས་སྲུངས།
སྤྱིར་བཏང་ཨོའུ་ཙམ་ཡག་པོ་བཤད་འདུག འོན་ཀྱང་ལྗངབུ་ལྟ་བུ་མི་ཐབས་ཆག་དེ་ཚོ་བོད་ཀྱི་མཁས་བ་རྣམས་དང་མཉམ་དུ་འཇོག་དོན་ནི་ཁྱོད་ཀྱི་ཀླད་རྩ་རེ་ཞིགཉམས་སམ་ཐོར་རམ་ཆ་མ་འཚལ།
རང་རང་ལ་སྙན་ངག་གི་དགའ་ཕྱོགས་རེ་ལོས་ཡོད། དེ་ནི་རང་གི་བསམ་ཁྱེར་དང་བསྟུན་ནས་རེད། ཆོས་དང་ལྷ་བླ་སོགས་ཀྱི་བསྟོད་པ་དངོས་ཡོད་འཚོ་བའི་སྲོག་དང་བྲལ་བ་ཞེས་ཟེར་བ་ཡིན་ན་དོན་དངོས་དང་མི་མཐུན་པའི་རང་གི་འདོད་མོས་ཙམ་རེད། ། ཚིག་སྦྱོར་ལེགས་ཀྱང་རྩོམ་གྱི་ནང་ལོགས་སུ་རྩོམ་པ་པོའི་དུངས་སེམས་དང་སེམས་ཚོར་སོགས་མཐོང་རྒྱུ་ཉུང་བ་ཞེས་བརྗོད་པ་དེ་ཡང་སྙན་ངག་གི་འགྲོས་དང་འགལ་བ་ཞིག་རེད། བརྗོད་བྱ་རྗོད་བྱེད་ཚང་མ་འགྲོ་སྟངས་ཤིག་དང་སྒྲིག་གཞི་འཆར་ཅན་ཞིག་གིས་བཅངས་བསྡད་ཡོད་པ་ཟེར་བ་དེ་ཡང་ལྐུགས་རྟགས་རེད། དུས་རབས་ཀྱི་སྙན་ངག་གི་འཕེལ་ག་རང་དབང་དང་གུ་ཡངས་ཀྱི་སེམས་ཚོར་ཅིག་སྟེར་དཀའ་བ་ཟེར་ན་དོན་དངོས་དང་མི་མཐུན།
དེང་སང་བོད་པ་ཚང་གི་ནུབ་ཕྱོགས་པ་ལ་འགོ་འདོགས་བཞིན་པ་ལ་རྒྱུ་མཚན་ཆེར་མ་དམིགས་མོད། ངས་བལྟས་ན་བོད་ལ་མི་རབས་གསུམ་པ་ཞིག་ཡོད་པའི་དབང་དུབཏང་རུང་། མི་རབས་གསུམ་པར་གཞན་ལ་ངོམས་རིན་ཡོད་པའི་ཕུལ་བྱུང་གི་སྙན་ངག་པ་དང་། སྒྱུ་རྩལ་པ་ཞིག བོད་རང་གི་ཁྱད་ཆོས་དང་མཚུངས་པ་ཞིག་ཁག་པོ་ཡིན་པར་སེམས། དགེ་ཆོས་དང་། དོན་གྲུབ་རྒྱལ་གཉིས་ནི་མི་རབས་གཉིས་པའི་གྲས་སུ་བརྩིས་ན་མ་གཏོགས་གསུམ་པའི་གྲལ་དུ་གཏོགས་པ་ཞིག་་མ་རེད།
ད་དུང་བགྲོ་བ་ལྷུག་པོར་གནང་རོགས།
དྲི་བ་དྲིས་ལན་གྱི་ལེ་ཚན་འདི་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། ད་ལྟ་རྟག་མི་རྟག་གི་མི་རབས་གསུམ་པ་དེའི་ངོ་བོ་དང་གནས་སྟངས་ལ་འགྲེལ་བཤད་ཞིབ་མོ་ཞིབ་བྱས་འདུག་པས། ཡག་པོ་འདུག་བསམ་སོང། མི་རབས་གསུམ་པའི་ཚོགས་པ་དེ་འཇིག་སོང་རུང། མི་རབས་གསུམ་པ་འཇིག་ཡོད་པ་མ་རེད། དེ་ང་ཚོས་ཤེས་དགོས་པ་ཞིག་རེད།
ཧཧ།མྱི་རབས་གསུམ་པའི་ཨ་གསར་གྱི་མཛའ་ཡུན་ཐུང་ཐུང་དེར་ལྟོས་དང་ནང་གི་དེ་ཉིད་ཕྱི་ལ་བསྟན་འདུག་ག
སྔོན་མའི་སྙན་ངག་ཅིག་གི་ནང་སྙན་ཤོས་གཅིག་ནི།
དབུ་ཞྭ་དབུ་ལ་བཞེས་སོང་།།
དབུ་ལྕང་རྒྱབ་ལ་གཡུག་སོང་།།
ག་ལེ་ཕེབས་ཤིག་བྱས་པས།།
ག་ལེ་བཞུགས་ཤིག་གསུངས་བྱུང་།།
སེམས་པ་སྐྱོ་ཡོང་བྱས་པས།།
མྱུར་དུ་མཇལ་ཡོང་གསུངས་བྱུང་།།
ལྟ་བུ། གོ་བདེ་ཞིང་ཚིག་ཉུང་ངུ་ཞིག་གིས་གནོན་ནུ་ཕོ་གཉིས་ཀྱི་འབྲལ་ཁ་མའི་ངང་ཚུལ་དང་གནས་ཚུལ་བྲིས་ཤིང་ཕན་ཚུན་ལ་ཆགས་པའི་བརྩེ་དུང་ཟབ་མོ་དེ་ཤུགས་སུ་བསྟན་ཞིང་གོ་ཐུབ་པ་འདི་འདྲ་མཐོང་ན་མཐེ་བོང་གནམ་ལ་མ་ཀེར་རང་ཀེར་རེད།
ད་དུང་། ཕར་ལ་མིག་གཅིག་བལྟས་པས།། ཚུར་ལ་སྤྱན་ཅིག་གཟིགས་བྱུང་།། སྤྱན་མིག་ཀྲི་ཁའི་འོག་ནས།། ལས་འབྲེལ་མདུད་པ་ཐེབས་སོང་།། ཟེར་བ། ཡང་། སོ་དཀར་པགས་པའི་འཛུམ་མདངས།། བཞུགས་གྲལ་སྤྱི་ལ་བལྟས་ཀྱང་།། མིག་ཟུར་ཕྲ་མོའི་སྒྲིལ་མཚམས།། གཞོན་ནུའི་གདོང་ལ་ཕོག་ཡོད།།ལྟ་བུ་ནི་གནའ་བོའི་ཐལ་རྡུལ་གྱིས་གཡོགས་ཡོད་པའི་གསུང་འབུམ་དག་གི་ནང་ཤིན་ཏུ་ནས་རྙེད་དཀའ།
དྲི་བ་འདྲི་མཁན་གྱིས་གནད་ལ་གཟས་ནས་དྲི་བ་བཏང་འདུག་པས་མ་ཚད། དྲི་ལན་རྒྱག་མཁན་གྱིས་ཀྱང་མཐའ་ཡངས་ས་ནས་དྲིས་ལན་རྒྱབ་འདུག མི་རབས་གསུམ་པ་བས་དུས་རབས་གསར་པའི་ཁ་ཕྱོགས་དང་བསྟུན་ནས་ནུབ་ཕྱོགས་ལ་དཔེར་བལྟས་པ་དེ་དུས་སྐབས་དང་བསྟུན་ན་སྤྱིའི་ཆ་ནས་ཧ་ཅང་འོས་འཚམ་ཡིན་པ་རེད། ཡིན་ན་ཡང་ཞར་ལ་སྔོན་རབས་པའི་བོད་ཀྱི་སྙན་ངག་གི་རྨང་གཞི་སྔོན་དུ་སོང་ཐོག་ག་དུས་ཡིན་ན་ཡང་སྔོན་རབས་པའི་སྙན་ངག་ལ་གུས་བརྩི་ཟེར་པ་དེ་ཡོད་ན་ཡག་གི་རེད།
གོང་དུ་མིང་གི་ཐོག་མཐའ་སྐྱབས་མིང་ཅན་གཉིས་ཀྱི་དྲིས་ལན་འདིར་ཡི་རང་བསྔགས་བརྗོད་དང་ལྷན་རྣམ་པ་གཉིས་བོད་ཕྱི་ནང་གཉིས་སུ་བོད་ཀྱི་དེང་རབས་རྩོམ་རིག་ཐད་ལ་མྱོང་གོམས་དང་ཚོར་རྟོག་མི་མཐུན་པའི་རིགས་པར་སྨྲ་བའི་རྣམ་དཔྱོད་ཅན་གཉིས་ཡིན་པར་ངོས་འཛིན་གྱིན་ཡོད།
མི་རབས་གསུམ་པ་ཞེས་པ་ཐུན་མིན་གྱི་རྩོམ་རྩལ་ཞིག་གི་ཆ་ནས་ངོས་བཟུང་པ་ཡིན་ན་དེ་ལ་ཚོགས་པ་འཛུགས་འོས་མ་མཆིས་ལ་གལ་ཏེ་ཚོགས་པ་འཐོར་བ་ཡིན་ན་མི་རབས་གསུམ་པ་བརླགས་སོང་བ་ཡང་ག་ལ་ཡིན། མི་རབས་གསུམ་པའི་རང་ཉིད་ཀྱི་ངོ་གདོང་ཅི་འདྲ་ཞིག་ཡིན་པར་བཤད་པ་དེ་ལྟར་ཡིན་མིན་དང་དེ་ལྟར་མུ་མཐུད་གནས་ཀྱི་ཡོད་མེད་ནི་མི་རབས་གསུམ་པ་ངོས་འཛིན་ཚུལ་ཡང་དག་ཤོས་དེ་ལོས་ཡིན།
དེང་རབས་སྙན་དངགས་པར་ཁས་འཆེ་བ་མང་པོ་ཞིག་གིས། འཇིག་རྟེན་པའི་འཚོ་བ་དང་ཕལ་སྐད་གཙིགས་སུ་བཟུང་ནས་སྙན་དངགས་ཀྱི་ཚད་གཞི་ཐག་གཅོད་བྱེད་ཀྱིན་འདུག ཆོས་པ་དང་འཇིག་རྟེན་པ་གཉིས་ཀྱི་འཚོ་བའི་དོན་སྙིང་མི་འདྲ་བའི་ཐོག་ཤེས་བྱའི་འཇུག་སྒོ་དང་ཐ་སྙད་བཀོལ་སྤྱོད་སོགས་ནས་ཀྱང་མི་མཚུངས་པའི་འདི་གཉིས་རྒྱ་མ་གཅིག་གི་ཐོག་ནས་ཚད་འཇལ་སྟངས་འདི་ཚད་མ་མ་རེད། ཡང་ན་ཚན་རིག་དང་མི་མཐུན་གི
སྙན་དངགས་ཟེར་བ་སྒྱུ་རྩལ་གྱི་ཡང་རྩེ་ཡིན་པས། ངག་ཙམ་ལས་འདས་པའི་ངགས། དེ་ལས་ཀྱང་འདས་པའི་དངགས་ཉིད་ཡིན་ལ། འདི་ལ་ནང་དོན་དང་རྣམ་པའི་ཆ་ནས་རིགས་འགར་དབྱེ་འོས་པ་ལས་མཐའ་གཅིག་ཏུ་རང་གི་དགའ་མ་ལས་མཛེས་མ་མེད་པར་སྙམ་པ་དག་ནི་རང་སྣང་འཁྲུལ་བའི་ཚོར་སྣང་ཉི་ཚེ་བ་ཞིག་ལས་མ་འདས་སོ།
སྙན་ངག་ཟེར་བ་དེ་ཀློག་པ་པོ་ཞིག་གིས་ཀློག་ན་དགའ་སྐྱོ་ཆགས་སྡང་གི་ཚོར་བ་རྣོན་པོ་སྟེར་ཞིང་ཡིད་སེམས་གཡོ་བར་བྱེད་པ། མི་གསོན་པོའི་སྙིང་ཁ་ནང་ནས་ཕྱུང་འགྲོ་བ་ཞིག་དགོས་པ་རེད། ཡིན་ནའང་། དེ་འདྲ་ཞིག་འབྲི་རྒྱུ་ནི་སུ་ཞིག་ལ་མཚོན་ནའང་ཇི་འདྲའི་ཁག་པོ་ཞིག་མ་རེད་དམ།
ངའི་བསམ་ཚུལ་ལ། ཆོས་ཁྲིམས་ཀྱི་སྒྲིག་ཁོངས་སུ་ཚུད་ཅིང་ལུས་ངག་ཡིད་ཀྱི་སྒོ་གསུམ་ལ་རང་བཞིན་གྱིས་ཚོད་འཛིན་ཐེབས་པའི་ཆོས་ལུགས་པ་ཞིག་ལ་མཚོན་ན་ཚོར་བ་རྣོན་པོ་ཡོད་པའམ། འཆར་ཡན་ཕུན་སུམ་ཚོགས་པའི་སྙན་ངག་ཅིག་འབྲི་ཁག་པོ་ཡིན་རྒྱུ་རེད་སྙམ། ད་བར་གྱི་སྲོལ་རྒྱུན་སྙན་ངག་མང་ཆེ་བ་སྙན་ངག་གཤའ་མ་ཞིག་ཡིན་པར་འདོད་དཀའ། དེ་དག་ནི་དབྱིན་སྐད་ནང་ཆོས་ཀྱི་བསྟོད་པ་ཟེར་བའི་ཐ་སྙད་ཅིག་ཡོད་པ་དེའི་ཁོངས་སུ་འདུ་བ་འདྲ། ཡང་སྙན་ངག་མ་རེད་ཀྱང་ཟེར་ཁག་པོ་རེད། ཡིན་པའི་དབང་དུ་བཏང་ནའང་གཙོ་བོ་ཚིག་གི་སྙན་ངག་རེད། ལྟད་མོ་ཡོད་ན་མེད་ན་ཚིག་གི་སྟེང་ན་ཡོད་པ་རེད། ཚིག་གི་གཟན་དམར་ཕར་ཙམ་དེད་ནས་སྙིང་གི་འཕར་རྩར་ཅིག་རེག་པ་ཡིན་ན། སྙིང་དེ་དགའ་སྡུག་གང་དུའང་མ་ལྷུངས་པའི་བཏང་སྙོམས་ལ་གནས་ཡོད་པའང་ལྡིང་མཚམས་བཞག་པ་ཅི་ཡིན་ཆ་མ་འཚལ་བ་ཞིག་ཡོད་པ་རེད།
ཕྱི་རུ་སྒྲིག་གཞིའམ་ཆོས་ཁྲིམས་ཀྱིས་གཅུན། ནང་དུ་དགའ་སྡུག་ཆགས་སྡང་འདོད་འདུན་སྟོང་འདང་སོགས་ཀྱི་མགོ་མནན་ནས་བཏང་སྙོམས་ལ་གནས་ཐབས་བརྩོན་པ། དེ་ནས་རང་དབང་གུ་ཡངས་ཀྱི་འཚོ་བ་ཞིག་མེད་པ། ངག་གི་ཉེས་པ་གསོག་པར་འཛེམས་དགོས་པ་སོགས་ཀྱིས་རང་བཞིན་གྱིས་བཀག་སྡོམ་ཞིག་གི་ནང་དུ་ལྷུངས་ཡོད་པས་གནས་ལུགས་དང་ཆོས་ཉིད་སྟོན་པ། གནས་བསྟོད། ཆོས་བསྟོད། ལྷ་བསྟོད་སོགས་ཀྱི་སྙན་ངག་ལས་ནང་སེམས་ཀྱི་ཚོར་བ་རྣོན་པོ་ཡོད་པའམ་འཆར་ཡན་དང་རང་དབང་གི་འཚོ་བ་སྟོན་པའི་སྙན་ངག་མི་ཕྲིས་པར་མཐོང་ལ་དེར་ཁག་ཀྱང་མི་འདུག་སྙམ།
ཆུ་ནག་བཞིན་དུ་ཁོལ་ཁོལ་གདུ་ཞིང་འཕྱུར།།
མེ་ལྕེ་བཞིན་དུ་མཆེད་ཅིང་ཤུགས་ཀྱིས་འབར།།
ང་ཚོ་འཇིག་རྟེན་མི་སྐྱའི་དགའ་སྡུག་དག།
བྲིས་ན་སྒོམ་ཆེན་རྒན་པོས་སྤྱན་ཆབ་འཆོར།།
ང་མ་ཡག་གི དྲ་བ་གཞན་དུ་དྲངས་ཆོག་པ་ཞུ།
གོང་གི་དཔྱད་གཏམ་རྣམས་ལ་ཕྱོགས་ཅིག་ནས་ལྟས་ན་ཡག་པོ་འདུག འོན་ཀྱང་སེམས་གཏིང་གི་སྐད་ཆ་ཡིན་མིན་དང་དུང་ཞེན་གྱི་གཞན་དབང་དུ་སོང་ཡོད་མེད་ལ་དོགས་པ་ཡོད་ཀི དེ་འདྲ་ཡིན་དུས་རྩོམ་པ་པོ་ཞིག་དང་མི་བུ་ཞིག་ཡིན་ན་སྲོག་ལ་ཐུག་ཀྱང་དྲང་བདེན་སྐྱོང་དགོས་སོ།
མགོན་པོ་ཕྱག་གཉིས་པ་ལགས། སྙན་ངག་ཡིན་ན་ཕོ་མོའི་བརྩེ་དུང་ཁོ་ན་ཡིན་དགོས་པར་འདོད་པ་དེ་ག་འདྲ་ཡིན་ནམ། སྲོལ་རྒྱུན་སྙན་ངག་ཡིན་ན་ཆོས་ལུགས་ཁོ་ན་ཡིན་པའི་ཁྱབ་མཐའ་བཅད་ཚེ། དེ་ནི་ཏག་ཏག་བསྡད་མི་འདུག་སྙམ། མ་གཞི་འཚོ་བ་ཟེར་བ་ནི་ཧ་ཅང་རྒྱ་ཆེན་པོ་ཞིག་རེད། ཕོ་མོའི་བརྩེ་དུང་ཟེར་བ་དེ་འཇིག་རྟེན་གྱི་འཚོ་བའི་ཆ་ཤས་ཆུང་ཆུང་ཞིག་རེད། རྒྱལ་དབང་སྐུ་འཕྲེང་བདུན་པའི་སྙན་ངག་དག་ཀློགས་དང་། ཁོང་གི་སྙན་ངག་དག་ཀློག་དུས་སྨྲེང་སྐྱོ་འདྲེས་མས་མཚམས་རེ་མིག་ཆུ་ཡང་འཐོར་དགོས་པའི་ཚད་ལ་སླེབས་མྱོང་ཡོད།
སྙན་ངག་ཡིན་ན་ཕོ་མོའི་བརྩེ་དུང་ཁོ་ན་ཡིན་དགོས་ཟེར་མཁན་ཞིག་ད་ལྟ་ལ་ཐུག་པའི་བར་གནམ་འོག་འདི་རུ་གོ་མ་མྱོང་།
སྲོལ་རྒྱུན་ཡིན་ན་ཆོས་ལུགས་ཁོ་ནའི་ཁྱབ་མཐའ་གཅོད་མཁན་ཞིག་ཀྱང་ཡོད་རྒྱུ་མ་རེད། དེ་འདྲ་ཞིག་ཡིན་ན་གློའུ་ཞིག་ཡིན་རྒྱུ་རེད། ཡིན་ནའང་། ་་གནས་ལུགས་དང་ཆོས་ཉིད་སྟོན་པ། གནས་བསྟོད། ཆོས་བསྟོད། ལྷ་བསྟོད་སོགས་ཀྱི་སྙན་ངག་་ ཤས་ཆེ་བ་ཁོ་ནའོ། སྙན་ངག་དགོས་མ་རེད། ལས་རྒྱུ་འབྲས་ཀྱི་ཆོས་བཤད་བྱས་ནའང་མིག་ཆུ་མི་ཚོགས་མཁན་དེ་འདྲ་ཡོད་པ་རེད། དམྱལ་བ་ཡང་སོས་ཟེར་བ་དེའི་སྡུག་བསྔལ་བརྗོད་ནའང་སྐྲག་ནས་ལུས་ཀྱི་བ་སྤུ་གཟེངས་འགྲོ་མཁན་ཡོད་རྒྱུ་རེད་ད།
འཚོ་བ་ཟེར་བ་རྒྱ་ཆེན་པོ་ཞིག་རེད། དེ་ལས་སྐྱེས་པའི་སྙན་ངག་དེའང་དེ་བཞིན་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཞིག་རེད། གྲྭ་པའི་འཚོ་བ་དེ་གུ་དོག་པོ་དང་འཆར་ཅན་ཞིག་རེད། དགའ་ན་ཧ་ཧ་ཟེར་རྒྱུ་དང་ཚ་ན་ཨ་ཚ་ཟེར་རྒྱུ། ཁྲོ་ན་སྐད་ལོག་རྒྱག་རྒྱུ། སྐྱོ་ན་ངུ་འབོད་བྱེད་རྒྱུ་ཆེར་ཡོད་པ་མ་རེད། ཆོས་ཀྱི་བཀའ་དྲིན་ལ་བསྟེན་ནས་དེ་འདྲ་དགའ་སྡུག་གི་སྣང་བ་དྲག་པོ་མེད་པས་འགྱིག་བཟོས་ཀྱི་མི་འདྲ་བོ་ཞིག་ལས་མི་གསོན་པོ་ཞིག་གི་ཁྱད་ཆོས་ཆ་ཚང་བ་ཞིག་ཡོད་པ་མ་རེད།
རྩོམ་རིག་ཟེར་བ་དེ་འཇིག་རྟེན་གྱི་འཚོ་བའི་འདྲ་རིས་རེད།།
འཇིག་རྟེན་གྱི་འཚོ་བ་ཟེར་བ་དེ་ཕོ་མོ་གཉིས་ཀྱི་མི་ཚེ་རེད།།
ཕོ་མོ་གཉིས་ཀྱི་མི་ཚེ་ཟེར་བ་དེ་བརྩེ་དུང་གིས་གྲུབ་པ་རེད།།
སྙན་ངག་ཟེར་བ་དེ་ནང་དོན་གྱི་ཐོག་ན་འདུག་ལབ་མེད། ཚིག་གི་སྒྱུ་རྩལ་ཞིག་ལ་ད་གཟོད་སྙན་ངག་ཟེར་བ་རེད། གང་ཞིག་སྙན་ངག་ཡིན་དང་མིན་ནི་ཡིག་འབྲུ་ཁ་ཤས་ཀྱིས་བརྗོད་བཏུབ་པ་ཞིག་མ་རེད།
སྡུག་བསྔལ་གྱིས་ད་གཟོད་འཇིག་རྟེན་འདི་གྲུབ་ཡོད་པ་རེད། འདི་ཆོས་ལུགས་པའི་སྐད་ཆ་མ་རེད། འཇིག་རྟེན་འདི་སྡུག་བསྔལ་དང་ལྷན་དུ་གྲུབ་པ་རེད། བརྩེ་དུང་ཟེར་བ་འདི་སྡུག་བསྔལ་ཟེར་བ་འདི་དང་བསྡུར་ན་ད་རུང་ལོ་ན་ཆུང་ནི་རེད། ཕོ་མོའི་མི་ཚེ་བརྩེ་དུང་གིས་གྲུབ་པ་རེད་ཟེར་ན། མ་ངེས་པ་དང་མ་ཁྱབ་པའི་སྐྱོན་ཡོད་ཀི། ཁྱོས་བསམ་གཞིག་ཡང་བསྐྱར་བྱོས་དང་།