རྟ་བདུན་དབང་བོ།
རང་ལ་དྲན་གསོ་དང་གཞུང་ཆེན་མོ་ལ་སྦྱངས་པ་ཆེར་མ་སོང་བའི་དྲྭ་གྲོགས་འགའ་ལ་ཕན་པའི་ཆེད་དུ་འདིར་སྐྱབས་སུ་འགྲོ་ཚུལ་མདོར་བསྡུས་ཤིག་དྲན་གསོའི་ཚུལ་དུ་བྲིས་པ་ཡིན། སྐྱབས་ནི་ཡུལ་མཆོག་རྣམ་པ་བཞི་འམ་གསུམ་ཡིན་ལ། འགྲོ་ནི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་པོ་རྒྱུ་ལས་ཉོན་གྱིས་གཞན་དབང་དུ་གྱུར་བའི་གང་ཟག་རྣམས་ཡིན་ལ། ང་ཚོའི་བོད་མི་ཚང་མའི་རང་ཉིད་ནང་པ་སངས་རྒྱས་པ་ཡིན་སྙམ་པའི་བསམ་བློ་ཞིག་ངང་གིས་ཡོད་མོད། དོན་དུ་ནང་པ་སངས་རྒྱས་པ་ཡིན་མིན་སྐྱབས་འགྲོ་རྣམ་དག་ཅིག་རྒྱུད་ལ་སྐྱེས་ཡོད་མེད་ཀྱི་བཤད་དགོས་ཏེ། སྐྱབས་འགྲོ་ངག་ནས་སྐྱོར་བ་ཙམ་གྱིས་རང་ཉིད་ནང་པ་སངས་རྒྱས་སུ་འགྱུར་མིན་ཐེ་ཚོམ་དུ་སྣང་ངོ་།།
ནང་པ་སངས་རྒྱས་པ་ཞིག་ཡིན་ན་མ་མཐའ་ཡང་དཀོན་མཆོག་གསུམ་གྱི་ཡོན་ཏན་དང་། དེ་ལ་སྐྱབས་སུ་སོང་ན་ཕན་ཡོན་ཅི་ཞིག་ཡོད་པ། སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་སོགས་ངེས་པར་དུ་ཤེས་རྒྱུ་གལ་ཆེ། སྐྱབས་སུ་འགྲོ་བའི་ཡུལ་ནི། སངས་རྒྱས་ཆོས་དང་དགེ་འདུན་རྣམས་ཡིན་ལ། དེའི་ཁར་བླ་མ་བསྣན་ན་དཀོན་མཆོག་རྣམ་པ་བཞི་ཡིན། བོད་ལུགས་ལ་གསང་སྔགས་གཙོ་བོ་ཡིན་པའི་ཆ་ནས་བླ་མ་སྔོན་ལ་བགྲངས་དགོས་་པར་མ་ཟད་བླ་མ་ནི་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོར་འདོད།
དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་པོར་གང་ཟག་གི་སྒོ་ནས་བློ་ལ་ཆེ་འབྲིང་ཆུང་གསུམ་གྱི་ཀུན་སློང་ཡོད། རང་ཉིད་ངན་སོང་གི་སྡུག་བསྔལ་ལ་སྐྲག་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་སྐྱེས་བུ་ཐ་མ་ཡིན། འཁོར་བའི་གནས་རིགས་གང་དུ་སྐྱེས་ཀྱང་སྡུག་བསྔལ་མ་གཏོགས་བདེ་བ་སྤུའི་རྩེ་མོ་ཙམ་ཡང་མེད་པར་ཤེས་ནས་དེ་ལས་ཐར་བའི་ཆེད་དུ་དཀོན་མཆོག་ལ་སྐྱབས་སུ་སོང་ན་སྐྱེས་བུ་འབྲིང་ཡིན། རང་གཞན་ཐ་དག་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་དཀོན་མཆོག་ལ་སྐྱབས་སུ་སོང་ན་སྐྱེས་བུ་ཆེན་པོའི་བློ་ཡིན།
ད་རང་གི་ཀུན་སློང་གང་ཡིན་བརྟག་རྒྱུ་ཅིས་ཀྱང་གལ་ཆེ། ཚེ་འདིར་སྙན་གྲགས་དང་རྒྱུ་ནོར་ལོངས་སྤྱོད་འཕེལ་བ། ན་ཚ་སོགས་མི་འབྱུང་བའི་ཆེད་དུ་དཀོན་མཆོག་ལ་སྐྱབས་སུ་སོང་ན་སྐྱེ་བུ་ཐ་མ་ཙམ་གྱི་བློ་ཡང་མེད་པའི་ངེས་པར་བྱ། སྐྱབས་འགྲོ་འདོན་དུས་སུ་སོ་སོའི་ལུགས་ཀྱིཚོགས་ཞིང་གསལ་བཏབས་ནས་སངས་་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་འདོན་དུས་བསྟན་པ་འདིའི་སྟོན་པ་སངས་རྒྱས་ཤཀྱ་ཐུབ་པ་གཙོས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཡོད་དོ་ཅོག་གམ། ཡང་ན་ད་ལྟའི་སྐལ་བ་བཟང་བོ་འདིའི་སངས་རྒྱས་སྟོང་ལ་སོགས་ཡིན།
དེ་ཡང་འདམ་དང་གསེར་དངུལ་ལས་གྲུབ་པའི་འབག་སྐུ་དང་བྲིས་པའི་སྐུ་གཟུགས་ཐང་ཀ་ལྟ་བུ་མ་ཡིན་པར། སྐུ་གསུང་ཐུགས་ཀྱི་ཡོནཏན་ཤེས་ཤིང་བསམ་པའི་ངང་ནས་སྐྱབས་སུ་འགྲོ་དགོས་པ་སྟེ། སྐུའི་ཡོན་ཏན་མཚན་བཟང་བོ་སུམ་བཅུ་སོ་གཉིས་དང་། དཔེ་བྱད་བཟང་བོ་བརྒྱད་བཅུས་བརྒྱན་པ་དང་། མཐོང་ན་མི་མཐུན་པ་གང་ཡང་མེད་པར་བལྟ་བས་ཆོག་མི་ཤེས་པ། གསུང་གི་ཡོན་ཏན་ཚངས་པའི་དབྱངས་དང་ལྡན་པ། གསུང་གཅིག་བྱོན་ན་འགྲོ་བ་རིགས་དྲུག་སོ་སོའི་སྐད་དུ་ཐག་རིང་ཐུང་མེད་པར་གོ་ནུས་པ། ཐུགས་ཀྱི་ཡོན་ཏན་ཇི་ལྟ་བ་དང་ཇི་སྙེད་པའི་ཡོན་ཏན་ཐམས་ཅད་ཁོངས་སུ་ཆུད་པ། བརྩེ་བའི་བདག་ཉིད་ཅན། ཕན་བཏགས་པ་དང་མ་བཏགས་པ་ལ་ཁྱད་པར་མེད་པ། ཉེ་རིང་ཕྱོགས་རིས་སོགས་མེད་པར་ཀུན་ལ་སྙོམ་པ།
ཆོས་ལ་སྐྱབས་སུ་མཆིའོ་ཞེས་འདོན་དུས། བཀའ་འགྱུར་དང་བསྟན་འགྱུར་གྱི་གསུང་རབ་ཙམ་མ་ཡིན་པར། ལུང་དང་རྟོགས་པའི་ཆོས་ཐམས་ཅད་འགོག་པ་དང་ལམ་གྱི་བདེན་པ། སྐྱོན་སྤངས་པ། ཡོན་ཏན་མ་ལུས་མངོན་དུ་བྱས་པ་བསྒོམས་པ་ལས་བྱུང་སྙམ་པའི་ངང་ནས་སྐྱབས་སུ་མཆི།
དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་འདོན་དུས། དགོན་པར་གནས་པའི་རབ་བྱུང་ཕོ་མོ་ཙམ་མ་ཡིན་པར་རིག་གྲོལ་གྱི་ཡོན་ཏན་དང་ལྡན་པའི་འཕགས་པའི་གང་ཟག་རྣམས་ནི་དགེ་འདུནདཀོན་མཆོག་དངོས་ཡིན་པར་ཤེས་ནས་སྐྱབས་སུ་འགྲོ། སྔོན་བླ་བྲང་དགོན་པའི་མཐའ་བ་ན་གྲྭ་བ་ཚང་མ་ངོ་ཤེས་མཁན་གྱི་རྒད་པོ་ཞིག་ཡོད་པ་དེས། ངས་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་འདོན་དུས་གྲྭ་བ་ཚང་མར་ཚོགས་གྲལ་དུ་བསྒྲིགས་ནས་འདོན་པ་འདོན་དུས་དད་པ་དུང་ངེས་པ་ཞིག་སྐྱེས་ཐུབ་ཀྱི་འདུག དེ་མིན་གྲྭ་བ་རེ་རེར་བསམ་བློ་བཏངས་ན་གཅིག་ལའང་དད་པ་སྐྱེས་ཐུབ་ཀྱི་མི་འདུག་ཟེར་བའི་གཏམ་ཞིག་རླུང་ལྟར་གྲགས་སོ།།
རྒད་པོ་དེས་དགེ་འདུན་དཀོན་མཆོག་དངོས་ནི་རིག་གྲོལ་དང་ལྡན་པའི་འཕགས་པའི་གང་ཟག་ཞིག་ཡིན་པར་མ་ཤེས་པ་རེད། འདི་ལ་སྐྱོན་ཆེན་པོ་འབྱུང་སྟེ། དགེ་འདུན་དཀོན་མཆོག་དངོས་ནི་རབ་བྱུང་ཕོ་མོ་ཡོད་ཚད་ཡིན་སྙམ་ན་དད་པ་བརླག་པའི་རྒྱུ་རུ་འགྱུར་སྲིད་པ་རེད།
གཞན་ཡང་སྐྱབས་འགྲོ་ལ་ཕྱི་ནང་གསང་གསུམ་གྱི་འགྲོ་ཚུལ་ཡོད། ཕྱི་ནི་སངས་རྒྱས་ཆོས་དང་དགེ་འདུན་ལ། ནང་ནི་བླ་མ་ཡི་དམ་མཁའ་འགྲོ་གསུམ། གསང་བ་རྩ་དང་རླུང་དང་ཐིག་ལེ་གསུམ་སོགས་བཤད་ཚུལ་ཡོད་པ་རེད། སྐྱབས་འགྲོའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་མི་འཛིན། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མི་བྱེད། དགེ་འདུན་ལ་སྐྱབས་སུ་སོང་ནས་ལྟ་སྤྱོད་མི་མཐུན་པའི་གྲོགས་དང་མི་འགྲོག་པ་སོགས་ཡིན། བསླབ་བྱ་རྒྱས་པ་ནི་ལམ་རིམ་ཆེན་མོ་སོགས་ལ་གཟིགས་རོགས་ཞུ།།
རྟ་བདུན་དབང་བོ་ལགས།
ཁྱེད་ལ་དྲི་བ་ཞིག་ཡོད། གསང་བའི་སྐྱབས་འགྲོའི་སྐབས་སུ་རྩ་རླུང་ཐིག་ལེ་གསུམ་ལ་ག་འདྲ་བྱས་ནས་སྐྱབས་སུ་འགྲོ་དགོས་ཀྱི་ཡོད་རེད། ལན་གསུངས་རོགས།
སྐྱབས་འགྲོ་བཤད་སྐབས་ང་ཚོས་གནད་དོན་ཞིག་ངེས་པར་དུ་བློ་ཡུལ་དུ་ཆུད་པར་བྱས་ཏེ་བཤད་དགོས།
སྐྱབས་འགྲོ་བྱེད་ཚུལ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཡོད། ཁྱད་པར་དུ་མདོ་དང་སྔགས་ཀྱིས་བསྡུས་པའི་སྐྱབས་འགྲོ་གཉིས་དང་། སྔགས་ལུགས་ལ་ཡང་ཐུན་མོང་བ་དཀོན་མཆོག་གསུམ་དང་ཐུན་མོང་མ་ཡིན་ཡིན་པ་སྐྱབས་གསུམ་ཀུན་འདུས་ཀྱི་བླ་མ་ལ་སྐྱབས་སུ་འགྲོ་ཚུལ་ཡོད། ཕྱི་མ་ནི་སྐྱབས་གསུམ་ཀུན་འདུས་ཀྱི་བླ་མ་ལ་རྣལ་འབྱོར་དུ་བྱས་ནས་སྒོམ་པ་ལས་ཡོངས་གྲགས་ཀྱི་སྐྱབས་འགྲོ་མིན།
མདོར་ན་ཐེག་པ་ཆེ་ཆུང་དང་ཁྱད་པར་སྔགས་ཀྱི་སྐྱབས་འགྲོ་སོགས་སོ་སོར་ཕྱེས་ཏེ་བཤད་པ་གལ་ཆེ་བར་མཐོང་ངོ་།
ཐེག་པ་འོག་མ་དག་གིས་ནང་ན་དགེ་འདུན་ནི་སྐྱབས་གྲོགས་ཡིན་པ་ལས་སྐྱབས་དངོས་མིན་ཟེར་མཁན་ཡོད། དོན་ལ་ཡང་དེ་འདྲ་རེད། ཐེག་ཆེན་དང་ཁྱབ་པར་སྔགས་ལུགས་ལ་མཁའ་འགྲོ་ཆོས་སྲུང་སོགས་ཀྱང་དགེ་འདུན་དཀོན་མཆོག་ཏུ་འཇོག་དགོས། ཐར་ཐུག་ནི་སྐྱབས་གཅིག་ཡིན། སྐྱབས་གནས་གཅིག་མ་གཏོགས་མེད།
ངས་བསམ་ན་སྐྱབས་འགྲོ་ལ་སྒྲ་སོར་ཡངས་དོག་གི་བརྡས་དྲངས་ནས་བཤད་དགོས་པར་སྙམ། སྐྱབས་འགྲོའི་ཆོ་ག་འདོན་པའམ། གསུངས་རབ་ཀྱི་ལུང་ཚིག་གང་ཞིག་འཛིན་པ་དང་། འཆིང་དང་ཀློག་པ་དང་། ཁ་དོན་བྱེད་བ་དང་ཡིད་ལ་འཛིན་པ་དང་ྊ་རབ་ཏུ་འཛིན་པ་དང་སྟོན་པ་དང་རབ་ཏུ་སྟོན་པ་དང་ྊ་ཉེ་བར་སྟོན་པ་དང་ལུང་འབོག་པ་དང་ཡི་གེར་འབྲི་ལ་སོགས་པ་འདི་དག་གིས་ཀྱང་གང་ཞིག་ལ་སྐྱབས་སུ་སོང་ནས་དཀོན་མཆོག་གསུམ་ལ་དད་པས་བྱེད་ཀྱིན་ཡོད་པ་སྨོས་མེད་ཡིན་པས་ནང་བ་པ་ཡིན་ཁས་མི་ལེན་ཐབས་མེད་ཡིན་། སྐྱབས་འགྲོའི་མཚན་ཉིད་ཀྱིས་བརྡས་དྲངས་པའམ་སྒྲ་སོར་དོག་པའི་དབང་དུ་བཏང་ན་རྟ་བདུན་དབང་པོ་ཁྱོད་ཁོ་ན་མ་གཏོགས་སྙིགས་དུས་འདིར་སྐྱབས་འགྲོ་རྒྱུད་ལ་ཡོད་མཁན་ཁག་པོ་རེད་ལབ་དགོས།
ཧ་ཧ་ཧ་་ཀུ་རེ་ཡིན།
གྲུབ་མཐའི་འདོད་ཚུལ་ལས་སྐྱབས་འགྲོ་གཅིག་དང་གཉིས་དང་གསུམ་དུ་འདོད་མཁན་ཡོད་ཀྱང་བླ་མ་དཀོན་མཆོག་བཞི་བར་བཞག་ནས་དཀོན་མཆོག་ལ་གསུམ་དུ་བགྲང་་ནས་སྐྱབས་འགྲོ་་སྨྲ་བ་ནི་སྐྱབས་འགྲོ་སུམ་བཅུ་བ་དང་བླ་མ་ལྔ་བཅུ་བ་སོགས་གཞུང་་ཆེན་པོ་གང་ནས་ཀྱང་མ་བཤད་པས་རྟ་བདུན་དབང་པོས་རང་བཟོ་ཁོ་ནའོ།
སྤྲོས་བྲལ་ལགས། རྩ་རླུང་ཐིག་ལེ་སྐྱབས་སུ་འགྲོ་ཚུལ་ནི། རྩ་སྐྱེད། རླུང་བཟུང་། ཐིག་ལེ་སྒོམ་ཞེས་ཟེར་ཞིང་དོན་ལ་འདི་ནི་ལྟ་བ་མཐོན་པོའི་ཉམས་ལེན་བྱེད་ཚུལ་ཞིག་རེད་འདུག་པས་རེ་ཞིག་བཏང་སྙོམས་སུ་བཞག་ན་ལེགས་སྙམ། ཀུན་བཟང་བླའི་ཞལ་ལུང་དུ་འདི་ལྟར་གསུངས་འདུག “ཁྱད་པར་ཐབས་མཆོག་རྡོ་རྗེ་སྙིང་བོའི་ལུགས་ཀྱི་རྩ་སྤྲུལ་སྐུར་བསྟེན། རླུང་ལོངས་སྐུར་སྦྱང་། ཐིག་ལེ་ཆོས་སྐུར་དག་པའི་མྱུར་ལམ་ལ་སྐྱབས་སུ་འགྲོ་བ་དང་། མཐར་ཐུག་བསླུ་བ་མེད་པ་གནས་ལུགས་རྡོ་རྗེ་སྐྱབས་འགྲོ་སྐྱབས་ཡུལ་དེ་དག་གི་ཐུགས་རྒྱུད་ལ་ཞུགས་པའི་ཡེ་ཤེས་ངོ་བོ་སྟོང་བ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་རྣམ་གསུམ་དབྱེར་མེད་ཆེན་པོ་རང་རྒྱུད་ལ་བསྒྲུབ་བྱར་བྱེད་ཅིང་ལ་བཟླ་བའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་ཡིན” ཅེས་གསུངས་འདུག །
དགེ་འདུན་རྒྱ་མཚོ་ལགས། ཁྱོད་ཀྱིས་ལེགས་པོ་ཞིག་ཀློག་མི་འདུག བོད་ལུགས་ལ་གསང་སྔགས་གཙོ་བོ་ཡིན་པའི་ཆ་ནས་བླ་མ་སྔོན་ལ་བགྲངས་དགོས་་པར་མ་ཟད་བླ་མ་ནི་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོར་འདོད། ཅེས་གསལ་བོ་བྲིས་ཡོད། །
ཕྱི་བ་སངས་རྒྱས་དང་ནང་བ་སངས་རྒྱས་གཉིས་ལ་ཅི་ཁྱད། སངས་རྒྱས་ཀྱི་ཆོས་ལ་སྐྱབས་པ་དང་དད་ཚུལ་གཅིག་པ་རེད། མགོ་སྟོང་ཚོར་སྐད་ཆ་བཤད་ཁོམ་ཡོད་དུས་ཅི་བཤད་འདི་བཤད་ཟིག་མེད་ཀི། ཧ་ཧ་ཧ།
དྷ་སར་གནས་པ་བོད་ཀྱི་ལོ་རྒྱུས་སྨྲ་བ་ཞིག་གིས་གསུངས་པ་ལྟར་ན། སྔར་བརྩམས་པའི་བོད་དཔེ་ཞིག་ཀློག་པ་ན། ཕལ་ཆེར་རྩོམ་པ་པོ་དེ་བོད་ལུང་པ་གང་གི་སྐྱེས་བུ་ཡིན་ཤེས་པར་དཀའ། ད་ལྟའི་ཆ་ལ་འབྲི་བ་པོ་ལུང་པ་གང་ནས་ཡིན་པ་གསལ་པོར་ཤེས་ཐུབ་ཅེས་བཤད་པ་དོན་ལ་གནས་སོ།
རྟ་བདུན་དབང་པོ་མཆོག་གིས་སྐྱབས་འགྲོའི་རྣམ་གཞག་མདོར་བསྡུས་སུ་བཀོད་པར་གཟེངས་བསྟོད་ཞུ་འོས་སུ་མཆིས། འོན་ཀྱང་རང་གཞན་གྱི་བློ་རྒྱས་པའི་ཆེད་དུ། ཡིན་པ་དང་མ་ཡིན་པ་ལ་དཔྱད་དགོས། དེ་ཡང་འདི་ལྟ་སྟེ།
“རང་ཉིད་ངན་སོང་གི་སྡུག་བསྔལ་ལ་སྐྲག་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་སྐྱེས་བུ་ཐ་མ་ཡིན། “ ཅེས་པར་རང་ཉིད་ངན་སོང་གི་སྡུག་བསྔལ་ལ་སྐྲག་ནས་མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་སྐྱེས་བུ་ཐ་མ་ཡིན། ལམ་རིམ་ཆེན་མོ་སོགས་ན། དེ་ལྟར་ཡོད་དྲན།
“རང་གཞན་ཐ་དག་ཐར་བ་དང་ཐམས་ཅད་མཁྱེན་པའི་” ཞེས་པར་རང་གཞན་མཐའ་དག་ཐར་པ་དང་། ཞེས་དགོས།
“ཡང་ན་ད་ལྟའི་སྐལ་བ་བཟང་བོ་འདིའི་སངས་རྒྱས་སྟོང་ལ་སོགས་ཡིན།” ཡང་ན་ད་ལྟའི་བསྐལ་པ་བཟང་པོ་འདིའི་སངས་རྒྱས་སྟོང་ལ་སོགས་ཡིན། བཀའ་བསྟན་གསུང་འབུ་དག་པ་རྣམས་ན་དེ་ལྟར་དུ་ཡོད་པ་མཐོང་། དེ་ཡང་བསྐལ་པ་དང་། སྐལ་བ། མིང་ཚིག་འདི་གཉིས་མ་ནོར་བ་གལ་ཆེ།
“དགེ་འདུན་ལ་སྐྱབས་སུ་སོང་ནས་ལྟ་སྤྱོད་མི་མཐུན་པའི་གྲོགས་དང་མི་འགྲོག་པ་སོགས་ཡིན། བསླབ་བྱ་རྒྱས་པ་ནི་ལམ་རིམ་ཆེན་མོ་སོགས་ལ་གཟིགས་རོགས་ཞུ།” དགེ་འདུན་ལ་སྐྱབས་སུ་སོང་ནས་ལྟ་སྤྱོད་མི་མཐུན་པའི་གྲོགས་དང་མི་འགྲོགས་པ་སོགས་ཡིན། བསླབ་བྱ་རྒྱས་པ་ནི་ལམ་རིམ་ཆེན་མོ་སོགས་ལ་གཟིགས་གྲོགས་ཞུ། དེ་ཡང་ཁྱེད་རྣམས་ཀྱིས་ཟུར་ཆག་ཁ་སྐད་གཙོ་བོར་འཛིན་པ་དང་། ཁོ་བོ་ནི་ཟུར་མ་ཆག་པ་དང་། རིག་གཞུང་སྐད་གཙོ་བོར་འཛིན་པ་ལས་དེ་ལྟར་འབྱུང་བར་སེམས་སོ།
སངས་རྒྱས་ལ་སྐྱབས་སྟོན་པ་པོ། ཆོས་ལ་སྐྱབས་དངོས། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་འདུ་ཤེས་དགོས་ཞེས་དང་། དམ་པའི་དོན་དུ་འགྲོ་བ་ཡི་སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། ཞེས་པ་ཞིག་ཀྱང་ངག་ཏུ་ཡོད་པ་དག་འགྲིག་མིན་དཔྱད་པར་མཛོད། རྒྱ་གར་རྡོ་རྗེ་གདན་དུ་འགྲོ་བའི་ལམ་ན་བྲིས་སོ།
རྒན་འཇམ་དཔལ་ལགས་རྒྱ་གར་རྡོ་རྗེ་གདན་དུ་ཕེབས་བཞིན་ཡོད་པར་བཀྲ་ཤིས་བདེ་ལེགས།
མཁས་པ་སེམས་དཔའ་རྡོ་རྗེས་མཛད་པའི་གྲུབ་མཐའ་ལུང་རིགས་སྙེ་མའི་གླེང་བརྗོད་ནང་། དུས་ཀྱི་བསྐལ་པ་ལ་སྐལ་པ་འབྲི་བ་དང་གོ་སྐལ་ལ་བསྐལ་པ་འབྲི་བ་འདི་མཁས་པ་སེམས་དཔའ་རྡོ་རྗེའི་ཐུན་མིན་ལུགས་ཡིན་ཟེར་ནས་བྲིས་འདུག རྒྱུ་མཚན་ནི་མི་ཤེས། གཅིག་བྱས་ན་ལེགས་སྦྱར་མ་སྐད་ཀྱི་གོ་དོན་གྱི་གནད་ཅིག་དང་འབྲེལ་བཞིན་མེད་དམ། ལེགས་སྦྱར་མཁྱེན་པ་རྣམས་ཀྱིས་གཟིགས་རྟོག་མཛོད།
དྲི་བ་ཞིག་ཡོད། རྟ་བདུན་དབང་པོས་དོལ་ཚོགས་དང་། བོན་པོ་འདི་དག་སྐྱབས་འགྲོའི་ཕྱི་ནང་གང་དུ་འདོད་ཀི་ཡོད་དམ།
འཇིགས་མེད་བློ་གྲོས།་མཆོག་ལ་གུས་འདུད།
དུས་ཀྱི་བསྐལ་པ་ལ་རྒྱ་གར་སྐད་དུ། ཀལྤ། དང་། བགོ་སྐལ་ལ། བྷཱགྱ། ཞེས་ཡིད་ལ་དྲན། ཡིག་ནོར་དག་གཞན་གྱིས་བསྟན་པ་ན། དངོས་གནས་ལ་བཀའ་དྲིན་ལེགས་གསོལ་བཅས་དང་དུ་ལེན། གཞན་རྣམས་ཀྱིས་ཀྱང་དེ་ལྟར་མཛད་ན། བོད་ཀྱི་རིག་གཞུང་གོང་འཕེལ་དུ་འགྲོ་བ་གདོན་མི་ཟའོ།
རྒྱལ་པོ་དང་བླ་རྒན་དམར་གསོད་གཏོང་མཁན་གྱི་བན་དེའི་གྲྭ་བ་དང་མཁན་པོ་དེ་ཚོ་དང་། དམར་གསོད་ཀྱི་བྱ་བ་དེ་རྣམས་ལ་རྗེས་སུ་ཡིད་རངས་ཞུ་མཁན་ཀྱི་ཟིང་ཟིང་དེ་ཚོའི་བརྒྱུད་ལ་ཁྱེད་ཚང་གི་སྐྱབས་འགྲོ་དེ་ཡོད་དམ། །
རྟ་བདུན་དབང་བོ་ལགས།
ལུང་འདྲེན་ཙམ་མ་ཡིན་པར། ཁྱེད་རང་ཉིད་ཀྱིས་ཚིག་ནག་སྒོ་ནས་རྩ་རླུང་ཐུག་ལེར་སྐྱབས་སུ་འགྲོ་སྟངས་གསུང་རོགས།
རྒྱལ་པོ་དང་བླ་རྒན་དེ་སྐྱེ་སྡམ་ནས་བསད་ན་བསད་པ་རེད། མདའ་ཕེན་ནས་བསད་ན་བསད་པ་རེད། ཡང་ངན་སྔགས་དྲངས་ནས་བསད་ན་ཡང་བསད་པ་རེད་དོ། བོན་ལགས།
རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཞེས་གསུངས་པའི་སྐྱབས་ནི་དོན་དམ་པའི་སྐྱབས་ཡིན་ལ། དེ་ཡང་ལམ་མམ་དགོས་དོན་མཐར་ཐུག་པར་རྫོགས་པར་སྣང་ཞིང་། དོན་ལའང་དགོས་དོན་མཐར་ཐུག་པར་རྫོགས་པའི་ཆ་ནས་དོན་དམ་པའི་སྐྱབས་སུ་བཞག་པ་ཡིན། འདིས་སངས་རྒྱས་དེ་སྐྱབས་དངོས་ཡིན་པ་དང། ཆོས་དང་དགེ་འདུན་སྐྱབས་དངོས་མིན་པའི་དོན་མ་རེད། དོན་དམ་པའི་སྐྱབས་ཞེས་པ་ནི་སྐྱབས་མཐར་ཐུག་ཞེས་པའི་དོན་རེད།
ཡང་རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །ཞེས་པ་འདིས་སློབ་པའི་སྤངས་རྟོགས་ཀྱི་ཆོས་དང་ཐེག་པ་གསུམ་གྱི་འཕགས་པ་སློབ་པ་རྣམས་གནས་སྐབས་དང་ཀུན་རྫོབ་པའི་སྐྱབས་ཡིན་པར་བཤད། འདིས་ཐེག་གསུམ་གྱི་སློབ་པ་འཕགས་པ་རྣམས་ལམ་གྱི་བགྲོད་པ་མཐར་མ་ཕྱིན་པའི་ཆ་ནས་གནས་སྐབས་དང་ཀུན་རྫོབ་པའི་སྐྱབས་སུ་བཞག་ཀྱང་སྐྱབས་དངོས་མ་རེད་ཞེས་པའི་དོན་མ་རེད། དཀོན་མཆོག་གསུམ་གྱི་ནང་ནས་སངས་རྒྱས་དཀོན་མཆོག་དེ་སྐྱབས་སྟོན་པ་པོ། ཆོས་དཀོན་མཆོག་སྐྱབས་དངོས་། དགེན་འདུན་དཀོན་མཆོག་དེ་སྐྱབས་སྒྲུབ་པའི་ཟླ་གྲོགས་རེད།
དེས་ན་སྐྱབས་དངོས་དང་སྐྱབས་མཐར་ཐུག་པ་གཉིས་ཁྱད་པར་ཆེན་པོ་ཡོད། གོང་དུ་རྟ་བདུན་དབང་པོས་ཀྱང་དེ་གཉིས་ཀྱི་ཁྱད་མ་ཕྱེ་བ་འདྲ་བོ་འདུག དཀོན་མཆོག་གསུམ་ལ་དོན་དམ་པ་དང་ཀུན་རྫོབས་པའི་སྐྱབས་གཉིས་རེ་ཕྱེ་རྒྱུ་ཡོད་པ་བཞིན། དཀོན་མཆོག་གསུམ་པོ་རེ་རེ་ལ་ཡང་དོན་དམ་པའི་དགེན་འདུན་དཀོན་མཆོག་དང་ཀུན་རྫོབ་པའི་དགེ་འདུན་སོགས་རེ་རེ་ནས་ཕྱེ་རྒྱུ་ཡོད།
(སྔོན་བླ་བྲང་དགོན་པའི་མཐའ་བ་ན་གྲྭ་བ་ཚང་མ་ངོ་ཤེས་མཁན་གྱི་རྒད་པོ་ཞིག་ཡོད་པ་དེས། ངས་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་འདོན་དུས་གྲྭ་བ་ཚང་མར་ཚོགས་གྲལ་དུ་བསྒྲིགས་ནས་འདོན་པ་འདོན་དུས་དད་པ་དུང་ངེས་པ་ཞིག་སྐྱེས་ཐུབ་ཀྱི་འདུག དེ་མིན་གྲྭ་བ་རེ་རེར་བསམ་བློ་བཏངས་ན་གཅིག་ལའང་དད་པ་སྐྱེས་ཐུབ་ཀྱི་མི་འདུག་ཟེར་བའི་གཏམ་ཞིག་རླུང་ལྟར་གྲགས་སོ།།) རྒད་པོ་ཡག་པོ་རེད། ཚོགས་གྲལ་དུ་འདོན་པ་འདོན་དུས་གྲྭ་བ་དེ་ཚོ་ལ་དད་པ་སྐྱེ་བ་དེ་ཡག་པོ་རེད། དེང་སང་གི་བོད་པའི་སྐྱེས་ཕོ་མོ་དེ་ཚོ་ལ་ནི་ཚོགས་གྲལ་དུ་འདོན་པ་འདོན་མཁན་དེ་ཚོ་ལ་ཡང་དད་པ་སྐྱེ་ཡི་ཡོད་ས་མ་རེད། ཚོགས་ཚོགས་དུ་ཆོས་མཇལ་ཡོང་མཁན་དེ་འདྲ་འདུག་དེ་ཚོགས་ཀྱི་གྲལ་འཇུག་ནས་ཕྱག་འཚལ་གྲོགས་བྱེད་ཀྱི་མི་འདུག ཡ་གི་མཆོད་ཤམ་གྱི་ཁྲི་ལ་འགྲོ་ནས་ཕྱག་འཚལ་གྱི་འདུག མི་ཁོམས་དགུ་པ་ལ་གནས་པ་ཞིག་ཡིན་པས་ཡིག་ནོར་ཡོད་རིགས་ལ་དགོངས་སེལ་ཞུ།
རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར།། འདི་ལུང་ཡག་པོ་དྲང་འདུག སངས་རྒྱས་སྐྱབས་ཡིན་ལ་ཕྱི་རོལ་བའི་ལྷ་དབང་ཕྱུག་སོགས་སྐྱབས་མ་ཡིན་པའི་རྒྱུ་མཚན་བཞི་བཀོད་འདུག འདི་ལ་དོགས་པ་གཅིག་ཞུས་ཆོག་པ། ༡༽ ལྷ་དབང་ཕྱུག་ཆོས་ཅན། སྐྱབས་མ་ཡིན་ཏེ། རང་ཉིད་འཁོར་བ་ལས་མ་གྲོལ་ཞིང་འཁོར་བའི་འཇིགས་པ་དང་བཅས་པའི་ཕྱིར་ཟེར་ན། སོ་སྐྱེས་ཡིན་པར་གྱུར་བའི་རང་གི་རྩ་བའི་བླ་མ་ཆོས་ཅན། ཡང་ན་སོ་སྐྱེ་ཡིན་པར་གྱུར་བའི་དགེ་འདུན་ཆོས་ཅན། སྐྱབས་མ་ཡིན་པར་ཐལ། འཇིགས་དང་བཅས་པའི་ཕྱིར་ཟེར་ན་ལན་ཅི་ལྟར་འདེབས།
༢༽ སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་མི་འཛིན། འདི་ལ་ཡང་སངས་རྒྱས་ལ་སྐྱས་སུ་སོང་ནས་འཇིག་རྟེན་པའི་མི་ལ་སྐྱབས་སུ་འཛིན་མི་ཆོག་པ་མཚུངས་པའི་ཕྱིར། དེ་བཞིན་དུ་འཇིག་རྟེན་པའི་ལྷ་སྐྱབས་སུ་འཛིན་མི་ཆོག་ན། འཇིག་རྟེན་པའི་མི་སྐྱབས་སུ་འཛིན་མི་ཆོག་པ་རྒྱུ་མཚན་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར།
༣༽ ཡང་སོ་སྐྱེས་ཡིན་པར་གྱུར་བའི་ལྷ་ལ་དགེ་འདུན་ཡོང་ཆོག་གམ་མི་ཆོག་སོགས་ལ་ཡང་ལན་ཞིག་ཡོད་པར་མཁྱེན།
ང་ཚོ་ཨ་རི་ན་ཡོད་པའི་བོད་པ་འགའ་ཤས་ཤིག་དགོང་ཟས་ཀྱི་ཆེད་དུ་མཉམ་དུ་འཛོམས་པ་ཡིན། དེ་དུས་ཆབ་སྲིད་དང་ཆོས་ཀྱི་སྐོར་ལ་བགྲོ་གླེང་ཅུང་ཟད་ཅིག་བྱས་སོང་། བོད་མི་ཚང་མ་ནང་པ་ཡིན་མིན་དང་སྐྱབས་འགྲོ་སྐོར་ཀྱང་གླེང་མོད་བྱས་སོང་།ཚང་མས་སྐྱབས་འགྲོ་འདོན་གྱི་ཡོད་ཟེར་མོད། འོན་ཀྱང་མི་གཅིག་གིས་ཀྱང་སྐྱབས་འགྲོ་བཤད་ཤེས་མ་སོང་། དེའི་ཆེད་དུ་ངས་སྐྱབས་སུ་འགྲོ་ཚུལ་བསྡུས་པ་འདི་བྲིས་ནས་གདོང་དེབ་བརྒྱུད་ནས་བསྐུར་བ་ཡིན། ངས་ཀྱང་སྐྱབས་འགྲོའི་མཚན་ཉིད་དང་མཚན་གཞི་སོགས་དབྱེས་ནས་བྲིས་རྒྱུ་ཡིད་ལ་མ་ཤར་བ་མིན། བརྡ་དག་དང་སྙན་ངག་སོགས་ལ་ཆ་རྒྱུས་ཡོད་ཀྱང་ཆོས་ལ་རྒྱུས་མེད་མཁན་ཚོའི་ཆེད་དུ་མགོ་ཉོག་མི་འོང་ཙམ་ཞིག་བྲིས་པ་ཡིན། ཤེས་མཁན་ཚོར་བྲིས་པ་མིན་པས་མཁྱེན་རོགས་མཛོད། །
གཞོན་ནུ་ཟླ་མེད་་ལགས།
ང་ཚོས་བླ་མ་ལ་སྐྱབས་སུ་འགྲོ་ཚུལ་དེ་བླ་མ་སངས་རྒྱས་ཀྱི་བདག་ཉིད་དུ་མོས་ནས་སྐྱབས་སུ་འགྲོ་ཡི་ཡོད། དེར་བརྟེན་དོན་གྱིས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ལས་མ་འདས་མོད། འོན་ཀྱང་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་འགྲོ་སྟངས་དེ་ལྷ་དེ་ག་རང་རང་གི་སྐྱབས་ངོ་མར་བྱས་ནས་སྐྱབས་སུ་འགྲོ་ཡི་ཡོད་པས། འདི་ཉིད་རྩ་བ་ནས་མི་འདྲ་བ་ལགས།
དོན་ལ་སྐྱབས་འགྲོ་ཡོད་མེད་ནི་རང་གིས་རང་ལ་དཔྱད་པ་བྱེད་རྒྱུ་དེ་རེད། བདག་ཉིད་བདག་གི་མགོན་ཡིན་ཏེ། གཞན་ནི་སུ་ཞིག་མགོན་དུ་འགྱུར། བདག་ཉིད་ལེགས་པར་འཐུལ་བ་ཡིས། མཁས་པས་མཐོ་རིས་འཐོབ་པ་འགྱུར།
གཞོན་ནུ་ཟླ་མེད་ལགས།
སོ་སྐྱེས་ཡིན་པར་གྱུར་བའི་རང་གི་རྩ་བའི་བླ་མ་ཆོས་ཅན།་
་ཟེར།
ང་ཚོས་བླ་མ་ལ་སྐྱབས་སུ་འགྲོ་ཚུལ་དེ་བླ་མ་སངས་རྒྱས་ཀྱི་བདག་ཉིད་དུ་མོས་ནས་སྐྱབས་སུ་འགྲོ་ཡི་ཡོད། དེར་བརྟེན་དོན་གྱིས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ལས་མ་འདས་མོད།
ཟེར།
ནང་འགལ་ཆེན་པོ་རེད།
འདུལ་གཞུང་ན་བླ་མ་ལ་བླ་མའི་འདུ་ཤེས་འཇོག་དགོས་ཚུལ་ཅིག་གསུངས་ཡོད་རེད། འདི་བླ་མེད་ནས་བཤད་པའི་བླ་མ་དང་རྦད་དེ་ཐག་རིང་བོ་རེད་ལགས། རྩ་བའི་བླ་མ་ལ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་མོས་ནས་བསྐྱེད་པའི་དམིགས་པ་བྱེད་ཚུལ་དང་བླ་མ་དཀྱིལ་འཁོར་གྱི་བདག་ཉིད་ཀྱི་ངོ་བོར་བསྐྱེད་ནས་སྒོམ་པ་སོགས་སྔགས་གཞུང་ལ་ཆེད་དུ་མ་སྦྱངས་ན་ཟུར་བལྟས་ཙམ་གྱིས་མི་ཤེས་ཀི།
རྙིང་ཕྱོགས་ཀྱི་རྩ་གསུམ་ཀུན་འདུས་དང་འདིར་འབྲེལ་བ་མེད།
བླ་མ་ཉིད་སངས་རྒྱས་མ་ཡིན་ཡང་དེ་ལྟར་ཡིན་པར་མོས་བློ་བྱེད་པ་ནི་ངོ་མ་དགོད་བྲོ་བོ་རེད་ལགས། བཀའ་ལོངས་སྤྱོད་རྫོགས་པའི་ངོ་བོ་ནས་སྐུ་ལ་གཡོ་བ་ཅུང་ཟད་ཙམ་ཡང་མེད་ཀྱང་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ནི། རང་གཙོ་བོར་གྱུར་བའི་གདུལ་བྱ་འདུལ་བའི་ཆེད་དུ་བསམ་བཞིན་དུ་སྐྱེས་པ་བླངས་ནས་གང་ལ་གང་འདུལ་གྱིས་ཐབས་སྣ་ཚོགས་ལ་བརྟེན་ནས་སྒོ་གསུལ་གྱི་བྱ་བ་སོགས་བཏུལ་ནས་ཆོས་ལྡན་གྱི་བྱ་བ་དང་། ལེགས་ལམ་སོགས་ལ་འཁྲིད་པའི་རྩ་བའི་བླ་མ་ཞིག་རང་གི་བསོད་ནམས་ཀྱི་བགོ་སྐལ་དུ་ཤར་བ་ནི་སངས་རྒྱས་ཀྱི་འཕྲིན་ལས་ཉག་གཅིག་ཡིན་པར་ངེས་པ་གཏིང་ནས་རྙེད་དགོས་པ་ཡིན། དེ་ལྟར་མ་བྱུང་ན་སངས་རྒྱས་ལ་སྐྱབས་སུ་སོང་བའི་ཚད་ཀྱང་འཇོག་མི་ཤེས། ད་དུང་བླ་མའི་རྣལ་འབྱོར་ལ་གོ་བ་ཆགས་ཡོད་མ་རེད་ལགས། ངས་བསམ་ན་ད་དུང་རང་གི་བླ་མའི་ངོ་བོ་འཚོལ་དགོས་པ་རེད།
བླ་མ་ཉིད་སངས་རྒྱས་མ་ཡིན་ཡང་དེ་ལྟར་ཡིན་པར་མོས་བློ་བྱེད་པ་ནི་ངོ་མ་དགོད་བྲོ་བོ་རེད་ལགས།
ལེགས་ལམ་སོགས་ལ་འཁྲིད་པའི་རྩ་བའི་བླ་མ་ཞིག་རང་གི་བསོད་ནམས་ཀྱི་བགོ་སྐལ་དུ་ཤར་བ་ནི་སངས་རྒྱས་ཀྱི་འཕྲིན་ལས་ཉག་གཅིག་ཡིན་པར་ངེས་པ་གཏིང་ནས་རྙེད་དགོས་པ་ཡིན།
དེང་སེང་བདག་ཉིད་བདག་གི་མགོན་ཡིན་ཏེ།། ཞེས་པའི་ལུང་འདི་རང་ཉིད་རང་ཉིད་ཀྱིས་སྐྱབས་པ་མ་གཏོགས། གཞན་དཀོན་མཆོག་གསུམ་གྱིས་ཀྱང་མི་སྐྱབས་པ། གཞན་སུ་ལ་ཡང་རག་མ་ལས་པ་འདྲ་བོ་ཞིག་ལ་གོ་གི་ཡོད་པ་འདྲ་འདུག་མོད། དེ་ནི་གཞུང་ལུགས་ཚད་ལྡན་དག་ནས་སྐྱབས་གསུམ་གྱི་རྣམ་བཞག་བཤད་པ་དང་ཁ་ཐག་ཤིན་ཏུ་རིང་སྙམ། གཞུང་ལུགས་ཀྱི་དྲི་བ་འདྲི་དུས་ལུང་དང་རིགས་པ་བཀོད་ནས་བགྲོ་གླེང་གནང་པའི་ལུགས་སྲོལ་དེ་ཤིན་ཏུ་ལེགས་པ་ལས། ཚོར་བས་ཐག་བཅད་ན་མགུ་ཁེངས་མི་ཐུབ་ལགས།
གང་ལྟར་དྲ་གྲོགས་ཚོས་ལན་གནང་བ་ཐུགས་རྗེ་ཆེ།
དབྱངས་ཅན་འབངས་ལགས་གྱི་དྲི་ལན(གཞོན་ནུ་ཟླ་མེད་་ལགས།ང་ཚོས་བླ་མ་ལ་སྐྱབས་སུ་འགྲོ་ཚུལ་དེ་བླ་མ་སངས་རྒྱས་ཀྱི་བདག་ཉིད་དུ་མོས་ནས་སྐྱབས་སུ་འགྲོ་ཡི་ཡོད། དེར་བརྟེན་དོན་གྱིས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ལས་མ་འདས་མོད། འོན་ཀྱང་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་འགྲོ་སྟངས་དེ་ལྷ་དེ་ག་རང་རང་གི་སྐྱབས་ངོ་མར་བྱས་ནས་སྐྱབས་སུ་འགྲོ་ཡི་ཡོད་པས། འདི་ཉིད་རྩ་བ་ནས་མི་འདྲ་བ་ལགས།) གསུངས་པ་དེར་ཡང་བསྐྱར་དོགས་པ་ཆེ་རུ་འགྲོ་སོང་། ༡༽་ཁ་ཆེ་ནང་ན་མང་བོ་ཅིག་གིས་བདག་ཅག་གི་སྟོན་པ་དེ་ཨ་ལ་ཡི་སྤྲུལ་བ་ཡིན་པར་བཤད། འདི་ནི་མ་ན་ཡེ་སུམ་ཟེར་བའི་ཁ་ཆེའི་ཆོས་ལུགས་དེ་དར་བ་ནས་བཟུང་ཡོང་གི་ཡོད་པ་རེད། དེ་ན་ཁོང་ཚོས་དེ་གཉིས་ངོ་བོ་གཅིག་ཏུ་བལྟས་ནས་སྐྱབས་སུ་འཛིན་པ་དེ། སངས་རྒྱས་སྐྱབས་སུ་བཟུང་བ་འེ་རེད་ལགས།
༢༽ དེ་བཞིན་ཏུ་ཁྱབ་འཇུག་པ་རྣམས་ཀྱིས་ཀྱང་བདག་ཅག་གི་སྟོན་པ་དེ། ཁྱབ་འཇུག་གི་འཇུག་པ་བཅུ་བོ་གང་རུང་ཞིག་ཏུ་མོས་ནས་སྐྱབས་སུ་འཛིན་པར་གྲུབ་མཐའ་ལས་བཤད།་དེ་ན་ཁོང་ཚོས་དེ་གཉིས་ངོ་བོ་གཅིག་ཏུ་བལྟས་ནས་སྐྱབས་སུ་འཛིན་པ་དེ། སངས་རྒྱས་སྐྱབས་སུ་བཟུང་བ་འེ་རེད་ལགས།
༣༽ ཡང་ལོ་ཤས་སྔོན་ནས་བཟུང་རྒྱལ་བོ་ཤུགས་ལྡན་པ་རྣམས་ཀྱིས་རྒྱལ་བོ་ཤུགས་ལྡན་དེ་ཡི་དམ་གྱི་འགྲོ་སྟངས་ལྟར་བསྐྱེད་རྫོགས་ཀྱི་ཆོ་ག་བྲིས་ནས་སྐྱབས་སུ་འཛིན་པར་བཤད། འདི་ནི་གདན་གསུམ་རྒྱུད་གྲྭ་སྟོད་སྨད་ཀྱི་མཁན་ལས་ཟུར་རྣམས་ཀྱིས་མཛད་པའི་དགག་པའི་དེབ་དེ་ལས་གསུངས། དེ་ལྟར་ན་ཁོང་ཚོས་ཡི་དམ་སྐྱབས་སུ་འཛིན་པ་ལས། རྒྱལ་བོ་ཤུགས་ལྡན་སྐྱབས་སུ་མ་བཟུང་ཟེར་དགོས་པ་འེ་རེད། ཡང་ན་ཡི་དམ་དང་རྒྱལ་བོ་ཤུགས་ལྡན་གཉིས་ཀ་སྐྱབས་སུ་བཟུང་ཟེར་དགོས་པ་རེད། འདི་དག་ལ་འགལ་བ་ཅི་ལྟར་སྤོངས་ལགས།།
དགེ་འདུན་རྒྱ་མཚོ་ལགས། ༧གོང་ས་མཆོག་གི་ལམ་རིམ་གསུངས་ཆོས་ལས་ལམ་མ་ཞུགས་ཀྱི་རྩ་བའི་བླ་མ་ཡོང་ཆོག་གི་རེད་གསུངས། དེ་བཞིན་ཏུ་དབུ་མ་འཇུག་པའི་སྐབས་ན་ཐེག་པ་ཆེན་པོས་ཆོས་གཞན་ལས་ཉན་ནས་གཞན་ལ་སྒྲོག་པ་ལ་ཐོས་སྒྲོག་ཟེར་བ་ཞིག་ཀྱང་འདུག དེ་ན་ཐེག་པ་ཆེན་པོ་བླ་མ་ཡིན་པ་ལ་ཐེག་ཆེན་ལམ་ཞུགས་ཡིན་མི་དགོས་པ་འདྲ་ལ། ཐེག་པ་ལྷག་མ་རྣམས་ལ་ཡང་མཚུངས་སོ་སྙམ།
ཟླ་མེད་ལགས། རྒྱུད་བླ་མའི་ཞུང་དེས་ནི་གཙོ་བ་སློབ་པ་འཕགས་པའི་དགེ་འདུན་ད་གཏན་གྱི་སྐྱབས་སམ་དོན་དམ་པའི་སྐྱབས་མ་ཡིན་ཞེས་པའི་དོན་རེད། དེས་ལྷ་དབང་ཕྱུག་སོགས་སྐྱབས་མ་ཡིན་པ་བཤད་རུང་ཙམ་ཡོད་ཀྱང་དོན་གཙོ་བོ་དེ་མ་རེད། ཚིགས་དེ་མཇུག་ཏུ་ གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གཏན་གྱི་སྐྱབས་སམ་དོན་དམ་པའི་སྐྱབས་མ་ཡིན་ཞེས་པའི་དོན་རེད། ༼སོ་སྐྱེས་ཡིན་པར་གྱུར་བའི་རང་གི་རྩ་བའི་བླ་མ་ཆོས་ཅན། ཡང་ན་སོ་སྐྱེ་ཡིན་པར་གྱུར་བའི་དགེ་འདུན་ཆོས་ཅན། སྐྱབས་མ་ཡིན་པར་ཐལ། འཇིགས་དང་བཅས་པའི་ཕྱིར་ཟེར་ན་ལན་ཅི་ལྟར་འདེབས།༽དྲི་བ་འདི་གཉིས་ཀྱི་ལན་ལ་དང་པོ་ནི་ཆོས་ཅན་གཞི་མ་གྲུབ་པ་ཡིན་དེ། སོ་སྐྱེས་ཡིན་པར་འགྱུར་པའི་རང་གི་རྩ་བའི་བླ་མ་གཞི་མ་གྲུབ་པའི་ཕྱིར་དེ། རང་གི་རྩ་བའི་བླ་མ་ཡིན་ན་སངས་ཀྱི་རྣམ་སྤྲུལ་ཡིན་པས་ཁྱབ་པའི་ཕྱིར། དེས་ན་བླ་མ་ལ་སྐྱབས་སུ་མཆི་འོ་ཞེས་པའི་བླ་མ་ཡང་དཀོན་མཆོག་གསུམ་གྱི་ནང་ནས་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་འདུས་ཀྱང་བཀའ་དྲིན་ཆེ་བའི་ཆ་ནས་ཟུར་དུ་འདོན་པ་རེད། གཉིས་པ་ལ་འདོད་རིག་པ་ཡིན་དེ། སོ་སྐྱེས་དགེན་འདུན་རྣམས་གཏན་གྱི་སྐྱབས་མ་ཡིན་པའི་ཕྱིར་དེ། ཀུན་རྫོབ་པའི་སྐྱབས་ཡིན་པའི་ཕྱིར། ཡང་འཇིག་རྟེན་པའི་ལྷ་ཟེར་བ་ནི་ང་འཇིག་རྟེན་བྱེད་པ་པོ་ཡིན་ཟེར་མཁན་དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་ཡིན། དེ་དག་ནི་དངོས་པོ་གནས་ཚོད་དང་མི་མཐུན་པའི་རྣམ་བཞག་བྱེད་མཁན་ཡིན་པས་སྐྱབས་སུ་མི་འོས་ཀྱང། འཇིག་རྟེན་པའི་མི་ཞེས་པ་དེ་ཁྱེད་ང་ལྟ་བུ་ལ་བྱེད་ན་སྐྱབས་མ་ཡིན་ཡང་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་འཇིག་རྟེན་སོ་སྐྱེས་ཡིན་པར་འགྱུར་པའི་དགེ་སློང་བཞི་ཚོགས་པའི་དགེ་འདུན་ནི་ལྟ་བ་དང་སྤྱོད་པ་གང་གི་ཆ་ནས་ཀྱང་སངས་རྒྱས་ཀྱི་རྗེས་འཇུག་ཁྲུལ་མེད་ཡིན་པས་སྐྱབས་ཡིན།
༼དགོང་ཟས་ཀྱི་ཆེད་དུ་མཉམ་དུ་འཛོམས་པ་ཡིན། དེ་དུས་ཆབ་སྲིད་དང་ཆོས་ཀྱི་སྐོར་ལ་བགྲོ་གླེང་ཅུང་ཟད་ཅིག་བྱས་སོང༽
རྟ་བདུན་དབང་པོ་ལགས། ཁྱེད་རྣམས་དགོང་ཟས་དང་ལྷན་དུ་ཆོས་ཀྱི་བགྲོ་གླེང་གནང་བ་ཐུགས་རྗེ་ཆེ། སྔར་བོད་དུ་གྲྭ་བ་འདོབ་འདོབ་ཁ་ཤས་ཐུགས་སྤྲོ་ལ་འགྲོ་ནས་ཟ་མ་ཟ་སྐབས་གཅིག་གི་དབུ་མཛད་བྱས་ནས་མཆོད་པ་ཕུལ་བ་རེད། མཆོད་པའི་ཚིགས། སྟོན་པ་བླ་མེད་་་་་་་་་་་སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་ཕུལ། །ཞེས་པ་དང་གཞན་ཞིག་གིས་ཨ་རོ། དཀོན་མཆོག་གསུམ་དེ་སུ་སུ་རེད། ཞེས་དྲི་བ་ཞིག་འདོན་པ་དང་ཚང་མས་ཕར་ལྟ་ཚུར་ལྟ་བྱས་ནས་འདོབ་འདོབ་གཅིག་གིས་འོ་གཅིག་ད་ང་ཚོའི་བྱམས་པ་བྱམས་རྒན་མ་རེད། ཞེས་དང། ཡང་གཞན་གཅིག་གིས་གཅིག་ད་ཨ་ཁུ་དགྲ་ལྷ་དེ་རེད་ཟེན་ནས་གསུམ་པ་སུ་གང་ལ་ལབ་རྒྱུ་མ་བྱུང་བ་རེད། དེ་ནས་ཁོང་རྣམས་ངོ་ཚ་ནས་རྗེས་སུ་ཆོས་ཀྱི་སློབ་སྦྱོང་ལ་འཇུག་བཤད་སྲོལ་ཡོད་རེད། རྐྱེན་ངན་གྲོགས་ཤར་ཟེར་བ་དེ་རེད།
དགེ་འདུན་རྒྱ་མཚོ་འདི་དངོས་གནས་དག་སྣང་ཅན་ཞིག་རེད་འདུག ང་ཁྱོད་ཀྱི་དག་སྣང་དེ་ལ་ཡིད་སྨོན་ཤོར་སོང་། ང་ལ་དགེ་འདུན་རྒྱ་མཚོའི་དག་སྣང་དེ་ཙམ་ཞིག་ཡོད་ན་སྔར་ནས་སངས་རྒྱས་ཟིན་ཡོད། ངས་ལོ་མང་རིང་ལ་ཉམས་ལེན་བྱས་ཁུལ་ཡིན། ད་དུང་བླ་མ་སངས་རྒྱས་དངོས་ཀྱི་མཐོང་ཐུབ་ཀྱིན་མེད། ཡིན་ནའང་བླ་མ་སངས་རྒྱས་དངོས་ཡིན་སྙམ་པའི་དག་སྣང་སྦྱོང་གིན་ཡོད། གཞོན་ནི་ཟླ་མེད་ཀྱི་མཆན་དེ་དངོས་གནས་རེད། བླ་མ་སངས་རྒྱས་དངོས་ཡིན་མིན་བཤད་ཁག་པོ་རེད། འོན་ཀྱང་སོ་སོས་བླ་མ་བསྟེན་ཚར་དུས་བླ་མ་དེ་སོ་སྐྱེའམ་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་གང་ཡིན་ཀྱང་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོར་དག་སྣང་སྦྱང་དགོས་པ་རེད། །
ང་ཚོ་ནང་པ་ཡིན་མིན་དེ་སྐྱབས་འགྲོའི་མཚན་ཉིད་དང་དབྱེ་བ་བསླབ་བྱ་རེ་རེ་ནས་འགྲེལ་བཤད་བྱེད་དགོས་པ་དེ་འདྲ་མ་རེད། གཙོ་བོ་ནི་རང་ཉིད་འཆི་རྒྱུ་ཡིན་པ་དེ་དྲན་དགོས་པ་རེད། ཤི་བའི་རྗེས་ལ་སྐྱེ་བ་ཞིག་ལེན་རྒྱུ་ཡིན་པ་དང། དེ་ཡང་ང་ཚོས་མིག་གིས་མཐོང་རྒྱུ་ཡོད་པའི་དུད་འགྲོ་ཁྱི་། ཕག་པ། བུ་སྲིན་ལ་སོགས་པ་ལ་སྐྱེ་དང་། ཡང་ན་ད་ལྟའི་ནང་བཞིན་མི་ཡང་ན་དེ་ལས་ལྷག་པའི་ལྷ་སོགས་གང་དུ་སྐྱེ་མི་སྐྱེ་རང་ལ་རང་དབང་ཡོད་མེད་དེ་ཧ་གོ་དགོས། རང་དབང་མེད་ན་ཁྱི་དང་ཕག་པ་ལ་མི་སྐྱེ་བའི་ཐབས་སམ་སྐྱབ་ཐུབ་མཁན་སུ་་འདུག་རང་གིས་རང་ལ་དྲི་བ་ཞིག་བཏང་ན། དེའི་ལན་ལ་དེ་ནི་ཡུལ་ལྷ་གཞི་བདག་དེ་ཚོས་སྐྱབ་ཀྱི་རེད་བསམ་ན་ནོར་བ་རེད། ད་དེའི་ཉིན་མོདཀོན་མཆོག་རང་མཁྱེན་བསམ་པ་དང་དཀོན་མཆོག་གིས་སྐྱབ་ཀྱི་རེད་བསམ་གྱི་འདུག་ན་འགྲིག་པ་རེད། དེ་ཡང་ཆོས་ལུགས་གཞན་ལྟར་དཀོན་མཆོག་ལ་དད་པ་བྱེད་ན་ཁྱེད་རང་དཀོན་མཆོག་གིས་གཟིགས་ཀྱི་རེད་ཟེར་བ་ལྟ་བུ། དེང་སང་གི་དཔོན་བོ་དགའ་ཞིག་ལ་སྤྲེ་ལད་ཁྲབ་ཐུབ་ན་རྩ་བཟང་ས་ཆུ་ཡག་ས་ལ་གོ་གནས་སྤྲད་པ་དང་། ངོ་ལོག་བྱེད་མཁན་རྣམས་ས་ཆ་སྡུག་རི་ངན་ཚད་ལ་སྤོ་འེ་ཐུབ་བྱེད་པ་ལྟ་བུ་མ་ཡིན་པར། ང་ཚོས་སངས་རྒྱལ་སྐྱབས་སུམ་མཆི་ཞེས་ཞུས་པ་དང་སངས་རྒྱས་ཀྱིས་ང་ཚོ་ལ། འོ་ཡ་ད་ཁྱེད་རང་ཁྱི་ཕག་པ་སོགས་ལ་སྐྱེ་འདོད་མེད་ན་ཁྱི་དང་ཕག་པ་སོགས་ལ་སྐྱེ་བའི་རྒྱུ་མི་དགེ་བ་བཅུ་པོ་དེ་རེད། དེ་དག་མ་བྱེད། ལྷ་དང་མི་ལ་སྐྱེ་དགོས་བསམ་ན་དེའི་རྒྱུ་དགེ་བ་བཅུ་དེ་རེད། དེ་ཡག་པོ་སྒྲུབ་ཞེས་བཀའ་སློབ་གནང་ཡོད་པ་དེ་ལག་ལེན་དུ་འཁྱེར་ཐུབ་ཀྱི་འདུག་ན་དེ་དགས་མཐུས་པ་རེད་། སངས་རྒྱས་སྐྱབས་བསྟོན་པ་པོ་ཟེར་བ་ཡང་དེ་འདྲ་ཞིག་རེད། འདི་འདྲ་ཞིག་ནི་མ་མཐའ་ཡང་དགོས་ཀྱི་རེད།
གཞོན་ནུ་ལགས།
༡༽ ཁ་ཆེ་རིགས་ཁ་ཤས་ཀྱིས་དེ་ལྟར་ཁས་ལེན་གྱི་ཡོད་མེད་ཤེས་ཀྱི་མེད། ཡིན་ནའང་ཁ་ཆེ་ཚོས་རྩ་བའི་གྲུབ་མཐའ་ལྟར་ན་ནི་ཁོང་ཚོའི་སྟོན་པ་ ‘མོཧུ་མདྷ་’ ཡང་ ‘ཨལ་ལཱ་’ ཡི་ཕོ་ཉ་ཙམ་ཡིན་པ་ལས་སྤྲུལ་པར་ཁས་ལེན་མི་བྱེད། དེ་ལྟར་ན་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཁ་ཆེའི་རིགས་འགའ་ཤས་ཀྱིས་ཇི་ཙམ་གོང་དུ་བཀུར་ན་ཡང་། དྲང་སྲོང་ཆེན་པོ་དེ་ ‘ཨལ་ལཱ་’ ཡི་སྤྲུལ་པ་ཡིན་ཞེས་རང་གི་སྟོན་པ་ལས་ལྷག་པའི་གནས་བབས་ཞིག་ལ་འཇོག་མི་སྲིད་སྙམ།
༢༽ ཡང་ཁྱབ་འཇུག་པས་འདོད་སྟངས་ནི་ཁ་ཆེ་བ་དེ་ཚོ་དང་མི་འདྲ་བར་ཁྱབ་འཇུག་གི་སྤྲུལ་པར་བརྩི་ཡི་ཡོད། དེ་ཡང་ཁྱབ་འཇུག་གི་འཇུག་པ་བཅུའི་ནང་ཚན་ ‘པར་ཤུ་རཱམ་’ སྟེ་དགྲ་སྟ་ར་མ་ཎས་རྒྱལ་རིགས་ཁྲི་ཕྲག་མང་པོ་བསད་པའི་སྡིག་བཤགས་སླད་ ‘དགེ་སྦྱོང་གཽ་ཏམ་’ དུ་སྐྱེ་བ་བླངས་ཏེ་དཀའ་ཐུབ་སྤྱད་པར་བཤད། བཤད་ཚུལ་དེ་ལ་བརྟེན་ནས་ཁྱབ་འཇུག་པ་ཚོས་སྐྱབས་ཡུལ་གྱི་གྲལ་ལ་ཡིན་ལ་མིན་ལ་ཞིག་བཞག་གིན་ཡོད། ངས་འདིར་ ‘ཡིན་ལ་མིན་ལ་’ ཞེས་པའི་ཚིག་འདི་བེད་སྤྱོད་བྱེད་དགོས་དོན་ཡང་ཁོང་ཚོས་ ‘དགེ་སྦྱོང་གཽ་ཏམ་’ ཁྱབ་འཇུག་གི་སྤྲུལ་པ་ཡིན་ཞེས་བཤད་པ་ཙམ་མ་གཏོགས་དྲང་སྲོང་ཆེན་པོས་ཡོངས་གྲགས་སུ་གསུངས་པའི་བདེན་བཞིའི་རྣམ་གཞག་དེ་ཙམ་ཡང་ཁས་ལེན་གི་མེད་པ་དེས་ཡིན། གལ་ཏེ་ཁོང་ཚོས་ ‘དགེ་སྦྱོང་གཽ་ཏམ་’ སྐྱབས་ཡུལ་དུ་ཁས་བླངས་སུ་ཆུག་ཀྱང་ནང་པ་སངས་རྒྱས་པར་མི་ཆུད་པ་ནི། སྐྱབས་ལ་གཉིས་འཛིན་བྱེད་པ་སྐྱབས་འགྲོའི་གཏོང་རྒྱུ་ཡིན་པས་སོ།།
རྣམ་པ་གཅིག་ཏུ་ན་འདི་ལྟར། ཁྱབ་འཇུག་སྤྲུལ་གཞིར་བཞག་ནས་དེས་དྲང་སྲོང་ཆེན་པོ་དེ་ཉིད་སྤྲུལ་བ་ཡིན་པའི་རྒྱུ་མཚན་གྱིས་སྐྱབས་སུ་འགྲོ་བས་དོན་གྱིས་ཁྱབ་འཇུག་ལ་སྐྱབས་སུ་འགྲོ་བར་ཐལ་ཞིང་། རང་རེས་བླ་མ་ལ་སྐྱབས་སུ་འགྲོ་བ་ན་སངས་རྒྱས་སྤྲུལ་གཞིར་བཞག་ནས་དེས་རང་ཉིད་གདུལ་བའི་དོན་དུ་བླ་མའི་སྐུར་བྱོན་པར་ཡིད་ཆེས་པའི་སྒོ་ནས་སྐྱབས་སུ་འགྲོ་བས་ནི་སངས་རྒྱས་ལ་སྐྱབས་སུ་འགྲོ་བར་སོང་བས་དེ་གཉིས་མཚུངས་པའི་གོ་སྐབས་གཏན་མེད་དོ།། རིགས་པ་འདི་ཁ་ཆེ་བ་ལ་ཡང་སྦྱར་བར་བྱའོ།།
བླ་མ་ལ་དམིགས་ནས་སྐྱབས་འགྲོ་བྱེད་པ་ན་བླ་མ་དེ་དངོས་པོ་ལ་སངས་རྒྱས་ཡིན་མིན་གྱིས་རང་ལ་བྱིན་རླབས་འཇུག་མི་འཇུག་མིན་པར། རང་གི་དད་པས་ཇི་ཙམ་ལྕོགས་པ་དེའི་ཚོད་ཀྱིས་བྱིན་རླབས་ཀྱང་ཆེ་ཆུང་དུ་འགྱུར་ཏེ། བེའུ་སྔོན་པོ་ལས།
བླ་མ་བྱིན་རླབས་ཆེ་དང་ཆུང་བ།།
དངོས་ལ་མ་ཡིན་རང་ལ་རག་ལས།། ཞེས་གསུངས་པས་སོ།།
གན་དིས་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་ཧིན་དུའི་ཆོས་ལུགས་ཀྱི་བྱེ་བྲག་ཅིག་རེད་གསུངས་ཡོད། དེ་ནི་སྟོན་པ་ཤྰཀྱ་ཐུབ་པ་ཁྱབ་འཇུག་གི་འཇུག་པ་བཅུའི་ནང་ཚན་དུ་ཁས་ལེན་པས་རེད་བསམས།
སྐྱབས་འགྲོ་ཆོས་ལུགས་ཚང་མར་ཡོད། འདི་ཆོས་ལུགས་ཚང་མའི་ཐུན་མོང་གི་ཉམས་ལེན་ཞིག་རེད་སྙམ། གང་ཞིག་ཚད་ལྡན་སྐྱབས་འགྲོ་ཡིན་མིན་སོ་སྐྱེ་བ་ཚོའི་དད་པ་དང་དག་སྣང་གིས་འཇོག་པ་ལས། འདི་ལ་ཚད་མ་དང་ཚད་མ་མིན་པའི་སྐད་ཆ་ཤོད་ཐབས་མེད། ཡེ་ཤུ་བ་ཚོ་ལ་ཁོང་ཚོའི་སྐྱབས་འགྲོ་འདི་ཁུངས་བཙལ་ཤོས་རེད། དེ་བཞིན་ནང་པ་ཚོར་ནང་པའི་སྐྱབས་འགྲོ་ཁུངས་བཙན་ཤོས་རེད། འདི་ལ་རྩོད་པ་རྒྱག་ཐབས་མེད། གཙོ་བོ་ཤི་རྗེ་གང་ཡོང་གི་ཡོད་པ་སུས་ཀྱང་མཐོང་ཐུབ་ཀྱི་མེད། རྙོག་ཁྲ་འདི་རེད།
ང་ཚོས་སྐྱེ་བ་ཕྱི་མ་ཟེར་བ་འདི་མཐོང་རྒྱུ་མེད་པ་དང་རིག་རྒྱུ་མེད་པའི་དབྱིངས་ལ་རིགས་པ་བཏང་ནས་འགྲུབ་ཀྱི་ཡོད་ཀྱང་། དེ་བདེན་པར་ངོས་འཛིན་ན་སྐྱོན་མང་པོ་ཡོད།
དཔེར་ན་རིགས་པས་མེ་ཡོད་ན་དུ་བ་ཡོད་པའི་རྟགས་འགོད་ཐུབ་རུང་། དེང་སང་Gas རླུང་གི་མེ་དེ་ཚོར་དུ་བ་མེད་པ་ལྟ་བུ་རེད། དེ་བཞིན་རིགས་པས་མི་ཤི་ན་ལུས་རོ་ལ་འགྱུར་གྱི་ཡོད་པ་ཤོད་ཀྱི་ཡོད། ཚན་རིག་པས་མི་ཤི་རྗེས་ཀྱི་སྙིང་བཏོན་ནས་མི་གཞན་ཞིག་ལ་སྤྲད་ནས་མི་གཞན་དེ་ཚེ་རིང་པོར་འཚོ་བར་དཔང་པོ་བསྟན་ཡོད་པས་འདི་ལ་འགྲེལ་བཤད་ཇི་ལྟར་རྒྱག་གམ།
དེ་བཞིན་སེམས་དང་ལུས་ཀྱི་འབྲེལ་བ་ལ་ཚན་རིག་པ་ཚོས་གོམས་པ་གསར་པ་ཞིག་སྤོས་ནས་ཆོས་ལུགས་པ་ཚོ་ལ་རིང་མིན་བསྟན་མོ་མཚར་པོ་ཞིག་སྟོན་གྲབས་ཡོད། དེ་ནི། སྔོན་མ་ལོ་ཉི་ཤུའི་སྔ་རོལ་ལ་མི་ཞིག་གི་གཟུགས་ཁྱགས་སྒམ་གྱི་ནང་ལ་བཞག་ནས། སྙིང་འགུལ་ཙམ་ལས་དེ་མིན་དབང་པོ་གཞན་ནུས་མེད་ལ་བཏང་ཡོད་པ་དེ། སླར་འདྲོད་སྟེར་ནས་མི་དེ་སྔར་བཞིན་འཚོ་བའི་དཔེ་སྟོན་བྱ་རྒྱུ་ཡིན་ན། སྐབས་དེ་དུས་ལུས་སེམས་ཀྱི་འབྲེལ་བ་གསལ་རུ་གཏོང་གི་རེད། དེའི་སྐབས་ལ་ཆོས་ལུགས་པ་ཚང་མར་བསམ་བློ་གསར་པ་དང་འགྲེལ་བཤད་གསར་པ་རྒྱག་དགོས་པ་ཡོང་སྲིད།
ཇི་འདྲ་རེད།
བསམ་ཤེས། མེ་ཡོད་པའི་རྟགས་ཀྱིས་དུ་ཡོད་པ་སྒྲུབ་པ་མ་རེད། དུ་བ་ཡོད་པའི་རྟགས་ཀྱིས་མེ་ཡོད་པ་་སྒྲུབ་ཀྱི་ཡོད་པ་རེད། གྷེས་ཀྱི་མེ་མ་གྲུབ་གོང་ནས་ དུ་མེད་འགར་ཁང་ན་་མེ་ཡོད་ཀྱང་དུ་བ་མེད་པའི་ཞིབ་སྔ་མོ་ནས་ཡོད་པ་རེད་དོ།
# 29 lobsang199་ལགས་ཀྱིས་ཏག་ཏག་གསུངས་ཚར་འདུག
ངས་ད་ནང་འཁྱུག་ཙམ་བལྟས་པས་དེ་ལ་གད་མོ་ཤོར་སོང་། གང་ཡིན་ཟེར་ན། དཔེ་ཆ་བ་ཚོས་འདི་འདྲའི་རིགས་ལ་ཐུར་ཁྱབ་སློང་མཁན་ཞེས་རིགས་ལམ་མ་ཆགས་པའི་འཕྱ་སྨོད་བྱས། འོན་ཀྱང་དེ་དུས་མཆན་འདེབས་རྒྱུ་མ་ཁོམ།
དེང་གི་ཨེམ་རྗེ་ཚོས་སྙིང་བརྗེ་སྤོར་རྒྱག་གིན་ཡོད་ཀྱང་། དེ་ལ་སོས་པ་དགོས་པ་ལས་རྙིང་པ་ཡིན་ན་ཕན་ཐོགས་མེད། དེར་བརྟེན་ལུས་དེས་རྣམ་ཤེས་གནས་པའི་རྟེན་བྱེད་ཐུབ་ན་ཆོག་པ་ལས་རྣམ་ཤེས་རྒྱུན་མི་ཆད་དུ་ལུས་ལ་གནས་པའི་ངེས་པ་མེད་པར་ནང་པས་ཀྱང་འདོད་ཀྱིན་ཡོད། དེར་བརྟེན་འདོད་ཚུལ་གཉིས་པོ་དེ་དོན་དག་བབ་ས་གཅིག་ཡིན་པ་ལས་ཁག་ཁག་ཡིན་པའི་དོགས་པ་མེད་དོ།།
ད་དུང་སྐྱེ་བ་སྔ་ཕྱི་ཡོད་ན་སྐྱོན་མང་པོ་ཡོད་ཚུལ་བཤད་འདུག་པས། སྐྱོན་དེ་གང་དང་གང་མཐོང་བ་རྣམས་ངོ་སྤྲོད་ཅིག་གནང་རོགས།
མིག་གིས་མཐོང་རྒྱུ་མེད་པའི་རིགས་ལ་རིགས་པས་སྒྲུབ་དགོས་པ་རེད། མི་གིས་མཐོང་རྒྱུ་ཡོད་པའི་ལ་དེ་དགོས་ཀྱི་མ་རེད། སྐྱེ་བ་སྔ་ཕྱི་མཁས་ལེན་ན་སྐྱོན་ཆེན་པོ་ཡོད་པ་མ་རེད། ཡིན་ཀྱང་སྐྱེ་བ་སྔ་ཕྱི་མཁས་ལེན་ན་དཀའ་ལས་ཁག་པོ་ཡོད་པ་རེད། དེའི་ནང་ནས་གང་བྱུང་མང་བྱུང་བྱེད་མཁན་ཚོ་ལ་དཀའ་ལས་ཁག་པོ་ཡོད་པ་རེད། སྐྱེ་བ་སྔ་ཕྱི་ཡོད་པ་ཡང་ཁྱེད་དང་ང་འདྲ་བོ་སུ་གང་གིས་མཐོང་ཡོད་པ་མ་རེད། སྐྱེ་བ་སྔ་ཕྱི་མེད་པ་ཡང་སུ་གང་གིས་མཐོང་ཡོད་པ་མ་རེད། མེད་པར་མ་མཐོང་བས་ཀྱང་མེད་སྒྲུབ་ཐུབ་ཀྱི་མེད་ན་ཡོད་པ་མ་མཐོང་བས་ཡོད་པ་སྒྲུབ་ཐུབ་ཀྱི་མེད་པ་དེ་ནི་ངེད་ལ་བཀོད་པའི་ཉེས་པ་ཁྱེད་རང་ལ་ཡང་ཚུངས་སོ་ཞེས་པ་དེ་རེད། གཙོ་བོ་ནི་སྐྱེ་བ་སྔ་ཕྱི་མཁས་ལེན་ན་མི་སོ་སོ་སྤྱི་ཚོགས། རྒྱལ་ཁབ་སོགས་ལ་ཕན་ཐོགས་དང་མི་ཀུན་སྤྱོད་ཡག་ཏུ་འགྲོ་བ་ལ་ཕན་ཐོགས་འདུག་དང་མི་འདུག་དེར་བསམ་དགོས་པ་རེད།
དབྱངས་ཅན་འབངས་དང་བློ་བཟང་གད་མོ་ཤོར་མི་དགོས། ད་ལྟ་སྔ་སོང་།
ང་ཚོ་ཚིག་ཉོག་དང་ཡིག་ཚོགས་མེད་པར་རྡོག་རྡོག་ཤོད་ཤོག་ཨང་།
ངས་བཤད་རྒྱུར། ཁྱོད་ཚོས་ཇི་ལྟར་སྐྱེ་བ་ཕྱི་མ་སྒྲུབ་བམ།
རིགས་པ་མིན་པའི་དངོས་པོ་གང་གིས་སྒྲུབ་བམ།
དྲན་མཁན་སྟོང་ཕྲག་མང་པོ་ཡོད་པའི་ཕྱིར།
སྐྱེ་བ་སྔོན་མ་དྲན་མཁན་རྣམས་ཀྱིས་གྲུབ
ཁྱེད་ཀྱི་ཕ་ ག་གེ་མོ་ ཡིན་པ་གང་གིས་སྒྲུབ། ཁྱེད་ཀྱི་མངོན་སུམ་གྱིས་སྒྲུབས་སམ་ ཧཧཧཧཧཧཧ
གད་མོ་ཤོར་ཕྱིས་དྲགས་པ་ལས་སྔས་དྲག་མེད་དོ།
ནང་པའི་ཞུང་དུ་འགོག་བསྙོམས་པ་ལོ་སྟོང་ཁྲག་ཁ་ཤས་ཞུགས་པའི་རྗེས་སུ་ཡང་སྐྱར་སྔར་གྱི་མི་ནང་བཞི་འགྱུར་གྱི་ཡོད་པ་གསུངས་ཡོད་པས་ཁྱེད་ཀྱི་ལོ་ཉིས་ཤུ་ཁྱག་སྒམ་ནང་ལ་བཞག་པ་དེ་ཧ་ལས་རྒྱུ་དང་གད་མོ་ཤོར་རྒྱུ་གང་ཡང་མེད་དོ།
སངས་རྒྱས་ལ་སྐྱབས་འགྲོ་ཡོད་དམ་མེད།
མོན་ཡུལ་གྱི་མོན་པ་ཞིག་གིས།
https://www.facebook.com/photo.php?fbid=1135254593279759&set=pcb.1135254673279751&type=3&theater