སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་མཛད་པ་ལ་བསྟོད་པའི་གཏམ་མེ་ཏོག་ཕྲེང་བ། Posted on 2013-11-222013-11-23 By ཁ་བརྡ་ No Comments on སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་མཛད་པ་ལ་བསྟོད་པའི་གཏམ་མེ་ཏོག་ཕྲེང་བ། འདབ་པ་ཚེ་དབང་མགོན་པོ། དེ་རིང་ཆེས་ཤིན་ཏུ་ནས་ཡིད་ལ་ལྷིང་ལྷིང་གིས་དགའ་འོས་པ་ཞིག་ལ། དྲྭ་ཐོག་གི་བརྒྱུད་ནས་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་གསེར་ཞལ་མཇལ་བའི་སྐལ་བཟང་ཕྲན་བུ་འཆར་ཞིང་། ཁོང་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲོད་ནས་སྐྱ་བོ་མང་ཤས་ཀྱིས། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ལ་འཐེན་ཁྱེར་གྱི་བློ་གཡང་དུ་མི་ལྷུང་བར། དྲང་བདེན་གྱི་ཐེམ་སྐས་ལ་འཛེགས་པའི་སྐྱེས་བུ་དམ་པ་ཡིན་རབས་དང་། རབ་ཏུ་བྱུང་པའི་སྐྱེ་མཆོག་འགའ་ཞིག་གིས། སྟོན་པའི་བསྟན་པ་ལ་ཞུགས་པའི་ཤཱཀྱའི་དགེ་སློང་འདུལ་བ་འཛིན་པ་མ་ཟད། མདོ་ཕྱོགས་ནས་བཀའ་པོད་ལྔ་གཙོས་པའི་གཞུང་ལུགས་རྣམས་དང་། གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་ཁོང་དུ་ཆུད་པའི་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་འཁུར་བར་བྱེད་པའི་གང་ཟག་ཡིན་རབས། རིག་པའི་གནས་ལ་བྲོ་བ་མྱོང་པའི་མཁས་པ་རྣམས་ཀྱིས། གནས་ལྔ་རིག་པའི་དོན་ལ་མཁས་པའི་དབང་པོ་པཎྜི་ཏ་ཡིན་རབས། བཙན་བྱོལ་སྤྱི་ཚོགས་ཀྱི་རྩོམ་པ་པོ་རྣམས་ཀྱིས། སྤྱི་ཚོགས་ཀྱི་དཔྱད་བརྗོད་ལ། རྣམ་དཔྱོད་ཤིན་ཏུ་ཡངས་པའི་སྨྱུག་ཐོགས་པ་ཡིན་རབས། ཝ་ཎཱ་སི་དང་ས་རཱ་གཙོས་པའི་མཐོ་སློབ་ཁག་ཅིག་གིས། སྡེབ་སྦྱོར་གྱི་ཚིག་དང་། ཉམས་འགྱུར་གྱི་གསོན་ཤུགས། དབྱངས་རྟའི་འགྱུར་འགྲོས་ལ་རང་དབང་ཐོབ་པའི་སྙན་ངག་པ་ཡིན་རབས། གངས་ཅན་སྐྱིད་གཤོངས་སུ་མཆིས་པའི། དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན་རྣམས་དང་། ལས་བྱེད་རྒན་གཞོན་མང་པོས། དཔལ་འབྱོར་རིག་པའི་ཆེད་སྦྱོང་འབུམ་རམས་པ་དང་གཅིག་མཚུངས་ཡིན་རབས། སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་རྭ་ནང་གི་འཐུས་མི་རྣམས་པས། མིའི་ཐོབ་ཐང་སྟེ་སྨྲ་བརྗོད་ཀྱི་རང་དབང་། བསམ་བློའི་འདུ་ཤེས་ལ་ཇི་མི་སྙམ་པར། འཇིག་རྟེན་ཁྲིམས་ལུགས་ཀྱི་ཐོག་ནས། ཐོབ་ཐང་ཅི་ཡོད་པ་རྣམས་དབང་སྟེར་བའི། དམངས་ཚོགས་ཀྱི་དོན་གཉེར་བ་ཆེན་པོ་ཡིན་རབས། བཀའ་ཤག་གི་བཀའ་དྲུང་གཙོས་པའི་ལས་བྱེད་ཐུན་མོང་གིས། བཙན་བྱོལ་བོད་མི་འཛིན་སྐྱོང་གི་ཡར་རྒྱས་ཀྱི་བྱེད་པོ་སྟེ། ཁ་ཆེའི་དཀོན་མཆོག་ཨ་ལ་བཞིན་དུ་ཡར་རྒྱས་ཀྱི་གོ་འཕང་ལ་འགོད་པའི་བཀོད་པ་པོ་ཐོག་མ་དེ་ཡིན་རབས། གཞིས་ཆགས་ཁག་གིས་བགྲེས་སོང་དག་གིས། གོང་ས་མཆོག་གི་བཀའ་དགོངས་སྒྲུབ་པའི་གླང་པོ་ཆེ་ས་ལ་རབ་བརྟན་བཞིན་དུ་ལས་ཀ་བྱེད་པའི་རླབས་ཆེན་གྱི་མི་སྣ་ཡིན་རབས། གདན་ས་གསུམ་གྱི་སྦ་སར་བླ་རྒན་རྣམ་པས། རྒྱལ་བའི་སྐུ་ཡོན་ལ་མཁྱེན་པའི་འགན་ཡོངས་སུ་འཛིན་པའི་སྐྱབས་རྗེ་ཁྲི་འཆང་རྡོ་རྗེ་འཆང་གི་དམ་ཚིག་གསུམ་ལྡན་གྱི་འགྱུར་མེད་དངོས་སློབ་ཡིན་རབས། ཕྱི་ནང་གི་གནས་ཡོད་མི་སྣ་མང་པོ་ཞིག་གིས། རྒྱལ་བ་རིན་པོ་ཆེ་གཙོས་པའི་བླ་ཆེན་དང་མི་ཆེན་རྣམས་ཀྱི་ལམ་སྟོན་བྱེད་པོ་དེ་ཡིན་རབས་བཅས་ནི། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་ལྷན་ཅིག་གི་ཡོན་ཏན་ནམ། འགྱུར་མེད་གཡུང་དྲུང་གི་གཤིས་ཀ་ཞིག་ཡིན་པས། སུ་ཞིག་གིས་ཀྱང་ལྡོག་ཐབས་མེད་པའི་འཇིག་རྟེན་ཆོས་ཉིད་ཀྱི་གཏན་ཚིགས་ལྡན་ལ། འོན་ཀྱང་རྒྱུ་དང་རྟེན་འབྲེལ་ལས་བྱུང་བའི་ཆོས་ག་གེ་མ་ཞིག་ཡིན་ནའང་། རང་རྒྱུ་སྔོན་དུ་མ་སོང་བ་མེད་སྟབས། སྐྱབས་རྗེ་ཟམ་གདོང་རིན་ཆེ་འདི་ཡང་རང་ཉིད་གཅིག་པུར་ཡེ་ཤུ་དཀོན་མཆོག་བཞིན་དུ་འོངས་པ་ཞིག་མ་ཡིན་པར། ཕྱི་ནང་གི་ཆོས་མང་པོ་ཞིག་ལ་བརྟེན་ནས་བྱུང་བའི་བཟང་པོའི་ཡོན་ཏན་གྱི་ཆ་དང་། ངན་པའི་སྐྱོན་རྐྱེན་གྱི་ཆ་མང་པོ་ཞིག་ཡོད་པ་ནི། བཤད་མི་དགོས་ལ། མེད་ཅེས་གླེང་རན་ཡང་མི་ཆོག་ཅིང་། དེ་ཡང་རིན་པོ་ཆེ་ལ་གང་ཟག་སོ་སོས་ལྟ་ཚུ་དང་མཐོང་ཚུལ་ཇི་སྙེད་ཅིག་མཆིས་པ་རྣམས་ལས། རྒྱུ་མཚན་དང་གནས་ལུགས་ཤེས་པའི་དད་ལྡན་རྣམས་དང་། རྨོངས་དད་དང་ལོང་རྒྱག་བྱེད་པའི་གཡམ་རྒྱུག་བ། འཐེན་ཁྱེར་དང་ཞེན་ཁོག་གིས་བཅིངས་པའི་ཕྱོགས་ལྷུང་བ། ཁ་བདེ་དང་ལྕེ་མཁས་ཀྱིས་རྐུབ་སྟེགས་ཀྲོང་པའི་སྤྱང་གྲུང་བ་བཅས་ཡོད་པའང་། འཇིག་རྟེན་གྱི་ལུགས་སུ་ངེས་པ་བཞིན་དུ། རིན་པོ་ཆེ་ལ་ལྟ་ཚུལ་ལེགས་པའི་ཕྱོགས་གཏོགས་ཀྱི་སྐྱེ་བོ་རྣམས་སོ། ཡང་དེ་ལས་ལྡོག་པའི་གནད་དོན་གཞན་ཞིག་ལ་ནི། ཟམ་གདོང་བླ་རྒན་ནི། བོད་པའི་སྤྱི་ཚོགས་ཀྱི་ཁྲོད་ནས་ཞེན་ཁོག་དང་ཕྱོགས་ལྷུང་གིས་ཁོང་པ་རུལ་པའི། མི་དམངས་ཀྱི་མདུན་ལ་དྲང་བདེན་གྱི་སྐྱེ་བོ་ཡིན་མདོག་དང་། རྒྱབ་ཏུ་ལྐོག་འགྱུར་གྱི་ལས་ཀ་མང་པོ་ཞིག་གཟབ་གཟབ་དང་ལེགས་པར་སྦས་པའི་དགེ་ལུགས་པའི་གྲུབ་མཐའ་ཁོ་ན་ཡར་རྒྱས་ཀྱི་ཆེད་དུ་ལས་ཀ་ཤ་སྟག་དང་། དེ་དག་ཡར་རྒྱས་གཏོང་ཐབས་སུའང་ངལ་བ་དང་དུ་བླངས་པའི། དཀའ་སྤྱོད་དང་། ཉིན་མོར་སེམས་སྡུག་དང་། མཚན་མོར་གཉིད་མི་ཁུག་པའི་བསལ་བློས། མི་ཚེ་ཟད་པའམ་འཕམ་བཞིན་པའི་བླ་རྒན་མགོ་དཀར་ཞིག་ཡིན་རབས། བཀའ་རྙིང་ས་བོན་བཞིའི་གྲུབ་མཐའ་ལ་ལྐོག་གྱུར་གྱི་གནོན་ཤུགས་ཚད་མེད་སྦྱིན་པའི་ཕྱུག་བདག་ཆེ་ཤོས་དེ་ཡིན་རབས། བཙན་བྱོལ་བོད་གཞུང་གི་རྒན་གཞོན་མང་པོས་དཀའ་ལས་བརྒྱབ་པའི་བཟོ་གྲྭ་དང་། ཟ་ཁང་དང་མགྲོན་ཁང་ཡོངས་རྫོགས་བཙོངས་ནས། སྔར་ཡོད་བུ་ལོན་རྣམས་གཙང་གསོད་བྱས་ཏེ། རང་ཉིད་ཀྱི་རྣམ་དཔྱོད་དང་། འཇོན་ཐང་རློམས་པའི་མི་དམངས་ལ་ཁོ་བོའི་བྱས་རྗེ་བསྒྲགས་པའི་དྲན་འཕྲུལ་གྱི་མཁན་པོ་ཚད་ལྡན་ཞིག་ཡིན་རབས། བོད་པའི་གཞོན་སྐྱེ་རྣམས་རང་ཉིད་འཚོ་བའི་ཆེད་དུ་ཕྱི་རྒྱལ་ལ་སྐྱོད་བྱེད་ཀྱི། ལག་འཁྱེར་དང་། དཔྱ་ཁྲལ་ལག་དེབ་བཟོ་རྒྱུར་བཀག་ཅིང་། རང་ཉིད་ཀྱི་འཚོ་བ་ལ་དཀའ་ངལ་མེད་ཕྱིར། གཞན་གྱི་བདེ་སྡུག་དང་། འཚོ་གནས་ལ། བསམ་བློ་དང་སྙིང་རྗེ་སྤུ་ཙམ་མེད་པའི་སྲིན་པོའི་གཟུགས་ཅན་ལྟར། སྤྱི་ཚོགས་ལ་ཕན་ཐོགས་ཡེ་ནས་མེད་པའི་ཆབ་སྲིད་པ་ནག་པོ་གྲྭ་པའི་གཟུགས་ཅན་ཞིག་ཡིན་རབས། གཞུང་ལུགས་རྒྱུ་མཚོ་ལྟ་བུ་ལ་ཆེད་སྦྱོང་བྱེད་སའི་གྲྭ་ས་དང་བཤད་གྲྭ་རྣམས་སུ་འགྲོ་དུས་སུའང་། བོད་གཞུང་གི་འགྲོ་སྟངས་དང་ལངས་ཕྱོགས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས། རྒྱ་བོད་ཆབ་སྲིད་ཀྱི་གནས་བབ་བཅས་མི་བཤད་པར། མདོ་སྔགས་གཉིས་ཀྱི་དཀའ་གནད་ལ་གོ་རྟོགས་དང་། རྣམ་དཔྱོད་ཡོད་མདོག་བྱས་པའི་གྲྭ་ཚང་མཁན་པོ་ལྟ་བུའི་རྣམ་འགྱུར་དང་ཆོས་བཤད་བྱེད་རབས། མི་དམངས་ཀྱི་མདུན་དུ་གཏམ་བཤད་ཅི་ཞིག་བྱེད་དགོས་བྱུང་ཚེ། ལེགས་སྦྱར་དང་། ཧིན་དུའི་སྐད་ཆ། དེ་བཞིན་རིག་བྱེད་ཀྱི་གཏམ་རྒྱུད་ལ་སོགས་པའི་དགོས་མེད་ཀྱི་ལུང་འདྲེན་སྣ་ཚོགས་བྱས་པས། རང་ཉིད་ཀྱི་སྐད་ཡིག་ཤེས་ཚད་ངོམ་སོ་བརྒྱབ་པའི་སྐད་ཆ་ཙམ་ལས་མ་གཏོགས། མི་དམངས་ལ་ཕན་པའི་ཁ་ཡོད་ལག་ཡོད་ཀྱི་སྐད་ཆ་གཅིག་ཀྱང་བཤད་རྒྱུར་མེད་རབས། རྒྱ་བོད་ཞི་མོལ་གྱི་ལས་འགུལ་ཐེངས་བརྒྱད་དགུ་ཙམ་ཞིག་བརྩམས་ནའང་། དེ་ཙམ་དུ་གཙང་པོའི་ནང་དུ་རྩམ་པ་བླུགས་པ་དང་གཅིག་མཚུངས་སུ་པག་དང་གཏོར་མ་ཅི་ཡང་འགྱུར་རྒྱུར་མེད་རབས། ས་ཕྱོགས་གང་ཞིག་སོང་ནའང་། སྐབས་རེ་ཆོས་པ་ཡིན་མདོག་དང་། སྐབས་རེ་ཆབ་སྲིད་པ་ཡིན་མདོག སྐབས་རེ་རིག་གནས་སྨྲ་བ་ཡིན་མདོག མཚམས་མཚམས་སུ་བསམ་བློ་སྨྲ་བ་ཡན་ཆད་ཡིན་མདོག་བྱས་ཏེ། གནད་ལ་མ་ཁེལ་པའི་ལངས་ཕྱོགས་དང་། ལྟ་གྲུབ་དང་། དེ་བཞིན་གྲུབ་འབྲས་གཅིག་ཀྱང་བྱུང་མྱོང་མེད་ལུགས་བརྗོད་པ་བཅས་ནི། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ལ་ལྡོག་ཕྱོགས་ནས་ལྟ་སྟབས་ཤིག་ཡིན་ཞིང་། རིན་པོ་ཆེ་ནི་གནས་ཚུལ་དེ་གཉིས་ཀྱི་བར་དུ་བཙིར་ཞིང་མཁྲེགས་པའི་རླབས་ཆེན་གྱི་མི་སྣ་ཞིག་དང་། དེ་དང་དེ་ལྟ་བུའི་སྐད་ཆའི་བར་དུ་རྒས་བཞིན་པའི་བགྲོས་སོང་ཞིག་ཡིན་པ་ཡང་གོར་མ་ཆག་ཅིང་། ཡང་དག་ཡིན་མིན་དང་། འགྲིག་མི་འགྲིག་གི་ས་མཚམས་བཅས་ནི། སུ་ཞིག་ལ་གསལ་བཤད་ཅིག་བྱ་དགོས་སམ་ཞེ་ན་མི་དགོས་སོ། གང་ཟག་གང་ཞིག་གིས་ནུས་སམ་མི་ནུས་སོ། གལ་ཏེ་འཐད་དམ་ཞེ་ན་མི་འཐད་དོ། དེས་ན་ཁོ་བོ་ནི་དེ་དག་ལས་ཡོངས་སུ་ལྡོག་སྟེ། དེ་དག་གི་རྗེས་སུ་མི་འབྲངས་པར། རང་ཉིད་སྐྱེ་བོ་ཐབས་ཆག་ཅིག་ལུས་བླངས་པའི་ཆ་ནས། སོ་སོའི་བསམ་བློའི་ཐོབ་ཐང་ལ་རང་ཉིད་ཀྱིས་བརྩི་འཇོག་བྱས་ནས། དྲང་བདེན་གྱི་གཏམ་ཞིག་གླེང་བར་བྱས་ན་ནི། དེ་གཉིས་ཀའི་ཕྱོགས་ལ་བདེན་པ་གང་འཚམ་ཞིག་དང་། མ་དྲང་པའི་ཆ་ཇི་སྙེད་ཅིག་ཡོད་པ་ཡང་བཤད་མི་དགོས་སོ། ད་དུང་རིན་པོ་ཆེའི་དངོས་ཡོད་ཀྱི་གནས་ཚུལ་ཇི་བཞིན། གོ་མི་མྱོང་པ་དང་། མཐོང་མི་མྱོང་པའི་གནས་ཚུལ་དུ་མ་ཞིག་ཡོད་ཆོག་ཅིང་། མི་ཕལ་པའི་བསམ་བློའི་ཚོད་དཔག་གིས་སྣོད་དུ་མི་རུང་བའི་ལྐོག་གྱུར་གྱི་གནད་མང་པོ་ཞིག་ཀྱང་ཡོད་དེ། ཕ་མའི་སློབ་གསོ་དང་། རྒན་དགེ་ཕྲུག་གི་གདངས་ངག ལྷན་ཅིག་གི་རྣམ་དཔྱོད། དེ་བས་ལོ་མང་རིང་ལ། ཆོས་དང་འཇིག་རྟེན་གྱི་ཉམས་མྱོང་བཅས་ནི། མྱོང་བ་མངོན་སུམ་ལྡན་པའི་གང་ཟག་རང་ཉིད་ཀྱིས་མ་གཏོགས། སུས་ཞིག་ཀྱང་རྟོགས་མི་ནུས་པས། བོད་ཀྱི་ཁ་དཔེར། མིའི་རི་མོ་ནང་དང་། སྟག་གི་རི་མོ་ཕྱི་ཞེས་པ་ལྟར། ནམ་ཡང་བྲལ་ཐབས་མེད་པའི་མི་དང་མིའི་རི་མོ། སྟག་དང་སྟག་གི་རི་མོ་བཞིན་ནོ། དེའི་ཕྱིར་ན། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ནི། མཁས་པ་དང་གྲུབ་པའི་སྙན་པ་ས་གསུམ་ན་རྔ་བོ་ཆེའི་སྒྲ་ལྟར་གྲགས་པའི་ཁྱོན་ཏེ། ལྷ་ཁྱབ་འཇུག་གི་འདོམ་པས་ཀྱང་འཇལ་མི་ནུས་ཤིང་། ཐུགས་ཟབ་ཅིང་ཤིན་ཏུ་སྒམ་པའི་ཚུལ་ཡང་རི་རྒྱས་ལྷུན་པོ་བཞིན་དུ་བརྟན་པས། དྲང་སོང་ཞོ་འཐུང་གི་རུས་པས་ཀྱང་གཅོག་མི་ཐུབ་པ་དང་། རིག་པ་མྱུར་དུ་ཡང་ཞིང་གཡོ་བས། རླུང་ནག་འཚུབ་མོས་རྗེས་སུ་མི་ཟིན་པའི་ཁྱད་ཆོས་ལྡན་ཞིང་། འཕྲལ་ཕུགས་བརྒྱངས་གསུམ་གྱི་གནས་ལ། བསམ་བློ་གཏིང་ཟབ་སྟེ། མུན་ནག་གཅོང་རོང་ཟབ་མོའི་གནས་དང་གཅིག་མཚུངས་སུ་ཡོད་པས། ཉིན་མཚན་གང་ཞིག་ལ་གང་ཟག་སུ་ཞིག་གིས་ཀྱང་རྟོགས་མི་ནུས་པ་དང་། དམ་པའི་ལྷ་ཆོས་དང་། དགེ་བའི་བཤེས་གཉེན་གྱི་གདམས་ངག་རྣམས་ལ་ཡིད་རྩེ་གཅིག་གི་དད་པ་ཡང་། གླེན་པོས་རོ་མྱོང་བ་ལྟ་བུའི་ཡོན་ཏན་བཅས་ལ། གང་ཟག་སུ་ཞིག དགའ་ནའང་ཆོག མི་དགའ་ནའང་རུང་། ཁོ་བོས། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ལ་ལྟ་ཚུལ་ལམ་མཇལ་ཚུལ་དེ་ནི། མཐའ་གཅིག་ཏུ་འདི་ཁོ་ན་ལགས་སོ། དེ་རིང་ཁ་སང་གི་གནས་ཚུལ་ལ་མཚོན་ནའང་། སྐྱབས་རྗེ་མཆོག་གིས། སྤྱིར་བཏང་རབ་བྱུང་པའི་ཚུལ་འཛིན་ཡང་། དེ་སྔོན་འཇིག་རྟེན་པ་དང་ཉམ་ཐག་བའི་སེམས་ཅན་གྱི་ཕྱིར། ཆབ་སྲིད་ཀྱི་མཛད་པ་དཀར་པོ་མཐའ་ཡོངས་སུ་ཟད་ནས། ད་ནི་དམ་པའི་ལྷ་ཆོས་ཀྱི་མཛད་པ་སྟེ། ཆགས་སྡང་གི་དྲི་མ་མེད་པར། ཟླ་བ་སྤྲིན་བྲལ་དང་། ས་གཞི་རྡུལ་དག གངས་རི་སེར་དག ནམ་མཁའ་གཡའ་དག་པ་བཅས་ལགས་སོ། དེ་བས་བྱིས་པ་བརྩེ་སེམས་ཀྱིས་མ་ལ་འབྱར་བ་ལྟར། སེམས་ཅན་སྡུག་བསྔལ་བ་ཁོ་ནའི་ཆེད་དུ་སི་པན་གྲོང་ཁྱེར་ནང་ཕེབས་བཞིན་པ་དེ་ནི། འདིར་སྨྲ་བརྗོད་མི་དགོས་པ་ལགས་སོ། མ་ཟད་གང་ཟག་རང་ཉིད་ལ་མཚོན་ནའང་། སྤྱིར་བཏང་གིས་ཆོས་ལ་དེ་ཙམ་དུ་ཡིད་ཆེས་དང་། བླ་མ་རྣམས་ལ་དད་པ་མེད་པའི་ལྟ་ལོག་པ་ཞིག་ཡིན་ནའང་། སྐྱབས་རྗེ་འདིའི་འོག་ཏུ་སྐྱེ་བ་ནས་སྐྱེ་བ། ཚེ་རབས་ནས་ཚེ་རབས་བར་དུ་མི་འབྲལ་བར་གྱུར་ཅིག ཁོ་བོས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ཡང་འདི་ཁོ་ན་ལགས་སོ། དེ་ཡང་འདིར་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་ལ་བསྟོད་པའི་གཏམ་མེ་ཏོག་ཕྲེང་བ་ཞེས་པ་འདི་ནི། རིན་པོ་ཆེའི་གསེར་ཞལ་མཇལ་སྐལ་དང་བཀའ་སློབ་ལན་མང་ཐོབ་པའི་འདབ་པ་ཚེ་དབང་མགོན་པོས་སྦྱར་བ་དགེའོ།། སཾ་མངྒ་ལམ། བདེན་པའི་དོན་ལ་བདེན་པས་ལྟ་ཚུལ་དང་།། རྫུན་གྱི་དོན་ལ་རྫུན་གྱིས་མི་ཆུད་ཅིང་།། ཆོས་ཉིད་གཤིས་ལ་ཡེ་ཤེས་གཟིགས་པ་སོགས།། འདི་དང་གཅིག་མཚུངས་ཁོ་བོས་དེ་ལགས་སོ།།