བཅར་འདྲི་ཞུ་མཁན། མཁན་པོ་ཆོས་དབྱིངས་རྡོ་རྗེ།
༄༅། །སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་ད་ལྟ་དང་མ་འོངས་པའི་སངས་རྒྱས་བསྟན་པའི་གནས་བབ་དང་ཁ་ཕྱོགས་ཀྱི་སྐོར་ལ་ཞུས་པའི་བཅར་འདྲི།
དྲི་བ་དང་པོ། དེང་སང་འཛམ་བུ་གླིང་དུ་ནང་པ་སངས་རྒྱས་པའི་གནས་སྟངས་དེ་ཅི་འདྲ་ཞིག་ལ་ཡོད་རེད་དམ།
བཀའ་ལན། སྤྱིར་བཏང་ཕིའུ་ཉམས་ཞིབ་ཁང་(Pew research center)གིས་བཤད་སྟངས་ལྟར་ན། ནང་པ་སངས་རྒྱས་པ་ཉུང་དུ་འགྲོ་བཞིན་ཡོད་པ་འདྲ། ནང་པ་ཉུང་དུ་འགྲོ་བཞིན་ཡོད་རེད་ཟེར་བའི་སྐབས་སུ། གཙོ་བོ་ནང་པ་ཞེས་མཛུག་གུ་བཙུགས་སའི་ནང་པའི་མི་འབོར་དེ་ཉུང་དུ་འགྲོ་བཞིན་པའི་སྐད་ཆ་རེད། མི་འབོར་འདི་གནད་འགག་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན་མི་དེ་མེད་ན་ལྷ་ཁང་འདྲ་དང་། མཆོད་རྟེན་འདྲ་ག་ཚད་མང་པོ་ཞིག་ཡོད་ནའང་ནང་པ་ཞེས་མཛུག་གུ་བཙུགས་ས་ངོ་མ་དེ་མེད་པ་རེད། འཇིག་རྟེན་པས་ནང་པའི་གྲས་ལ་རྩི་སྟངས་ལྟར་ན། ནང་ཆོས་ལ་དགའ་བོ་ཡོད་མཁན་དང་། དེ་ལས་ཀྱང་ལྷག་པར་དཀོན་མཆོག་གསུམ་གྱི་རྗེས་སུ་འབྲངས་ཤིང་། ནང་ཆོས་ཇི་ལྟ་བ་བཞིན་ཉམས་སུ་ལེན་མ་ཤེས་ནའང་ལྷ་ཁང་ནང་ལ་མཆོད་མཇལ་དུ་འགྲོ་རྒྱུ་དང་། ལྷ་ལ་ཕྱག་འཚལ་བ་དང་། དཀར་མེ་དང་སྤོས་འབུལ་བ་ཟེར་བ་འདྲ་དང་། སོ་སོའི་ཁང་པའི་ནང་ལ་སྟོན་པ་སངས་རྒྱས་ཀྱི་སྐུ་འདྲ་བཤམས་པ་སོགས་དེ་དང་དེ་འདྲའི་བག་ཆགས་ཡོད་མཁན་ཞིག་ལ་ནང་པར་བརྩི་བཞིན་ཡོད་རེད་ལ། དེ་འདྲའི་རིགས་དེ་ཉུང་དུ་འགྲོ་བཞིན་ཡོད་ས་རེད། ཤེས་ཡོན་ཅན་གྱི་མི་ཚོའི་ངོ་ལ་ནང་ཆོས་ནི་བཤད་སྒྲུབ་གཉིས་གང་རུང་གིས་བསྡུས་པ་ཞིག་ཡིན་དགོས་ཀྱི་རེད།
ཡིན་ནའང་དཀྱུས་མའི་བསམ་མནོ་ཞིག་གཏོང་ཡོང་དུས། ཐེ་ལཎྜའི་རྒྱལ་ཁབ་དཔེར་བཞག་པ་ཡིན་ན། ནང་པའི་རྒྱལ་ཁབ་ཕལ་ཆེར་ཡིན་མདོག་མདོག་རེད། དེའི་ནང་ལ་ཡོད་པའི་མི་སེར་དཀྱུས་མ་ཚོས་ཁོང་ཚོ་ནང་པ་ཡིན་ཟེར་གྱི་རེད་དེ། མི་སེར་དཀྱུས་མ་དེ་ཚོས་བཤད་པ་དང་སྒྲུབ་པ་གཉིས་ཀའམ། གང་རུང་བྱེད་ཀྱི་ཡོད་རེད་ཅེས་ལབ་ཤེས་མ་རེད། ཡིན་ནའང་ཁོང་ཚོ་ནང་པ་ཡིན་པའི་གོ་ཞིག་ཆོད་བསྡད་ཀྱི་ཡོད་རེད། དེ་ལྟར་བཤད་སྒྲུབ་ཅི་གང་མ་ཤེས་ནའང་སོ་སོ་ནང་པ་ཡིན་བསམ་སྡོད་མཁན་གྱི་མི་དེ་འདྲ་ཡོད་པ་དེའང་གནད་འགག་ཆེན་པོ་ཡིན་ས་རེད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁ་ཆེའི་ཆོས་ལུགས་དང་བསྟུན་བཞག་པའི་ཁ་ཆེའི་རྒྱལ་ཁབ་དེ་འདྲ་ཡོད་རེད། རྒྱལ་ཁབ་ཀྱི་ཁྲིམས་ཧིན་དྷུའི་ཆོས་དང་བསྟུན་པའི་ཧིན་དྷུའི་རྒྱལ་ཁབ་སྔོན་མ་བལ་པོའི་རྒྱལ་ཁབ་ཡིན་མདོག་མདོག་རེད།
དེང་སང་དེའང་འགྱུར་ནས་ད་ནི་རྩ་ཁྲིམས་ཧིན་དྷུའི་ཆོས་དང་བསྟུན་པའི་ཧིན་དྷུའི་རྒྱལ་ཁབ་གཅིག་ཀྱང་ཡོད་མ་རེད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཡེ་ཤུའི་ཆོས་ལུགས་དང་བསྟུན་པའི་ཡེ་ཤུའི་རྒྱལ་ཁབ་གཅིག་ཀྱང་དེང་སང་ཕལ་ཆེར་མེད་པ་འདྲ་འདུག ཡེ་ཤུའི་ཆོས་ལུགས་ཤུགས་ཆེན་པོ་དར་སའི་རྒྱལ་ཁབ་དང་ལུང་པ་མང་ཆེ་བས་ཁོང་ཚོ་མང་གཙོའི་རྒྱལ་ཁབ་དང་། ཆོས་ལུགས་དང་མ་འདྲེས་པ་ཟེར་ན་འདྲ། ཆོས་ལུགས་དང་མ་འབྲེལ་བའི་རྒྱལ་ཁབ་ཡིན་ཟེར་གྱི་ཡོད་རེད་དེ། ཡིན་ནའང་མི་འབོར་མང་ཆེ་བ་དེ་ཡེ་ཤུ་ཡིན་པའི་རྒྱུ་མཚན་གྱིས་ད་དུང་ཡིན་ནའང་རྒྱལ་ཁབ་དེ་ཚོའི་རྩ་ཁྲིམས་དང་། མཐོང་སྣང་དང་རིན་ཚད་སོགས་ཕལ་ཆེར་བ་ལ་ཡེ་ཤུའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་རེད།
དབྱིན་ཇིའི་རྒྱལ་ཁབ་དང་། ཧྤ་རན་སི་རྒྱལ་ཁབ་ཟེར་བ་དེ་ཚོ་ད་བར་མི་འབོར་གྱི་སྒོ་ནས་བཤད་ན་ཡེ་ཤུའི་རྒྱལ་ཁབ་རེད། འདི་ལའང་འགྱུར་བ་སོང་ནས་མི་མང་ཆེ་བ་ཁ་ཆེ་བ་རུ་འགྱུར་གྲབས་བྱེད་ཀྱི་ཡོད་ས་རེད། ཁ་ཆེའི་ཆོས་ལུགས་གཞིར་བཞག་པའི་རྩ་ཁྲིམས་ཅན་གྱི་རྒྱལ་ཁབ་མང་པོ་ཡོད་རེད། ང་རང་ཚོ་ཤར་ཕྱོགས་ཨེ་ཤི་ཡ་ནང་ནའང་མ་ལེ་ཤི་ཡ་དང་། ཨིན་ཌུ་ནི་ཤི་ཡ་སོགས་རྒྱལ་ཁབ་ཁ་ཤས་ཡོད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་པ་སངས་རྒྱས་པའི་ཆོས་དང་བསྟུན་པའི་ནང་པའི་རྒྱལ་ཁབ་ཅིག་ཕལ་ཆེར་མེད་པ་འདྲ་འདུག ཤྲཱི་ལངྐ་དང་། འབར་མ་དེ་ཚོ་ཡང་ཁྲིམས་ཐོག་ནས་ནང་པའི་རྒྱལ་ཁབ་ཨེ་ཡིན་ན། འབྲུག་པ་ཡང་མང་གཙོ་ཆགས་ཚར་བ་ཡིན་དུས་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ངོས་ནས་སྐད་ཆ་བཤད་ན་ཡེ་ཤུ་དང་། ཧིན་དྷུ་སོགས་ཆོས་ལུགས་ཚང་མ་ཁྱད་མེད་དུ་ཁས་ལེན་དགོས་ཀྱི་ཡོད་རེད། དེ་ལྟར་ན་རྩ་ཁྲིམས་ནང་པའི་ཆོས་དང་བསྟུན་བཞག་པའི་ནང་པའི་རྒྱལ་ཁབ་ཅིག་དེང་སང་མཛུག་གུ་བཙུགས་ས་རག་ཁག་པོ་རེད།
འོན་ཀྱང་མིའི་བསམ་མནོ་གཏོང་སྟངས་དང་གོམས་གཤིས་ཀྱི་སྒོ་ནས་བཤད་ན། འབྲུག་དང་འབར་མ་ནང་པའི་རྒྱལ་ཁབ་ཡིན་ཟེར་ན་འགྲིག་གི་རེད། དཔེར་ན་ཨ་མི་རི་ཀན་གྱིས་ཁོང་ཚོའི་གཞུང་དེ་ཆོས་ལུགས་དང་མ་འདྲེས་པའི་གཞུང་ངམ། ཆོས་ལུགས་དང་མ་འབྲེལ་བའི་གཞུང་ཡིན་ཟེར་གྱི་ཡོད་རེད། ཡིན་ནའང་ཨ་མི་རི་ཀན་གྱི་སྲིད་འཛིན་དམ་བཅའ་བྱེད་པའི་དབུ་གནའ་བཞེས་པའི་ཚེ་ཡེ་ཤུའི་གསུང་རབ་བྷའི་བྷལ་སྟེང་ལ་ལག་པ་འཇོག་གི་རེད་མ་གཏོགས་ཆོས་ལུགས་གཞན་གྱི་གསུང་རབ་གཟུང་གི་ཡོད་མ་རེད། དེ་ལྟར་མིའི་བསམ་མནོའི་གོམས་གཤིས་ཀྱི་ཐོག་ནས་ཡེ་ཤུ་ཤུགས་ཆེན་པོ་རེད། སྔོན་མ་ནས་ནང་ཆོས་དར་སའི་ལུང་པ་དང་རྒྱལ་ཁབ་དཔེར་ན་བོད་དང་། འབྲུག སོག་པོ། ཐེ་ལཎྜ་དང་། ཤྲཱི་ལངྐ་དེ་ཚོའི་ནང་ལ། མི་རིགས་དེའི་རིག་གཞུང་ལུགས་སྲོལ་དང་། ནང་ཆོས་གཉིས་ཕན་ཚུན་འདྲེས་ཐལ་ཆེ་ནས། གཅིག་བྱས་ན་གནས་ཚུལ་འདི་ཡག་པོ་བྱུང་བ་རེད། དེའི་དབང་གིས་ནང་པ་ཟེར་བ་ཞིག་ད་དུང་ལྷག་བསྡད་ཡོད་རེད།
ཡང་ཕྱོགས་གཅིག་ནས་གནས་སྟངས་འདིས་ནང་ཆོས་ལ་གནོད་ཀྱང་སྐྱེལ་བསྡད་ཀྱི་ཡོད་རེད། རྒྱུ་མཚན་གང་རེད་ཅེ་ན། དུས་ཚོད་ཀྱི་འཕོ་འགྱུར་ཆེན་པོ་འགྲོ་བཞིན་པའི་སྐབས་འདིར། སྔོན་ནས་ད་བར་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་དུ་ནང་ཆོས་དར་སའི་ལུང་པ་ངོ་མ་དཔེར་ན་འབྲུག་དང་། འབར་མ་དེ་ཚོའི་ནང་ལ་ནང་པའི་ཆོས་དང་ལུགས་སྲོལ་གཉིས་འདྲེས་ཐལ་ཆེ་སྟེ། དངོས་གནས་བྱས་ན་ནང་ཆོས་ནི་ཁ་ཡོད་ལག་ཡོད་ལ་ཕན་ཐོགས་ཡོད་པ་ཞིག་དང་། རྒྱུ་མཚན་ཡང་དག་པ་ཡོད་པ། དཔེར་ན་འདུས་བྱས་ཐམས་ཅད་མི་རྟག་པ་རེད་ཅེས་གསུངས་པ་ལྟ་བུ། དེ་ལྟར་རེད་བསྡད་ཡོད་པའི་རྒྱུ་མཚན་གྱིས་དེ་མ་རེད་ཅེས་སུ་གང་གིས་བསྙོན་ཐུབ་ཀྱི་མ་རེད། ཡིན་ནའང་ནང་ཆོས་ངོ་མ་དེ་ག་ཤེད་ཅིག་ལ་ཕར་ཡལ་ནས་མངོན་པར་མི་གསལ་བར་གྱུར་ཅིང་། ལུགས་སྲོལ་དུ་གྱུར་པའི་ཆོས་མཆོད་རྟེན་ལ་བསྐོར་བ་རྒྱག་རྒྱུ་དང་། ཙོག་ཙོག་བྱས་ནས་བསྡད་རྒྱུ་དང་། གྲྭ་པ་བྱེད་དགོས་རེད་ཟེར་བ་འདྲ་དང་། གྲྭ་པ་བྱེད་པ་ཡང་དངོས་གནས་འཁོར་བ་ལ་ངེས་པར་འབྱུང་ཞིང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་འདྲ་མ་ཡིན་པ། ལུགས་སྲོལ་གྱི་སྒོ་ནས་གྲྭ་པ་བྱེད་པ་ཞིག་ཡོད་རེད། འོ་དེ་ཚོའི་གྲས་ཀྱི་ལུགས་སྲོལ་དང་རིག་གཞུང་ལ་ཆགས་ཞེན་ཆེན་པོས་གལ་ཆེན་དུ་བརྩིས། ལུང་པ་འདི་དག་ལ་ནང་ཆོས་དངོས་གནས་ར་སྤྲོད་བྱེད་མཁན་ནི་ཉུང་ཉུང་ལས་མེད་ཡོང་དུས། ལོ་ཉུང་ཚོས་ལུགས་སྲོལ་དང་ནང་ཆོས་སོ་སོར་དབྱེ་མ་ཤེས། ལུགས་སྲོལ་རྙིང་པ་དང་རིག་གཞུང་དུ་གྱུར་པའི་རིགས་དེས་ཁོང་ཚོའི་སེམས་ཁ་གང་ཐུབ་ཀྱི་ཡོད་མ་རེད།
ལུགས་སྲོལ་དང་རིག་གཞུང་རྙིང་པ་དེ་ཚོ་ལ་ཉོབ་ཏོ་མཐོང་ནས་དོ་སྣང་མེད་པའི་སྟེང་དུ་རྣམ་གཡེང་གི་རྒྱུ་རྐྱེན་མང་པོ་ཞིག་འཛོམས་ཏེ། སྔོན་མ་ནས་ནང་ཆོས་དར་བའི་ལུང་པ་ཚོའི་ནང་ལ་ནང་ཆོས་ལ་དོ་སྣང་བྱེད་མཁན་མར་ཉུང་དུ་ཆགས་ཤིང་། ནང་པའི་མི་འབོར་དེ་ཉུང་ནས་ཉུང་དུ་འགྲོ་བཞིན་རེད། དཔེར་ན་སོག་པོའི་ལུང་པར་ཡེ་ཤུ་རྒྱ་ཆེན་པོ་དར་གྱི་ཡོད་རེད། འབྲུག་ལའང་ཡེ་ཤུ་ཤུགས་ཆེ་རུ་འགྲོ་བཞིན་འདུག དེ་ག་ནང་བཞིན་སྔོན་མ་ནས་ནང་པ་ཡིན་པའི་བལ་ཡུལ་གྱི་རྟ་མང་དང་། ཤར་པ་ཟེར་བ་དེ་ཚོ་ནས་ནང་པ་མར་ཉུང་དུ་ཕྱིན་ཅིང་། ཡེ་ཤུའི་ཆོས་དེ་ཚོ་ཡར་དར་འགྲོ་འདུག ཕྱོགས་གཅིག་ནས་བཤད་ན་ལོ་ཉུང་ཚོ་ལ་ཁག་ཡོད་མ་རེད། ཡེ་ཤུའི་ཆོས་བྱེད་དུས་ལག་ན་སྒྲ་བརྙན་ཞིག་གཟུང་། ཁ་ནས་གླུ་འདྲ་ལེན་ཞིང་། ཁོང་ཚོའི་ལས་ཀ་བྱེད་སྟངས་དེང་དུས་ན་གཞོན་གྱི་བསམ་མནོ་དང་བསྟུན་གྱི་ཡོད་པར་བརྟེན་གཞོན་ནུ་ཚོའི་སྣང་བར་འགྲོ་ཡི་ཡོད་རེད། ང་ཚོས་ནང་ཆོས་བྱེད་ཟེར་དུས་ཡང་ན་ཚོགས་པ་འཚོག་རྒྱུ་དང་། ཡང་ན་མཚམས་ལ་བསྡད་དགོས་རེད་ཟེར་བ་འདྲ་དང་། དེ་འདྲའི་སྐད་ཆ་མང་པོ་ཞིག་སླེབས་ཡོང་དུས་ལོ་ཉུང་ཚོས་དོ་སྣང་བྱེད་པ་ལ་དཀའ་ལས་ཁག་པོ་ཡོང་གི་ཡོད་ས་རེད། དེས་ན་གྱོང་ངོ་མ་དེ་ནང་པ་ལ་རག་གི་ཡོད་རེད།
ང་ཚོས་མགོ་སེར་རིགས་ལ་ནང་ཆོས་ངོ་སྤྲོད་བྱེད་པའི་སྐབས་སུ་ཕལ་ཆེར་ནང་ཆོས་ཀྱི་སྙིང་པོ་རང་ངོ་སྤྲོད་བྱེད་ཀྱི་ཡོད་རེད། གོང་དུ་ཞུས་པ་ལྟར་ནང་ཆོས་ཁོ་རང་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཅན། གང་ཐད་ནས་རང་རྐང་ཐུབ་པ་ཞིག་ཡོད་པའི་རྒྱུ་མཚན་གྱིས། ད་ལྟ་ཡར་ཐོན་ཅན་གྱི་ཡུལ་ལུང་དང་རྒྱལ་ཁབ་དཔེར་ན་དབྱིན་ཇི་དང་། ཧྤ་རན་སི། མཇར་མན་སོགས་ཡུ་རོབ་དང་། ཨ་མི་རི་ཀ་དེ་ཚོའི་ནང་དུ་ནང་ཆོས་ལ་དགའ་བོ་བྱེད་མཁན་ཡར་མང་ནས་ནང་ཆོས་དར་བཞིན་པ་རེད། འཛམ་གླིང་འདི་ལ་ནང་ཆོས་དར་གུད་ཇི་ལྟར་བྱེད་ཀྱི་ཡོད་ཚུལ་གྱི་ས་ཕྲ་ཡོད་རེད་དེ་ལ་གཟིགས་དང་། སྤྱིར་བཏང་ནང་པ་མི་འབོར་གྱི་སྒོ་ནས་དཔེ་ཉུང་ཉུང་འདྲ་རེད་དེ། སྔོན་མ་མེད་ཚོད་ལ་ལྟོས་ན་ནུབ་ཕྱོགས་ཡུལ་ལུང་དེ་དག་ལ་ནང་པའི་བརྒྱ་ཆ་ཡར་མང་དུ་འགྲོ་བཞིན་ཡོད་རེད།
ནུབ་ཕྱོགས་པའི་ནང་ལ་ནང་ཆོས་དར་བའི་སྐབས་སུ་ནང་ཆོས་ལ་དོ་སྣང་སྤྲོད་མཁན་དེ་ཤེས་ཡོན་ཚད་མཐོན་པོ་ཅན་དང་། བསམ་མནོ་ལེགས་པོ་གཏོང་ཤེས་མཁན་གྱི་གྲས་དེ་ཚོའི་ནང་ནས་ཡོང་གི་ཡོད་རེད། ངས་གནས་ཚུལ་འདི་ཡག་པོ་རེད་ཅེས་དང་། སྡུག་པོ་རེད་ཅེས་ལབ་ཐུབ་ཀྱི་མི་འདུག ཡིན་ནའང་དཔེར་ན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟེར་བ་འདྲ་དང་། ཚན་རིག་པ་ཟེར་བ་དེ་ཚོའི་གྲས་དེས་ནང་ཆོས་ལ་དགའ་བོ་བྱེད་ཀྱི་ཡོད་རེད། ཡིན་ནའང་འདི་ཚོའི་གྲས་དེ་དཔེ་ཉུང་ཉུང་འདྲ་རེད། ས་ཆ་གང་ན་ཡིན་ནའང་སློབ་སྦྱོང་ཡོད་མཁན་དང་མེད་མཁན་གཉིས་ལས་མེད་མཁན་རིགས་དེ་མང་གི་རེད། ཤེས་ཡོན་ཚད་མཐོན་པོ་མེད་པའི་རིགས་དེ་ཚོའི་ནང་ལ་ནང་ཆོས་དར་མ་ཐུབ་ན་ནང་པ་ཤུགས་ཆེན་པོ་ཡོང་ཐུབ་ཀྱི་མི་འདུག
དེའི་རྒྱུ་མཚན་གོང་དུ་བཤད་པ་ལྟར་དང་པོ་ཤེས་ཡོན་ཚད་མཐོན་པོ་ཅན་གྱི་གྲས་དེ་ཉུང་ཉུང་རེད། གཉིས་པ་ཤེས་ཡོན་ཆེན་པོ་ཅན་དེ་དག་དཔལ་འབྱོར་དང་། ཆབ་སྲིད་དེ་ཚོ་ལ་དོ་སྣང་དང་། དབྱིངས་མེད། རྒྱ་གར་དང་བལ་ཡུལ་འདི་ཚོ་ལ་ཚུར་འཁྱམས་ཡོང་གི་འདུག འདི་ཚོ་ལ་འཁྱམས་བསྡད་མཁན་གྱི་མགོ་སེར་སྐྱིད་སྣང་རིང་ལུགས་པ་འདི་ཚོ་དེབ་ཀློག་མཁན་དང་། བསམ་མནོ་གཏོང་ཤེས་མཁན་གྱི་ཤེས་ཡོན་ཅན་གྱི་གྲས་དེ་རེད། ཁོང་ཚོའི་ནང་ལ་ནང་ཆོས་དར་བསྡད་ཡོད་རེད། ནུབ་ཕྱོགས་དཔེར་ན་ཨ་མི་རི་ཀ་ལྟ་བུའི་རྒྱལ་ཁབ་དེ་ཚོའི་ནང་དུ་དངོས་གནས་ཤུགས་ཡོད་མཁན་དེ་འབྲིང་རིམ་དང་དམའ་རིམ་གྱི་ལས་གནས་ཅན་དཔལ་འབྱོར་གྱི་ལས་རིགས་དཔེར་ན་ཚོང་ལས་དང་། ཞིང་ལས། བཟོ་ལས། དམག་མི་དང་། སྲིད་དོན་གྱི་ལས་ཀ་བྱེད་མཁན་དེ་ཚོ་སྟེ། མདོར་ན་ངལ་རྩོལ་བྱེད་མཁན་གྱི་གྲས་དེ་རེད། དེ་ཚོའི་ནང་ལ་ནང་ཆོས་དར་ཐུབ་ཀྱི་ཡོད་མ་རེད། བསམ་མནོ་ཡག་པོ་ཞིག་གཏང་ན་གལ་སྲིད་ངལ་རྩོལ་བྱེད་མཁན་འདི་ཚོའི་གྲས་ནས་ནང་ཆོས་ལ་དགའ་བོ་བྱེད་མཁན་དང་དོ་སྣང་སྤྲོད་མཁན་ཡོང་རོགས་བྱས་ན་ཁེ་ཕན་དེ་ཆེ་སྲིད་པ་རེད།
ཡུལ་ཤར་ནུབ་ལ་སོགས་པ་དང་། དུས་གནའ་དེང་གི་ཕྱོགས་སུ་མ་ལྷུང་ཞིང་། མི་རིགས་ཤ་མདོག་གང་འདྲ་ཅན་ཞིག་ཡིན་ནའང་ཐམས་ཅད་དང་མཐུན་པའི་ཆོས་ལུགས་ལ། ཆོས་ལུགས་ཤིག་གི་ནང་ལ་ནང་པ་སངས་རྒྱས་པའི་ཆོས་ལུགས་ལས་ལྷག་པ་ཡོད་ས་མ་རེད། དཔེར་ན་མི་རྟག་པ་སྒོམ་པ་ལྟ་བུར་མཚོན་ན་མི་རིགས་དཀར་ནག་ལ་ཁྱད་མེད་པ། ལུས་རྟེན་ཕོ་མོ་སུ་ཡིན་ནའང་ཁྱད་མེད་དུ་སྒོམ་ཆོག་གི་ཡོད་རེད། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བ་འབྱུང་བ་ཡིན་པ་ཡང་དེ་ནང་བཞིན་རེད། ཡིན་ནའང་མི་རིགས་ཀྱི་ལུགས་སྲོལ་དེ་ཚོ་ལ་ཞེན་ཆགས་ཆེ་དྲགས་ནས་ཆོས་ངོ་མ་དེ་ངོ་སྤྲོད་ཐུབ་ཀྱི་ཡོད་མ་རེད། འདི་ང་ཚོ་བོད་པ་རྐྱང་པའི་གནད་དོན་ཞིག་ཡིན་ས་མ་རེད། ཐེ་ལཎྜ་དང་། ཤྲཱི་ལངྐ་དེ་ཚོས་ཀྱང་ཆོས་བཤད་བྱེད་པའི་སྐབས་སུ་ནང་ཆོས་ངོ་མ་ཕར་མི་བསླབས། ལུང་པའི་ལུགས་སྲོལ་དེ་སློབ་ནས་ཐོགས་བསྡད་པའི་བཟོ་བལྟ་ཞིག་ཡོང་གི་འདུག ངས་ནམ་རྒྱུན་ལབ་ཀྱི་ཡོད། བོད་པའི་བླ་མ་ཚོས་ཕྱི་རྒྱལ་མི་རྣམས་ལ་ཆོས་བཤད་བྱེད་སྐབས་བོད་ཆས་འདྲ་བཀོན་ནས་བོད་པའི་བཟོ་བལྟ་འདྲ་ཞིག་གཏོད་ཨེ་ཐུབ་བལྟ་བསྡད་ཀྱི་འདུག་སྟེ། ཕྱི་རྒྱལ་བ་དེ་ཚོ་མི་ཚེ་འདི་ལ་བོད་པ་རུ་ནམ་ཡང་འགྱུར་མི་སྲིད་པ་རེད། ཁོང་ཚོ་བོད་པ་རེད་དགོས་ཀྱི་ཡང་ཡོད་མ་རེད། བོད་པ་ཡང་འགྲོ་བ་སེམས་ཅན་གྱི་རིགས་ཤིག་རེད་བསྡད་ཡོད་རེད། ཡིན་ནའང་ཕྱི་རྒྱལ་བ་ཁོང་ཚོ་མི་ཚེ་འདི་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་སྲིད་པ་རེད། སངས་རྒྱས་ཀྱི་གོ་འཕང་ཐོབ་མ་ཐུབ་ནའང་། དགའ་རབ་དགའ་རབ་ཡར་ལ་སླེབས་ཐུབ་པ་ཞིག་བཟོ་ཐུབ་ཀྱི་ཡོད་རེད།
ཕྱོགས་གཅིག་ནས་གོང་དུ་ཞུས་པ་ལྟར་ལུགས་སྲོལ་རྙིང་པ་དེ་ཚོ་གལ་ཆེན་པོ་ཡིན་ས་རེད། མ་གཞི་ལུགས་སྲོལ་ཟེར་བ་དེ་ཁྱད་མཚར་བོ་ཞིག་རེད། ད་ལྟ་ང་ཚོས་དཔེ་རྩ་ཆེན་པོར་བརྩིས་ནས་བདག་པོ་རྒྱག་བསྡད་རྒྱུའི་ལུགས་སྲོལ་མང་པོ་ཞིག་འདུག་རྒྱུ་འདི་ཚོ། ཡང་སྐབས་དེའི་ཚེ་དེའི་དུས་ན་དཔེ་གསར་ཡིན་རྒྱུ་རེད་དྲན་གྱི་འདུག འདི་ང་ཚོ་བོད་པའི་ལུགས་སྲོལ་རྐྱང་པའི་གནས་སྟངས་མ་རེད། ལུགས་སྲོལ་ཚང་མ་དེ་ལྟར་ཡིན་པའི་བཟོ་བལྟ་འདུག ང་ཁ་སེང་ཉེ་ཆར་མ་གའི་ནཀ་པུར་ས་ཁུལ་ནག་ལོ་ཀ་ལ་ཕྱིན་པ་ཡིན། སྤྱིར་བཏང་རྒྱ་གར་ནང་དུ་ནང་ཆོས་ཧ་ལས་པའི་ཉམས་ཆག་ཕྱིན་ཡོད་རེད། དེས་ན་ཁོང་ཚོས་ད་ལྟ་སློབ་སྦྱོང་བྱེད་ཅིང་མགོ་གདག་ས་འདྲ་དེ་གནས་བརྟན་སྡེ་པ་རེད། དེས་ན་འབར་མ་དང་། ཤྲཱི་ལངྐ་དང་། ཐེ་ལཎྜ་དེ་ཚོ་ལ་མགོ་གདག་དགོས་ཀྱི་ཡོད་རེད། ཐེ་ལཎྜ་དེ་ཚོས་ཆོས་བཤད་པ་ཡིན་ཟེར་དུས། ཕྱག་འཚལ་སྟངས་ཡན་ཆོད་ཁོང་ཚོའི་ལུགས་སྲོལ་ལྟར་མ་བྱས་ན་ཁྱེད་ཚོ་ནང་པ་ཆགས་ཐུབ་ཀྱི་ཡོད་མ་རེད་ཟེར་བ་འདྲ་བོ་བཤད་ནས་མགོ་འཁོར་བསྡད་ཡོད་པའི་བཟོ་བལྟ་ཆེན་པོ་མཐོང་སོང་། དེ་ཡིན་དུས་ནང་པའི་གནས་སྟངས་དེ། སློབ་སྦྱོང་སྤོད་སྟངས་ཀྱི་སྒོ་ནས་ཏོག་ཙམ་རྗེས་ལུས་ཐེབས་བསྡད་པའི་བཟོ་ལྟ་ཞིག་འདུག་དྲན་གྱི་ཡོད།
དྲི་བ་གཉིས་པ། ནང་པ་སངས་རྒྱས་པའི་མ་འོངས་པའི་མདུན་ལམ་དེ་གང་འདྲ་ཞིག་ཏུ་གཟིགས་ཀྱི་འདུག
བཀའ་ལན། སྤྱིར་བཏང་ངས་ནང་པ་སངས་རྒྱས་པ་ཡོངས་རྫོགས། དེའི་ནང་ནས་ཐེག་པ་ཆེན་པོ། དེའི་ནང་ནས་ང་ལ་རྒྱུས་ཡོད་པ་དེ་བོད་བརྒྱུད་ནང་བསྟན་དེ་རེད། དེའི་དབང་དུ་བཏང་ནས་སྐད་ཆ་བཤད་བཞག་པ་ཡིན་ན། དཔེར་ན་ཐེག་པ་ཆེན་པོ་འདྲ་ཞིག་ཡིན་ན་ཤཱ་རིའི་བུ་མོའུ་འགལ་གྱི་བུ་ཟེར་བ་འདྲ་དང་། འཕགས་པའི་གནས་བརྟན་ཀུན་དགའ་བོ་ཟེར་མཁན་དེ་ཚོ་ལ་ང་ཚོས་དཔེ་མ་སྲིད་རྩི་བཀུར་བྱེད་ཀྱི་ཡོད་རེད། འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་ལ། འཕགས་པའི་གནས་བརྟན་དེ་ཚོ་དང་འདྲ་འདྲའམ། དེ་ཚོ་ལས་ལྷག་ན་མ་གཏོགས་མི་དམན་པའི་རྩི་བཀུར་བྱེད་ཀྱི་ཡོད་རེད། སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་དེ་ཚོས་རྣ་ལོང་བཏགས་བསྡད་ཡོད་རེད། སྐད་ཆ་དྲང་པོ་བཤད་བཞག་ན་ཁོང་ཚོ་མི་སྐྱ་རེད། ངས་འདི་འདྲའི་སྐོར་ལ་བསམ་མནོ་གཏོང་བསྡད་དུས་ལུགས་སྲོལ་དང་གོམས་གཤིས་རྙིང་པ་འདི་ལྟར་ཡོད་རྒྱུ་དེ་དཔེ་མི་སྲིད་པའི་གནད་འགག་ཆེན་པོ་རེད་བསྡད་ཤག དེ་མ་ཟད་ང་ཚོས་གསང་སྔགས་རྡོ་རྗེ་ཐེག་པ་གཞིར་བཞག་བྱས་ནས་སྐད་ཆ་བཤད་དགོས་ཀྱི་ཡོད་ན་གནས་བརྟན་འདུལ་བ་འཛིན་པ་འོད་སྲུང་ལྟ་བུ་དེ་ཚོ་ལ་ཕྱག་འཚལ། མཆོད་པ་འབུལ། བསྔགས་པར་བྱེད། རིམ་གྲོ་བྱེད། བཀུར་བསྟི་བྱེད་ཀྱི་ཡོད་རེད། དེ་མ་ཟད་ཆང་འཐུང་སྡོད་མཁན་བི་རུ་པ་ཟེར་མཁན་འདྲ་དང་། ཉ་གསོན་པོ་ཟ་སྡོད་མཁན་ཏེ་ལོ་པ་ཟེར་བ་དེ་ཚོ་ལའང་མགོ་འདོགས་ཀྱི་ཡོད་རེད། དེ་ཚོ་ལ་གོ་རྒྱུ་ཆེན་པོ་ཡོད་ས་རེད་དྲན་གྱི་འདུག
བོད་ལ་ཆ་བཞག་ནས་ཞུ་ན་བླ་མ་དེ་རྩ་ཆེན་པོ་རེད། བླ་མ་དེ་དཔོན་པོ་ཡང་རེད་སོང་རེད། བོད་པའི་སྤྱི་ཚོགས་ནང་དུ་བླ་མ་ཡིན་ཚར་དུས་མང་ཚོགས་ལ་ཚོང་རྒྱོབས་ཤོག དམག་རྒྱོབས་ཤོག་ཟེར་བཤད་ན་འགྲིག་གི་ཡོད་མ་རེད། བླ་མ་དེས་ཅི་གསུངས་ཀྱི་འདུག་བསམ་ནས་ཧ་ལས་རྒྱུ་རེད། དེ་ནས་ཁྱིམ་ནས་ཁྱིམ་མེད་པ་ལ་རབ་ཏུ་བྱུང་ཤོག འཁོར་བ་ལ་སྙིང་པོ་ཡོད་མ་རེད་ཟེར་བ་འདྲ་དང་། གྱོང་དང་ཕམ་ཁ་དེ་རང་རང་སོ་སོས་ཁྱེར་དགོས་རེད་ཟེར་བ་འདྲ་དང་། ཁེ་དང་རྒྱལ་ཁ་གང་ག་མི་ལ་སྤྲད་དགོས་རེད་ཟེར་བ་དེ་འདྲ་མ་བཤད་རང་བཤད་རེད། གྲྭ་པ་ཚོ་ལ་ཡིན་དང་ཡིན་དེ་འདྲ་བཤད་དགོས་ཀྱི་ཡོད་རེད། ཁོང་ཚོ་ཐག་བཅད་ཅིང་རྐང་བཙུགས་ཏེ་ཁྱིམ་ནས་ཁྱིམ་མེད་པ་ལ་རབ་ཏུ་བྱུང་བ་ཡིན་མདོག་མདོག་རེད། བོད་པའི་ནང་དུ་ཆུང་ཆུང་ནས་གྲྭ་པ་བཟོས་བཞག་པ་དེ་ཚོར་དེ་ལྟར་ཡིན་པས་ཁྱབ་པ་ཡོད་མ་རེད་དེ་ཡིན་པའི་དབང་དུ་བཏང་ཤོག མི་སྐྱ་ཚོ་ཆོས་ཞུ་སར་སླེབས་ཡོང་ནའང་ཁོ་ཚོ་ལ་དང་པོ་ཁོ་རང་ནས་བློ་ལྡོག་རྣམ་པ་བཞིའི་སྒོ་ནས་དལ་འབྱོར་རྙེད་དཀའ་ལུགས། འཆི་བ་མི་རྟག་པ་ཡིན་ཚུལ་དེ་ཚོ་བཤད་ཀྱི་ཡོད་རེད། ཆོས་པ་རང་གི་བསམ་མནོ་གཏོང་ན་དེ་འདྲ་བཤད་ལོས་དགོས། ཡིན་ནའང་སྤྱིར་བཏང་དེང་སང་གི་མི་ཚོ་དང་ལྷག་པར་མི་སྐྱ་དེ་ཚོ་ལ་ལམ་སང་ཁོ་རང་ནས་དེ་ལྟར་བཤད་བཞག་དུས་ཁོང་ཚོའི་བསམ་མནོ་དེ་ག་འདྲ་ཆགས་འགྲོ་ཡི་ཡོད་ཡིན་ན།
བོད་པའི་ནང་ལ་མ་གཞི་ཁྱད་མཚར་ཞིག་ཡོད་རེད། ཕྱོགས་གཅིག་ནས་དེ་འདྲ་བཤད་བསྡད་ཀྱི་ཡོད་རེད། ཕྱོགས་གཅིག་ནས་སུ་ཏྲའམ་སྟོད་གོས་ལྷས་མ་ཚོང་བའི་ལམ་འགྲོ་ཡོང་བའི་ཆེད་དུ་མགོན་པོའི་བསྐང་གསོ་ཡང་འདོན་གྱི་ཡོད་རེད། དངོས་གནས་བྱས་ན་འདི་དཔེ་མི་སྲིད་ནོར་བ་རེད། མགོན་པོ་ཡིད་བཞིན་ནོར་བུ་ཟེར་མཁན་དེ་བསྟན་པ་དང་སེམས་ཅན་སྤྱི་ཡི་མགོན་དང་སྐྱབས་དངོས་གནས་དེ་འདྲ་རེད་མ་གཏོགས་སུ་ཏྲ་(Sweater)ཚོང་བའི་ལམ་འགྲོ་ཡོང་བ་དེ་འདྲ་བྱིས་བློ་ཉི་ཚེ་བའི་ལས་ལ་བསྐུལ་བ་ནི། དཔེར་ན་མཁན་པོ་ཆེན་པོ་གཅིག་བྱིས་པ་ཆུང་ཆུང་ལ་ཀ་ཁ་ག་ང་སློབ་བཅུག་པ་དང་གཅིག་པ་གཅིག་རྐྱང་མ་རེད་པས། མི་ཞིག་གི་ཚོང་གི་ལས་ཀ་དེ་ཚོ་ལས་ཀ་ཆུང་ཆུང་རེད། དེ་ལྟར་བསམ་མནོ་གཏོང་སྟངས་དེ་དངོས་གནས་འདྲེ་གསོལ་བ་དང་གཅིག་པ་རེད། བོད་པ་གཅིག་པུ་མ་རེད། སྤྱིར་བཏང་མི་ཟེར་བ་དེའི་གོམས་གཤིས་ལ་ཁོག་ན་བསམ་པ་གཅིག་དང་ཁས་བཤད་པ་གཅིག་སྟེ་འགལ་ཟླ་ཆེན་པོ་ཡོད་རེད།
གང་ལྟར་ངས་བཤད་རྒྱུ་གཙོ་བོ་དེ་ནི། མི་མང་ཚོ་ལ་དང་པོ་ནས་འཁོར་བ་ལ་ངེས་འབྱུང་སྐྱེ་དགོས་རེད་ཟེར་བ་འདྲ་དེ་ཚོ་མང་པོ་བཤད་དུས་གང་འདྲ་ཡོད་ན་སྙམ་བསམ་མནོ་འདོན་དགོས་རྒྱུ་ཤིག་རེད། དང་པོ་འབྲས་བུ་ལ་སྤྲོ་བ་སྐྱེ་བའི་ཆེད་དུ། མི་ཕལ་ཆེར་བདེ་བ་འདོད་མཁན་ཤ་སྟག་ཡིན་པ་ནི་སྙོན་དུ་མེད་པ་ཡིན་དུས། བདེ་བ་འདོད་མཁན་ལ་སྐྱིད་པོ་གང་འདྲ་བྱེད་ནས་གཏོང་དགོས་རེད་ཟེར་ན། སྐྱིད་པོ་གཏོང་བའི་ལམ་མཐར་ཐུག་དེ་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལམ་ལུགས་འདི་རེད་ཟེར་ནས་དང་པོ་ནས་དེ་ལྟར་འབྲས་བུ་ལ་སྤྲོ་བ་བསྐྱེད་པའི་ཆེད་དུ་བཤད་རྒྱུ་དེ་གལ་ཆེན་པོ་ཡིན་ས་རེད་དྲན་གྱི་འདུག དེ་ནས་རྟེན་ཅིང་འབྲེལ་འབྱུང་ཟེར་བ་དེ་ཚོ་དང་པོ་ནས་བཤད་དགོས་འདུག
ངས་སྐབས་སྐབས་ལ་འདི་འདྲ་དྲན་གྱི་ཡོད། དཔེར་ན་བདེན་པ་བཞི་བཤད་པ་ལྟ་བུར་མཚོན་ན། དང་པོ་འགོག་པའི་བདེན་པ་བཤད་ཅིང་འགོག་བདེན་ཐོབ་ན་དངོས་གནས་སྐྱིད་པོ་ཡོད་ས་རེད་བསམ་བསམ་གྱི་དཔེ་ཆར་བལྟས་པའི་གོ་བ་ཙམ་ཞིག་སླེབས་རོགས་བྱས་ན། དེ་ནས་སྐྱིད་པོ་དེ་ཐོབ་པ་ལ་གང་ཞིག་བཟོ་དགོས་རེད་ཟེར་ན་ཀུན་འབྱུང་སྤོང་དགོས་རེད་ཟེར་རྒྱུ་འདྲ། ལམ་འབྲས་ནང་དུ་གསུངས་པ་ལྟར་ཚོང་པས་ཁེ་བཟང་འདུག་བསམ་ན་ཚོང་རྒྱག་འདོད་ཡོང་གི་ཡོད་པ་ནང་བཞིན་རེད། དེ་འདྲ་མིན་པར་དང་པོ་ནས་ཕོ་གསར་མོ་གསར་ཚོ་ལ་ཁྱིམ་ནས་ཁྱིམ་མེད་པ་ལ་རབ་ཏུ་བྱུང་དགོས་ཀྱི་རེད། གྱོང་དང་ཕམ་ཁ་དེ་སོ་སོས་ལེན་དགོས་རེད་ཟེར་བཤད་ན། ང་ཚོ་འཆད་མཁན་བླ་མ་གྲྭ་པ་ཚོ་ཡིས་ཀྱང་དེ་འདྲ་ལག་ལེན་བསྟར་ཐུབ་ཀྱི་མེད་དུས་གང་འདྲ་ཞིག་རེད་ཀྱི་ཡོད་ན། ལས་སླ་བོས་འབྲས་བུ་ཆེན་པོ་ཐོབ་ཐུབ་ཀྱི་ཡོད་པའི་ཚོར་སྣང་སྤྲད་རྒྱུ་དེ་གལ་ཆེན་པོ་ཡིན་མིན་འགྲོ་དྲན་གྱི་འདུག
ཕོ་གསར་མོ་གསར་དེ་ཚོ་ལ་དང་པོ་ནས་འདུལ་ཁྲིམས་ཉིས་བརྒྱ་ལྔ་ཅུ་རྩ་གསུམ་དེ་ཚོ་ངེས་པ་ཅན་དུ་བསྲུང་དགོས་རེད་ཟེར་བ་དེ་འདྲ་མ་ཡིན་པ། དེ་རིང་ཉི་མ་མར་ནུབ་པ་ནས་སང་ཉི་མ་ཡར་མ་ཤར་ཀྱི་བར་དུ་སྲོག་གཅོད་པའི་སྡོམ་པ་ལོངས་ཤོག་དེས་འགྲིག་གི་རེད་ཟེར་བ་ལྟ་བུ། དེ་ཚོའི་གྲས་དེ་ག་ཚད་ཡིན་ན་བཤད་ཐུབ་པ་ཞིག་བྱེད་རྒྱུ་དང་། དེ་ལྟར་སྡོམ་པ་བླངས་ན་འགྲིག་གི་མ་རེད་སུ་གང་གིས་བཤད་ཐུབ་ཀྱི་མ་རེད། འདི་ང་རང་ཚོས་དཔེ་གསར་དེ་འདྲ་གང་ཡང་མ་རེད། བཅོམ་ལྡན་འདས་ཀྱི་མདོ་མཛངས་བླུན་ནང་ལ་གསུངས་ཡོད་རེད། ཤན་པ་ཞིག་གིས་ཚེ་གཅིག་ཕར་ཟད་ཞོགས་ཉིན་གཅིག་ལ་སྲོག་མི་གཅོད་པའི་ཁས་ལེན་མི་ཐུབ་པ་ཞིག་ལའང་། འཕགས་པ་ཀ་ཏ་ཡ་ནས་མཚན་མོར་སྲོག་མི་གཅོད་པའི་སྡོམ་པ་ལེན་བཅུག་པ་རེད། འདི་དག་ལ་གོ་རྒྱུ་དཔེ་ཆེན་པོ་འདྲ་ཡོད་ས་རེད། མ་འོངས་པ་ལ་ང་རང་ཚོས་མི་རྫབ་ཆེན་དེ་ཚོ་ཡང་ཡར་བདག་པོ་རྒྱག་རྒྱུ་དེ་གལ་ཆེན་པོ་མིན་འགྲོ་དྲན་གྱི་འདུག
དཔེར་ན། ཆང་འཐུང་མཁན། མཱ་ཅང་རྒྱག་མཁན། ཐ་མ་འཐེན་མཁན། སྒོམ་ག་པ་ག་པ། མ་ཎི་ཕྲེང་སྐོར་རེ་མཚམས་མཚམས་ལ་འདོན་ཞིང་། མཚམས་མཚམས་ལ་མི་འདོན་མཁན། དེ་འདྲའི་རིགས་ཤིག་ཡོད་རེད། ཁ་ཤས་རྒྱུ་མཚན་ཅི་ཡིན་མ་ཤེས་ནའང་རང་བཞིན་གྱིས་དཀོན་མཆོག་གསུམ་ལ་ནི་དགའ་སྡོད་མཁན། ཁ་ཤས་ཀྱིས་རྒྱུ་མཚན་ཏོག་ཙམ་ཤེས་ནས་དཀོན་མཆོག་གསུམ་ལ་དགའ་སྡོད་མཁན། དེ་འདྲའི་རིགས་དེ་ཚོ་བདག་པོ་རྒྱག་རྒྱུ་དེ་གལ་ཆེན་པོ་མིན་འགྲོ་དྲན་གྱི་འདུག ཁོང་ཚོ་དང་པོ་ནས་ནང་པ་སངས་རྒྱས་པའི་ཆོས་ལ་སེམས་སུན་མི་བཅུག་ཅིང་། འདི་འདྲ་བྱས་ན་ང་ཚོས་ལམ་དང་ལུགས་སྲོལ་གསར་པ་བཟོས་པའི་ཉེས་པ་ཡོད་མ་རེད། སངས་རྒྱས་ཁོ་རང་གིས་གདུལ་བྱའི་ཁམས་དང་མོས་པ་དང་དབང་པོ་དང་བསྟུན་ནས་སྐད་ཆ་བཤད་དགོས་རེད་ཅེས་གསུངས་བཞག་ཡོད་རེད།
ད་ལྟ་གོང་ན་བཤད་པ་ལྟར་སྤྱི་ཚོགས་ནང་དུ་གྲྭ་པ་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་ཟེར་བ་དེ་ཚོ་ལ་རྩི་བཀུར་ཆེན་པོ་བྱེད་ཀྱི་ཡོད་རེད་ལ། ཡང་སྐྱ་བོའི་རྟེན་ཅན་འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་དེ་ཚོ་ལ་དེ་ལས་ལྷག་མེད་ན་མི་དམན་པའི་རྩི་བཀུར་བྱེད་སྲོལ་ཡོད་རེད། འདི་ཚོ་གནད་འགག་ཆེན་པོ་མིན་འགྲོ་བསམ་གྱི་འདུག ངས་འདིར་དེ་བཤད་པའི་རྒྱུ་མཚན་དེ་གང་ཡིན་ཞེ་ན། ང་ཚོ་བོད་ནང་དུ་ཡུན་རིང་པོ་ཞིག་ལ་གྲྭ་པ་ཚོ་ལ་རྩི་བཀུར་ཆེན་པོ་བྱེད་སྲོལ་ཆགས། དེ་ནས་གྲྭ་པ་ཚོ་དཔོན་པོ་ཡང་ཆགས་སོང་བ་རེད། དེ་ནས་རྒྱལ་ཁབ་ཡོངས་རྫོགས་ཀྱིས་འགྲོ་སྟངས་འདུག་སྟངས་དེ་བླ་མ་གྲྭ་པའི་འགྲོ་སྟངས་འདུག་སྟངས་ནང་བཞིན་ཞིག་རེད་དགོས་པའི་བསམ་མནོ་གཞིར་བཞག་ཏེ་ཏོག་ཙམ་ཉམས་གུད་སོང་ཡོད་ས་རེད་དྲན་གྱི་འདུག
སྤྱི་ཚོགས་ནང་ལ་གྲྭ་པ་ལ་གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད་རེད། བསྟན་པ་འཛིན་མཁན་གྱི་སྐྱེས་བུ་དེ་ཚོ་མར་བགྲངས་ཡོང་དུས་བླ་མ་གྲྭ་པ་དང་གྲུབ་ཐོབ་མང་པོ་བགྲངས་ཀྱི་ཡོད་རེད། བླ་མ་གྲྭ་པ་ལ་ཡར་རྩི་བཀུར་ཆེ་ཐག་ཆོད་ནས། ཆོས་རྒྱལ་ཨ་ཤོ་ཀ་ཟེར་མཁན་དེ་ཚོ་བསྟན་པ་འཛིན་མཁན་གྱི་གྲས་ལ་སླེབས་ཀྱི་མེད་པ་འདྲ། དཔེར་ན་ང་ཚོ་བོད་ཀྱི་གྱང་རིས་ནང་ལ་བསྟན་པ་འཛིན་མཁན་གྱི་སྐྱེས་བུ་རྣམས་བྲིས་ཡོང་དུས་ཆོས་རྒྱལ་མྱ་ངན་མེད་ཟེར་མཁན་འདྲ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ཆོས་རྒྱལ་དཔལ་དགའ་བའི་ལྷའམ་ཧརྵ་ཝརྡྷན (Harsha Vardhana)། ཁ་ཆེའི་ཡུལ་ལམ་ཛ་ལནྡྷ་རའི་རྒྱལ་པོ་ཀ་ནིཥྐ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཟེར་བ་དེ་ཚོའི་ཐང་ཁ་མཐོང་རྒྱུ་ཡང་ཡོད་མ་རེད། བོད་ཀྱི་གྱང་རིས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བྲིས་ཡོད་པ་ནི་ཡང་རྒྱུ་མཚན་ཁ་ཁ་རེད། འདི་ཚོའི་གྲས་ཀྱི་ང་རང་ཚོའི་ལུགས་སྲོལ་དེ་ལ་བླ་མ་གྲྭ་པའི་ལུགས་སྲོལ་དེ་ཤུགས་ཆེ་ཐག་ཆོད་ནས་མང་པོ་ཞིག་ཕར་ལྷག་འགྲོ་བའི་སྐྱོན་ཆེན་པོ་འདུག་དྲན་བསྡད་ཀྱི་འདུག
ད་དུང་བཤད་ན། སེམས་ཅན་གསོད་པའི་ཤན་པ་ཞིག་གིས་མཚན་མོ་གཅིག་ལ་སེམས་ཅན་མི་གསོད་པའི་སྡོམ་པ་ཞུས་པ་ཡིན་ཟེར་ན་གཟེངས་བསྟོད་བྱེད་རྒྱུ་ཕར་ཞོགས། དེ་འདྲའི་སྡོམ་པ་ཐེབས་ཆག་ཅིག་ཞུས་འདུག་ཟེར་མང་ཆེ་བ་བགད་མོ་ཤོར་རྒྱུ་རེད་ལ། གྲྭ་པ་བྱས་པ་ཡིན་ཟེར་ན་གཟེངས་བསྟོད་དབུགས་དབྱུང་ཏོག་ཙམ་བྱེད་རྒྱུ་རེད། དེང་སང་གྲྭ་པ་བྱས་ནའང་གཟེངས་བསྟོད་བྱེད་པའི་ལུགས་སྲོལ་དེ་ཉམས་འགྲོ་བཞིན་ཡོད་ན་ཤེས་ས་མ་རེད།
ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་དུ་ཕྲུ་གུ་བྱིས་པ་ཆུང་ཆུང་ལོ་གཅིག་དང་གཉིས་ཙམ་ལོན་པ་དེ་ཚོ་ལ་ནང་ཆོས་ཀྱི་སློབ་གསོ་སྤྲོད་པའི་ལུགས་སྲོལ་དེ་ཕལ་ཆེར་མེད་བསྡད་པ་ནང་བཞིན་ཞིག་རེད། ཕྲུ་གུ་ཆུང་ཆུང་ལ་ནང་ཆོས་ཀྱི་སློབ་གསོ་སྤྲད་པའི་ཆ་རྐྱེན་མི་འདུག་ཟེར་བ་དེ་སློབ་གྲྭ་མི་འདུག་ཟེར་བ་མིན། དཔེར་ན་ཡེ་ཤུའི་ལུགས་སྲོལ་ལ། ཕྲུ་གུ་ལ་སྒྲུང་སྙན་པོ་བཤད་པ་དང་། ཁིར་སི་མི་སེ་(Christmas)ལྟ་བུ་དུས་སྟོན་དང་། དེའི་སྐབས་སུ་སན་ཏྲ་(Santa)ཟེར་བ་ཨག་ཚོམ་དཀར་པོ་རིང་པོ་ཅན་ཞིག་འཁྲབ་ནས་ལྷས་ཕྲུ་གུ་རྣམས་ལ་རྔན་པ་སྤྲད་དུ་མངགས་པ་ཡིན་མདོག་བྱས་ཏེ་ཕྲུ་གུ་རྣམས་ལ་བྱེ་རིལ་སྦྱིན་ནས་ལྷ་དང་ཡར་འབྲེལ་བའི་བག་ཆགས་འཇོག་སྲོལ་ཞིག་ཡོད་རེད། དེ་འདྲའི་རིགས་དེ་བཟོ་མ་ཐུབ་པའི་སྐྱོན་ཆེན་པོ་འདུག ཕྲུ་གུ་བྱིས་པ་ཆུང་ཆུང་ལ་བདེན་པ་བཞི་ལྟ་བུ་བཤད་རྒྱུ་ཡོད་མ་རེད།
ཡིན་ནའང་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཟེར་བ་འདྲ། དེ་ཚོ་ལ་ཁ་ཚུར་བཀུག་པའི་ཐབས་ཤེས་གཏན་གཏན་བཟོ་རྒྱུ་ཡོད་རེད་བསམ་གྱི་འདུག ག་ས་གང་ནས་བསྐོར་འདུག་ཆོག་གི་རེད། འདི་ཚོའི་གྲས་དེ་མེད་པའི་སྐྱོན་ཆེན་པོ་ཞིག་འདུག ཕྲུ་གུ་ཆུང་ཆུང་ལ་སློབ་གསོ་སྤྲོད་རྒྱུ་ཙམ་མ་ཡིན་པ་ཕྲུ་གུ་ཚོའི་ཕ་མ་རྣམས་ལའང་སློབ་གསོ་སྤྲོད་སྟངས་བསླབ་དགོས་ས་རེད། ཕ་མ་ཚོ་དཔེ་མི་སྲིད་པའི་གནད་འགག་ཆེན་པོ་རེད། ཕ་མ་ཚོ་ལ་ཕྲུ་གུ་བྱིས་པ་ཆུང་ཆུང་ལ་སློབ་གསོ་སྤྲོད་སྟངས་འདི་འདྲ་བྱེད་རོགས་གྱིས་ཟེར་སློབ་སྦྱོང་སྤྲོད་དགོས་ཀྱི་འདུག ཕྲུ་གུ་རྣམས་ལ་མངོན་གསལ་དོད་པོས་བཙན་དབང་བྱས་ཏེ་ནང་ཆོས་བྱེད་དགོས་རེད་ཟེར་བ་དེ་འདྲ་མ་ཡིན་པ། སེམས་ཀྱི་གཏིང་ལ་ནང་ཆོས་ཕར་བཙུད་རྒྱུ་དང་བག་ཆགས་ཟབ་མོ་འཇོག་ཐུབ་པའི་ཐབས་ཤེས་གཏན་གཏན་ཡོད་རེད་དྲན་གྱི་འདུག ང་ཚོས་དེ་འདྲ་བྱས་མ་ཐུབ་པའི་སྐྱོན་ཆེན་པོ་འདུག་པ་ཤེས་ནས་མ་འོངས་པ་ལ་དེ་ཚོའི་ཐབས་ལམ་སྐོར་ལ་བསམ་མནོ་གཏོང་དགོས་ས་རེད།
དྲི་བ་གསུམ་པ། དམིགས་བསལ་དེང་སང་ནུབ་ཕྱོགས་པའི་ཡུལ་ན་སངས་རྒྱས་ཆོས་ལུགས་ཀྱི་གནས་སྟངས་དེ་ཅི་འདྲ་ཞིག་རེད།
བཀའ་ལན། ང་ལ་བོད་བརྒྱུད་ནང་བསྟན་གྱི་སྐོར་མ་གཏོགས་གནས་བརྟན་སྡེ་པ་དང་། རྒྱ་ནག་ནས་བརྒྱུད་པའི་བསམ་གཏན་སྡེ་པ་སོགས་ནུབ་ཕྱོགས་ལ་ཇི་ལྟར་དར་བའི་སྐོར་གྱི་རྒྱུས་མངའ་ཆེན་པོ་མེད། སྤྱིར་བཏང་བོད་པའི་བསམ་མནོ་གཏོང་སྟངས་དེ་ལ་བོད་རིགས་མ་ཡིན་པའི་རིགས་གང་འདྲ་ཡིན་ནའང་ནང་ཆོས་བསྟན་སའི་གདུལ་ཞིང་ཡིན་བསམ་པ་བློའི་གཏིང་ནས་ཡིད་ཆེས་ཡོད་མཁན་ཉུང་ཉུང་རེད། བོད་རིགས་ཕལ་ཆེ་བས་ཕྱི་རྒྱལ་མི་རིགས་ལ་འབྲེལ་བ་ཞིག་བྱས་ནའང་། ཟང་ཟིང་དང་དཔལ་འབྱོར་གྱི་སྟེང་ནས་ཚུར་སྦྱིན་བདག་ཏུ་རེ་བ་སོགས་ཀྱི་བསམ་མནོ་མ་གཏོགས་མེད། འདི་ང་ཚོས་ཏོག་ཙམ་མ་འཇོན་པ་རེད་དྲན་གྱི་འདུག ནུབ་ཕྱོགས་པའི་ནང་ན་ནང་ཆོས་སྔོན་མ་མེད་པའི་ཚོད་ནས་ད་ལྟ་ཧ་ཅང་གི་ཡག་པོ་ཆགས་སྡད་ཡོད་རེད་དྲན་གྱི་འདུག ནུབ་ཕྱོགས་པ་མི་ཉུང་བ་ཞིག་གིས་ཆོས་ལ་དོ་སྣང་བྱེད་ཅིང་། ཚོང་དང་དཔལ་འབྱོར་སོགས་ཀྱི་འཇིག་རྟེན་གྱི་བྱ་བཞག་ཧ་ཅང་ཆེན་པོ་རྣམས་ཀྱང་མཚམས་འཇོག་བྱེད་པ་དང་། གཟའ་ཟླ་སོགས་ལས་ཀྱང་ཁ་བྲལ་ཏེ། ཆོས་ཀྱི་སློབ་སྦྱོང་དང་ཉམས་ལེན་ལ་དམིགས་ནས་ཡོང་མཁན་དེ་འདྲ་ཡོད་རེད། དེ་ཚོ་ལ་ཡག་པོ་རེད་ཅེས་རྗེས་སུ་ཡི་རངས་ཞུ་དགོས་རྒྱུ་རེད། ཁ་ཤས་ནི་སེམས་ཁ་མཐོ་དམན་གྱི་དབང་གིས་ཆོས་ཕྱོགས་ལ་གནས་སྐབས་དོ་སྣང་བྱེད་མཁན་འདྲ་དང་། ཡང་སྐབས་མཚམས་སུ་གཙུག་ལག་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་རྣམས་ཀྱིས་ལོ་རྒྱུས་དང་། འགྲོ་བ་མིའི་བསམ་མནོའི་གནས་སྟངས་སོགས་ལ་ཉམས་ཞིབ་བྱེད་ཆེད་ནང་ཆོས་ལ་དོ་སྣང་སྤྲོད་མཁན་དེ་འདྲའང་ཡོད་རེད།
འདས་པའི་ལོ་ཉི་ཤུ་སུམ་ཅུའི་ནང་དེ་ན་ནང་ཆོས་ལ་ཐོས་བསམ་བྱེད་མཁན་རྒྱ་མ་ཆུང་བ་ཞིག་བྱུང་ཡོད་རེད། སྒོམ་ཉམས་ལེན་བྱེད་མཁན་ག་ཚད་བྱུང་ཡོད་མེད་ཁྱོན་ནས་བཤད་མི་ཤེས་པ་རེད། སུས་ཉམས་ལེན་བྱེད་ཀྱི་ཡོད། སུས་བྱེད་ཀྱི་མེད་བཤད་ཤེས་ཀྱི་མ་རེད། མཚམས་ཁང་ནང་ལ་འཛུལ་བ་ཙམ་གྱིས་ཉམས་ལེན་ཡག་པོ་བྱེད་ཀྱི་ཡོད་རེད་ཟེར་བཤད་ཤེས་ཀྱི་མ་རེད། དེ་བཞིན་དུ་འདོད་ཆུང་ཆོག་ཤེས་དང་། འཇིག་རྟེན་ཆོས་བརྒྱད་མགོ་སྙོམ་བྱེད་དགོས་རེད་ཅེས་གསུངས་ཡོད་རེད་དེ། དེ་ཚོ་བྱེད་ཀྱི་ཡོད་རེད་མ་རེད་ཟེར་བཤད་ཐུབ་པ་ཁག་པོ་རེད། འདོད་ཆུང་ཆོག་ཤེས་ཡིན་མདོག་མདོག་བྱས་ཏེ་མགོ་སྐོར་ནས་བསྡད་འདུག་ཆོག་གི་ཡོད་རེད། ཆོས་བརྒྱད་མགོ་སྙོམས་ཡོད་མདོག་མདོག་བྱེད་བསྡད་ཆོག་གི་ཡོད་རེད། གཞན་སེམས་ཤེས་པའི་མངོན་ཤེས་ཤིག་མེད་ན་དེ་ལྟར་རེད་མ་རེད་ལབ་ཐུབ་པ་དཔེ་དཀའ་ལས་ཁག་པོ་རེད། ཡིན་ནའང་ནུབ་ཕྱོགས་པའི་ངོས་ནས་ནང་ཆོས་ལ་ཐོས་བསམ་བྱེད་ཚུལ་གྱི་སྟེང་ནས་སྐད་ཆ་བཤད་བཞག་ན་གང་ལ་གང་འཚམ་ཡག་པོ་རེད་བསྡད་ཡོད་རེད།
དེང་སང་ང་རང་ཚོའི་བླ་མ་སྤྲུལ་སྐུ་དང་མཁན་པོ་ཡིན་ཟེར་མཁན་ཆ་ངེ་ཆུང་ངེ་དེ་ཚོ་ལས་ཁོང་ཚོ་ཁ་ཤས་སློབ་སྦྱོང་ཡག་གི་འདུག་བསམ་བསམ་ཡོད་རེད། དེ་ཡང་ཕྱོགས་གཅིག་ནས་ཁོང་ཚོ་ལ་སློབ་སྦྱོང་གི་གཞི་རྐང་ཡག་པོ་ཡོད་བསྡད་དུས་གོ་བ་རླབས་ཆེན་པོ་ལེན་ཤེས་ཀྱི་ཡོད་མིན་འགྲོ ད་ལྟ་གོང་དུ་ཞུས་པ་ལྟར་གཞན་སེམས་ཤེས་པའི་མངོན་ཤེས་མེད་ན་ཉམས་ལེན་ཡག་པོ་བྱེད་ཀྱི་ཡོད་རེད་དང་མ་རེད་ཟེར་ལབ་ཤེས་ཀྱི་མ་རེད་དེ། ཕྱིའི་རྣམ་པ་ལ་ནུབ་ཕྱོགས་པའི་མི་རིགས་མང་པོ་ཞིག་གིས་ལོ་ཉི་ཤུ་དེ་ཚོའི་ནང་དུ་ནང་ཆོས་ཉམས་ལེན་བྱས་པ་ཡིན་ཟེར་ནས། གནས་འདྲ་སྐོར། བླ་མ་འདྲ་བསྟེན། སྒོམ་འདྲ་རྒྱག ཁོང་ཚོ་ལ་ང་ཚོ་བོད་པའི་གྲྭ་པ་རྣམས་ནང་བཞིན་དཀོར་འབུལ་མཁན་དང་གདུལ་བྱ་ནི་ཡོད་མ་རེད་དེ། ཟ་རྒྱུ་འདངས་ལ་མ་འདངས་བྱས་ནས་རི་ཁྲོད་དུ་འགྲོ་ནས་བསྡད་མཁན་དེ་ཚོ། ཕྱི་ཡི་རྟགས་དེ་ཙམ་ལ་རྟེན་ནས་ཉམས་ལེན་ཨོ་ཙམ་ཡོད་རེད་ཟེར་དགོས་མ་རེད་དམ། དེ་མེད་ན་ཨུ་ཚུགས་འདི་འདྲ་རྒྱག་དགོས་པའི་རྒྱུ་མཚན་གཞན་ཅི་ཡང་མེད་རེད། ཁོ་རང་ཚོས་ཆོས་ཀྱི་རོ་དང་བྲོ་བ་འདྲ་ཏོག་ཙམ་མྱོང་བར་རྩི་ཆོག་རྒྱུ་རེད་དྲན་གྱི་འདུག
དེ་འདྲ་རེད་དེ་ང་རང་ཚོའི་ངོས་ནས་ཁོང་ཚོ་ལ་ཐོས་བསམ་སྒོམ་གསུམ་ཡག་པོ་བྱེད་རྒྱུ་ཡོད་པའི་ཆ་རྐྱེན་ཕར་སྤྲད་ཐུབ་མེད་ཡིན་ས་རེད། དཔེར་ན་གོང་དུ་ཞུས་པ་ནང་བཞིན་ད་ལྟ་བར་དུ་ང་ཚོ་ནུབ་ཕྱོགས་པ་དང་མཉམ་དུ་འབྲེལ་བ་ཆགས་བསྡད་ཡོད་རེད་དེ། ནུབ་ཕྱོགས་པའི་མི་ཚོ་ལ་མཁན་པོའི་མཚན་གནས་སྤྲད་པ་ཟེར་བ་འདྲ་དང་། བླ་མ་རྡོ་རྗེ་འཛིན་པའི་མཚན་གནས་གསོལ་བ་རེད་ཟེར་བ་དེ་འདྲ་རེ་རེ་ཙམ་ཡོད་ན་མ་གཏོགས་མེད་པ་རེད། ཡིན་ནའང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ན་རང་རང་སོ་སོའི་མགོ་ཡང་མི་ཐོན་པའི་ཕྲུ་གུ་དེ་ཚོ་ཡང་ཁྲི་ཐོག་ལ་ཡར་བཞག་ཏེ་ལམ་སང་བསྟན་པ་འཛིན་པའི་སྐྱེས་བུའི་གྲས་ལ་སླེབས་ཀྱི་ཡོད་རེད། སེམས་གཏིང་ནས་ང་ཚོས་ཁོང་ཚོ་ལ་ཡིད་ཆེས་བྱེད་མ་ཐུབ་པའི་སྐྱོན་ཏོག་ཙམ་ཡོད་ས་རེད་དྲན་གྱི་འདུག ཕྱི་རྒྱལ་ལ་ཕེབས་མཁན་གྱི་ནང་ནས་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ཁོང་གི་ཐུགས་བསམ་བཞེས་སྟངས་དངོས་གནས་རླབས་ཆེན་པོ་རེད་དྲན་གྱི་འདུག དེ་མ་ཡིན་པའི་ལྕགས་འདུད་རིན་པོ་ཆེ་སོགས་ཉུང་ཉུང་ཞིག་ལས་དངོས་གནས་ཡིད་ཆེས་བྱེད་མཁན་ང་རང་གི་ངོ་ནས་མཐོང་མ་སོང་།
ཡང་གནས་ཚུལ་འདི་འདྲ་ཞིག་ཡོང་གི་འདུག སྐབས་སྐབས་ལ་ང་རང་ཚོ་བོད་པའི་བླ་མ་ཚོས། དཔེ་གསར་བྱེད་ཡོང་རྒྱུ་དང་བྱེད་ཐུབ་རྒྱུ་མེད་པའི་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ལྟ་བུ་ལ་དཔེ་གསར་འདྲ་བཟོ་ཨེ་ཐུབ་བལྟ་ཞིང་། དཔེ་གསར་བྱེད་དགོས་པའི་མིའི་ལུགས་སྲོལ་དེ་དག་ལ་འགྱུར་བ་ཏོག་ཙམ་བཏང་ན་ད་དཔེ་གསར་བྱེད་བཞག་གི་ཡོད་རེད་ཟེར་བ་དང་། ཀླད་པ་གསར་པའི་ལས་ཀ་རེད་ཟེར་ནས་མ་རངས་པའམ་མ་མོས་པའི་རྣམ་པས་སྐྱོན་བརྗོད་འདྲ་ཞིག་བྱེད་བསྡད་ཀྱི་འདུག དཔེ་ཞིག་བཞག་པ་ཡིན་ན་དེང་སང་ཕྱི་རྒྱལ་གྱི་ཕྱོགས་ལ་ཕེབས་མཁན་བླ་མ་མང་པོ་ཞིག་གིས་སྔོན་འགྲོ་ལ་གཙོ་བོ་མི་བྱེད་ནས། དངོས་གཞིའི་ཁྲིད་དེ་ཚོ་ལམ་སང་འདོན་བཞག་གི་ཡོད་རེད། ངས་བསམ་ན་འདི་འགྲིག་གི་ཡོད་མ་རེད་བསམ་གྱི་འདུག སྔོན་འགྲོའི་ཆོས་ཀྱིས་སེམས་རྒྱུད་དང་པོ་དུལ་བར་བྱེད་དགོས་ཀྱི་རེད་དེ་དེ་ལ་དཔེ་གསར་འདྲ་བཟོ། གཞན་ཁ་དར་འབུལ་བ་དང་། འབྲས་སིལ་བཟོ་བ་སོགས་ལུགས་སྲོལ་རིགས་དེ་དག་ལ་ཇི་མ་ཇི་བཞིན་ཧ་ཅང་གིས་རྩོལ་བ་ཆེན་པོ་གནང་བར་རྟེན་ཕྱི་རྒྱལ་ཁོང་ཚོ་དེ་ཚོའི་རིགས་དེ་ལ་བྱང་མ་ཆགས་བསྡད་ཡོད་རེད། འདི་དག་གི་གྲས་འདི་གང་འདྲ་ཡིན་ན་བསམ་གྱི་འདུག
ཆོས་རྒྱམ་དྲུང་པ་འདྲ་ཡིན་ན། ཁོང་གིས་རྒྱ་ཆས་བལྟ་བཟོ་དོད་པོ་གྱོན། ཨོག་སྒྲོག་བཅིངས། ཁྲི་མཐོན་པོའི་ཁ་ལ་བསྡད་ཀྱི་ཡོད་རེད་དེ། བཤད་རྒྱུའི་ཆོས་དེ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཟེར་བ་འདྲ་དང་། བདེན་པ་བཞི། འཕགས་ལམ་ཡན་ལག་བརྒྱད་དེ་ཚོ་འཆད་ཀྱི་ཡོད་རེད། གསང་སྔགས་འཆད་པའི་སྐབས་སུ་ཡིན་ནའང་སྔོན་འགྲོ་མ་ཚར་བར་དུ་བདེ་མཆོག་གི་དབང་ཡང་གནང་གི་ཡོད་མ་རེད། འདི་ཚོའི་གྲས་དེ་ཁོ་རང་ཇི་མ་ཇི་བཞིན་གནང་གི་ཡོད་རེད། ད་དེ་ཚོ་སྐད་ཆ་འཕྲོས་སོང་། ད་གང་ལྟར་ང་ཚོས་ཡིད་ཆེས་བྱེད་མ་ཐུབ་པའི་སྐྱོན་ཏོག་ཙམ་ཡོད་ས་རེད། ཐུགས་ཁག་ཀྱང་ཡོད་མ་རེད། སྔོན་མ་རྒྱ་གར་བ་ཚོས་ང་ཚོ་བོད་ལ་ཡིད་ཆེས་ཞེ་དྲགས་མ་གནང་བའི་ལོ་རྒྱུས་མང་པོ་ཡོད་རེད། བཱེ་རོ་ཙཱ་ན་ལ་ཡིད་ཆེས་མ་བྱས་ནས་དཀའ་ངལ་མང་པོ་མྱངས་པ་རེད། ལོ་པཎ་ཐམས་ཅད་ལ་རྒྱ་གར་གྱིས་ཡིད་ཆེས་བྱེད་མ་ཐུབ་ནས་དཀའ་ངལ་མང་པོ་འཕྲད་ཡོད་རེད། ཐུགས་ཁག་ཀྱང་མེད་པ་རེད།
དེས་ན་ཡིད་ཆེས་བྱེད་མ་ཐུབ་པའི་སྐྱོན་ཆེན་པོ་ཡོད་ས་རེད། ང་རང་ཚོས་འདིའི་སྐོར་ལ་བསམ་མནོ་གཏོང་རན་འདུག ང་ཚོ་ལ་དུས་ཚོད་ཞེ་དྲགས་མི་འདུག ང་ཚོས་ཕར་ཡིད་ཆེས་བྱེད་མ་ཐུབ་ན་ཕ་ཀི་ལ་ཁ་ཡོད་ལག་ཡོད་ཀྱིས་ཆོས་སྤེལ་ཐུབ་ཀྱི་མི་འདུག ཕྱོགས་གཅིག་ནས་ད་ལྟ་ང་ཚོས་ཁོང་ཚོ་ལ་ཡིད་ཆེས་བྱེད་རྒྱུ་ཡོད་ན་བྱེད། གོ་སྐབས་འདི་བཙལ་ནས་ལོ་བཅུའི་ནང་དུ་ཁོང་ཚོ་ལ་ཆོས་སྤེལ་སྟངས་ཀྱི་སྦྱོང་བརྡར་སྤྲད་མ་ཐུབ་ན། ཁོ་རང་ཚོས་ཁོ་རང་ཚོ་ལ་བླ་མའི་མཚན་གསོལ་བ་དེ་འདྲ་མང་པོ་དོན་ཡོང་གི་རེད། ཚད་དང་ལྡན་པ་ཞིག་ཡོང་ན་ཡག་པོ་རེད་དེ་ཁག་པོ་རེད། དེ་ནས་གྱོང་ཆེན་པོ་རག་གི་རེད། དེ་བས་ད་ལྟ་ནས་ང་རང་ཚོའི་ལུགས་སྲོལ་ལྟར་སློབ་གསོ་རྒྱག་རྒྱུ་དང་། སྦྱོང་བརྡར་སྤྲད་རྒྱུ་ཡོད་ཚད་ཕར་སྤྲད་ནས་མཐའ་མར་མངའ་གསོལ་གཟེངས་བསྟོད་ལ་སོགས་པ་ག་རེ་བྱེད་རྒྱུ་ཡོད་ན་བབས་ཆགས་པོར་བཟོ། ད་ལྟ་བླ་མ་དགེ་བའི་བཤེས་གཉེན་དགུང་ལོ་བགྲེས་པོ་ཉམས་མྱོང་ཡག་པོ་ཡོད་མཁན་ཞལ་བཞུགས་པའི་སྐབས་སུ་ཕྱི་རྒྱལ་གྱི་མི་རིགས་དང་། ནུབ་ཕྱོགས་ཀྱི་མི་རིགས་དེ་ཚོའི་ནང་ནས་ཆོས་སྤེལ་མཁན་ཁ་ཤས་བསྐོ་བཞག་ཐུབ་པར་བྱེད་རྒྱུ་དེ་གལ་ཆེན་པོ་མིན་འགྲོ་དྲན་གྱི་འདུག དེ་ལྟར་བྱེད་ཐུབ་ན་ཁོ་རང་ཚོའི་ནང་ལ་སྲོལ་ཞིག་དོད་ཡོང་རེད། གལ་སྲིད་ང་ཚོས་དེ་ལྟར་མ་བྱས་ན་ཁོ་རང་ཚོས་ཁོ་རང་ཚོ་ལ་མིང་འདྲ་བཏགས་ནས་བཟོ་ཡོང་གི་རེད། དེ་བྱུང་ན་ང་ཚོའི་ལྟ་སྐྱོང་འོག་ནས་ཡར་ཚར་བ་མ་ཡིན་དུས། དེ་ནས་སྐད་ཆ་མང་པོ་ཆགས་ཀྱི་རེད།
ནུབ་ཕྱོགས་པའི་ནང་ལ་ཡང་གཟབ་གཟབ་དགོས་ས་གཅིག་ཡོད་རེད། ཁོང་ཚོ་ལ་ཁག་ཀྱང་ཡོད་མ་རེད། ང་ཚོས་ཕར་བསླབས་པ་མང་པོ་ཞིག་ཁོང་ཚོའི་སེམས་ནང་དུ་འདི་རྒྱ་གར་བའི་རིག་གཞུང་དང་བོད་པའི་རིག་གཞུང་རེད་བསམ། འདི་དག་ང་ཚོ་ལ་དགོས་པ་ཡོད་མ་རེད། ང་ཚོ་ལ་དགོས་པ་དེ་སངས་རྒྱས་ཀྱིས་བསྟན་པའི་ཆོས་དེ་རང་ཡིན་བསམ་ནས། སྐྱོན་ཆེན་པོ་གང་ཞིག་སླེབས་ཡོང་གི་འདུག་ཟེར་ན་ཀུན་རྫོབ་ཐ་སྙད་ཀྱི་ཆོས་མང་པོ་ཞིག་ལ་སྐུར་བ་འདེབས་ཡོང་གི་འདུག དཔེར་ན་སྐྱེ་བ་སྔ་ཕྱི་ཟེར་བ་འདི་ཚོ་ཧིན་དྷུ་དང་བོད་པས་བཟོས་བཞག་པ་རེད། ཧིན་དྷུའི་ཆོས་ལུགས་ནང་ནས་མར་སླེབས་ཡོང་བ་ཞིག་རེད། འདི་དག་དགོས་པ་མི་འདུག་ཟེར་ནས་ནུབ་ཕྱོགས་པའི་ནང་དུ་ནང་པ་ཡིན་ཟེར་མཁན་ལ་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པ་མང་པོ་ཡོད་རེད།
གཞན་ཡང་ནུབ་ཕྱོགས་པའི་ནང་དུ་སེམས་ཀྱི་ན་ཚ་ཅན་མང་པོ་རེད། ཁོང་ཚོ་དྲན་པ་ཉེར་བཞག་དེ་ཚོ་སྒོམ་པ་ལ་དགའ་བོ་ཡོད་རེད། གང་ཡིན་ཟེར་ན་དྲན་པ་ཉེར་བཞག་སྒོམ་པའི་སྐབས་སུ་ཁོང་ཚོ་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཀྱི་ཡོད་པ་རེད། ནང་ཆོས་ཟེར་བ་དེ་མར་ཙོག་པུར་བསྡད་ནས་སྒོམ་རྒྱག་པ་གཅིག་པུར་ངོས་འཛིན་ཡོང་སྲིད་པ་རེད། ཡིན་ནའང་ནང་པ་སངས་རྒྱས་པའི་ཆོས་དེ་སྒོམ་རྒྱག་པ་རྐྱང་པའི་ལུགས་སྲོལ་ཞིག་མ་རེད། དེ་རེད་སོང་ན་ནང་ཆོས་སྤྲང་པོར་འགྱུར་འགྲོ་བ་རེད། ཕ་རོལ་དུ་ཕྱིན་པ་དྲུག་དང་། ཕ་རོལ་དུ་ཕྱིན་པ་བཅུ། བསྡུ་བའི་དངོས་པོ་བཞི་ཟེར་བ་སོགས་མང་པོ་ཡོད་པ་རེད། ཐེག་པ་ཆེན་པོ་ལྟར་ན་ཐབས་སུ་མ་གྱུར་པའི་ཆོས་ཤིག་རྩ་ནས་མེད་པ་རེད། དེ་འདྲ་ཡིན་དུས་ནང་ཆོས་འདི་རྒྱུ་འདྲ་ཡིན་ནའང་དཔེ་མི་སྲིད་པའི་ཕྱུག་པོ་རེད། དཔེར་ན་ཉི་ཧོང་གི་བསམ་གཏན་ཆོས་ལུགས་ལྟ་བུར་མཚོན་ན། ཇ་འཐུང་བཞིན་འཐུང་བཞིན་སྒོམ་རྒྱག་པའི་ལུགས་སྲོལ་ཞིག་ཡོད་རེད།
བོད་བརྒྱུད་ནང་བསྟན་འདྲ་ཡིན་ན་འཆམ་རྒྱག་རྒྱུ་འདི་ཚོ་ཚང་མ་ཐབས་ཀྱི་ཆ་རེད། ཧང་སང་པའི་ཐབས་ལམ་ཟབ་མོ་རེད་དེ། དེའི་ཕྱོགས་དེ་ཚོ་གོ་བ་མི་ལོན་ནས། གནས་སྐབས་ཅུང་ཟད་ཕན་གྱི་ཡོད་པའི་རྒྱུ་མཚན་གྱིས་མར་ཙོག་པུ་སྡད་དེ་སྒོམ་རྒྱག་པའི་ལུགས་སྲོལ་དེ་ནུབ་ཕྱོགས་ལ་དཔེ་འདྲ་ཞིག་དར་བསྡད་ཡོད་རེད། ཡིན་ནའང་ནང་པ་སངས་རྒྱས་པའི་སྒོམ་རྒྱག་རྒྱུ་དེའང་། སེམས་པ་བག་ཕེབས་པོ་བཟོ་བའི་ཆེད་དང་། སེམས་པ་བདེ་པོ་དང་། སེམས་པ་མི་སྨྱོ་བ། གཉིད་ཡག་པོ་ཁུག་པ། གཟུགས་པོ་བདེ་པོ། ལུས་སེམས་གཉིས་ཆར་ལ་ངལ་གསོ་ཐོབ་པའི་ཆེད་དུ་མ་རེད། གལ་སྲིད་སྒོམ་རྒྱག་པའི་དམིགས་ཡུལ་གཙོ་བོ་དེ་འདྲ་བཟུང་བཞག་ན་ནོར་བ་རེད། ང་ཚོས་ལྷག་མཐོང་སྒོམ་པ་དེ་གཉིད་ཡག་པོ་ཁུག་པའི་ཆེད་དུ་སྒོམ་གྱི་ཡོད་མ་རེད། གནས་ལུགས་དོན་དམ་པ་ཁོ་རང་རྟོགས་པའི་ཆེད་དུ་སྒོམ་གྱི་ཡོད་རེད། ཡིན་ནའང་དེ་ཚོའི་སྐོར་ལ་གོ་བརྡ་ཏོག་ཙམ་ཏོག་ཙམ་ནོར་བསྡད་པ་མང་པོ་ཡོད་རེད། གོང་དུ་ཞུས་པ་ལྟར་ཐབས་ཀུན་རྫོབ་ཀྱི་ཆ་དེ་ཚོ་དགོས་ཀྱི་མ་རེད་བསམ་བསྡད་དུས། ཁོང་ཚོ་དང་བསྟུན་ནས་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་གྱི་ནང་པ་ཡོད་རེད། སྐྱེ་བ་སྔ་ཕྱི་ནི་ཁས་མི་ལེན་ནའང་སྟོང་པ་ཉིད་ལ་རྣ་བ་འགྲོ་ཡི་ཡོད་རེད། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་ན། །མྱ་ངན་འདས་པ་ཐོབ་མི་འགྱུར། །གསུངས་པ་ལྟ་བུའི་གོ་དོན་རླབས་ཆེན་པོ་དེ་ཚོ་གོ་བ་ལེན་མ་ཐུབ། སྟོང་ཉིད་ཉི་ཚེ་བ་ཕྱོགས་རེ་ཙམ་ཞིག་རྣ་བར་འགྲོ་བསྡད་པ་འདྲ་དང་། ལས་རྒྱུ་འབྲས་དང་། ས་དང་ལམ་གྱི་རྣམ་གཞག་དེ་ཚོ་རྣ་བར་མི་འགྲོ་ནས་གོ་མི་ཐུབ་མཁན་དེ་འདྲ་མང་པོ་རེད།
ཕྱོགས་གཅིག་ནས་ཞུ་ན་ཁོ་ཚོས་གཉིས་མེད་ཀྱི་ལྟ་བའི་དོན་ཡག་པོ་གོ་མ་ཐུབ་པའི་རྒྱུ་མཚན་གྱིས་ལོས་ཡིན་དང་ཡིན། དཔྱིས་ཕྱིན་པ་ཞིག་མ་ཤེས་ནས་དེ་ལྟར་ཆགས་ཀྱི་ཡོད་ས་རེད། ཕྱོགས་གཅིག་ནས་ནུབ་ཕྱོགས་པའི་རིག་གཞུང་ཁོ་རང་དང་པོ་གཞི་བཙུགས་ས་འདྲ་དེའང་གཉིས་ཡོད་ལྟ་བ་ཆགས་བསྡད་ཡོད་རེད། ཡུལ་དང་ཡུལ་ཅན་གཉིས་སུ་ཕྱེ་བའི་ལུགས་སྲོལ་དེ་ལ་ཞེ་དྲགས་ཀྱིས་རྩ་ཆེན་པོ་རྩི་བཞིན་ཡོད་རེད། དཔེར་ན་གཙུག་ལག་སློབ་གྲྭ་ཆེན་མོ་དེ་ཚོའི་ནང་དུ་ནང་ཆོས་འཆད་མཁན་འདེམས་པའི་སྐབས་སུ། ནང་པ་མ་ཡིན་པ་ཞིག་རྐང་བཙུགས་ནས་འཚོལ་སྒྲུབ་བྱེད་ཀྱི་ཡོད་རེད། དེང་སང་གནས་སྟངས་དེ་ཏོག་ཙམ་འགྱུར་ཡོད་རེད་དེ། སྤྱིར་བཏང་དེ་འདྲ་རེད། དེའི་རྒྱུ་མཚན་ཅི་རེད་ཟེར་ན། ནང་པ་ཡིན་མཁན་ཞིག་གིས་ནང་ཆོས་བཤད་ན་དད་པའི་དབང་གིས་གནས་ཚུལ་ངོ་མ་དེ་མི་བཤད་པར་དཀྱོག་དཀྱོག་བཤད་འགྲོ་རེད་ཟེར། ནང་པ་ཡིན་མཁན་གྱི་དགེ་རྒན་དེ་ཚོ་ཆོས་ལུགས་ཁྱབ་བརྡལ་གཏོང་མཁན་རེད་མ་གཏོགས་གཙུག་ལག་སློབ་ཆེན་གྱི་དགེ་རྒན་རྩ་བ་ནས་མ་རེད་ཟེར་གྱི་ཡོད་རེད། གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡིན་ན་དངོས་གནས་གནས་ཚུལ་ག་རེ་བཤད་པ་དེ་ཇི་མ་ཇི་བཞིན་འཆད་མཁན་ཞིག་ཡིན་དགོས་རེད་ཟེར་མཁན་མང་པོ་ཡོད་རེད། དེས་ན་ཡུལ་དང་ཡུལ་ཅན་ཁ་ཁར་ཕྱེ་བའི་གོམ་གཤིས་ཤུགས་ཆེན་པོ་ཅན་གྱི་ནུབ་ཕྱོགས་པའི་བསམ་མནོ་གཏོང་སྟངས་ནང་ལ་གཉིས་མེད་ཀྱི་ལྟ་བ་དེ་ཤོང་དཀའ་ལས་ཁག་པོ་ཡོད་རེད། ཁོང་ཚོ་མ་ཟད་ང་ཚོ་ལའང་དཀའ་ལས་ཁག་པོ་ཡོད་རེད།
ངས་དུས་རྒྱུན་བཤད་བསྡད་ཀྱི་ཡོད། སྤྱིར་རྒྱ་གར་བ་དང་། རྒྱ་གར་གྱི་རིག་གཞུང་གི་ཤུགས་རྐྱེན་གྱིས་བོད་པ་ཚོའི་སེམས་ནང་དུ། ནམ་རྒྱུན་གཞན་གྱི་སེམས་པ་ནང་ལ་ཤོང་མི་ཐུབ་པ་དེ་འདྲ་ཤོང་བསྡད་ཡོད་རེད། དཔེར་ན་ང་ཚོའི་སེམས་ནང་དུ་ལྷ་དེ་ཚོ་པདྨའི་ཁ་ལ་བཞུགས་ཤིང་། རྒྱབ་ནས་མེ་དཔུང་འབར་ནའང་པདྨ་ད་དུང་མ་ཚིག་པ་དང་། ལྷ་ལ་ཕྱག་སྟོང་དང་སྤྱན་སྟོང་ཐམས་ཅད་ཡོད་ཅིང་མེ་ཏོག་པདྨའི་སྟེང་ན་བཞུགས་ཀྱང་ད་དུང་པདྨ་མཁྲང་ངེར་ཡོད་པ་དེ་ཚོ་ང་ཚོའི་ངོ་ལ་རྙོག་དྲ་ཡོད་མ་རེད། ཁོ་ཚོས་དེ་ཚོའི་གྲས་དེ་བསམ་བློའི་ནང་ལ་ཆུད་ཀྱི་མ་རེད། ཁོང་ཚོས་འདི་ཚོ་བོད་ཀྱི་བོན་པོའི་ཆོས་དང་། བོད་པའི་བསམ་མནོ་གཏོང་སྟངས་རེད་ཟེར་གྱི་རེད། ཕྱོགས་གཅིག་ནས་ང་རང་ཚོས་ལྷ་སྒོམ་པའི་སྐབས་ལ་དཀའ་ལས་ཡོད་རེད། ང་རང་ཚོ་བོད་ཀྱི་བླ་མ་མང་པོ་ཞིག་གིས་སོ་སོའི་སློབ་མར་ལྷ་སྒོམ་བཅུག་སྐབས། ལྷ་གཅིག་སྤྱན་རས་གཟིགས་ལྟ་བུ་དེ་བོད་ཀྱི་ཐང་གའི་ནང་དུ་ཡོད་པ་ནང་བཞིན་ཞིག་ཕལ་ཆེར་སྒོམ་བཅུག་གི་ཡོད་པ་རེད། ཐང་ག་དེ་ནི་བལ་པོ་དང་འབྲུག་པ་སོགས་ཀྱིས་ལྷ་བྲིས་པ་རྣམས་ཀྱི་ལྷ་ཡི་རྣམ་པ་ནི་བོད་ཀྱི་བྱད་བཞིན་ལ་གཞིར་བཞག་ནས་བྲིས་པ་ཞིག་ཡིན་པས་ཕྱི་རྒྱལ་བ་ཞིག་ལ་ཐང་གའི་ནང་བྲིས་པ་ཇི་ལྟ་བ་བཞིན་སྒོམ་བཅུག་ན་དེའང་མ་འགྲིག་པ་རེད།
དེས་ན་ད་ལྟ་གོང་དུ་ཞུས་པ་ནང་བཞིན་ཁོང་ཚོ་ལ་བདེན་གཉིས་ཐོག་ལ་གོ་བ་རླབས་ཆེན་པོ་མེད་པའི་རྐྱེན་གྱིས། བདེན་པ་གཉིས་ཁ་ཕར་འཕྲལ་ནས་སྐྱེ་བ་སྔ་ཕྱི་དང་། ལས་རྒྱུ་འབྲས་སོགས་ཐ་སྙད་དུ་ཡོད་པའི་རིགས་དེ་ཚོའི་གྲས་མཐའ་གཅིག་ཏུ་སྤོང་འདུག་མཁན་མང་པོ་ཡོད་རེད་དེས་ན་དོགས་ཟོན་དགོས་ས་གཅིག་དེ་རེད། གང་ལྟར་དེ་ལྟར་བྱེད་དུས་དོན་དག་རྡོག་རྡོག་ཁོང་ཚོས་ཐ་སྙད་ཀུན་རྫོབ་ལ་སྐུར་བ་འདེབས་ཀྱི་ཡོད་རེད། ཕར་བལྟ་འདུག་དུས་ང་རང་ཚོའི་ངོས་ནས་སློབ་གསོ་ཡག་པོ་བྱེད་མ་ཐུབ་པའི་རྟགས་ཀྱང་ཡིན་ས་རེད་། གོང་དུ་ཞུས་པ་ནང་བཞིན་ཐ་སྙད་ཀུན་རྫོབ་ཀྱི་ཆོས་ཁོང་ཚོ་ལ་ང་ཚོའི་འཆད་སྟངས་དེ་ཏོག་ཙམ་འགྲིག་གི་མེད་ཡིན་ས་རེད། ཁོ་རང་ཚོའི་ངོ་ལ་བསྟུན་ནས་ཐ་སྙད་ཀུན་རྫོབ་ཀྱི་ཆོས་དེ་རྣམས་བཤད་དགོས་ཀྱི་ཡོད་པ་འདྲ།
དྲི་བ་བཞི་པ། བོད་པའི་བླ་མ་རྣམས་ཀྱིས་དེང་དུས་འཛམ་གླིང་སྤྱི་ཡོངས་དང་། ཁྱད་པར་ནུབ་ཕྱོགས་པ་དང་། རྒྱ་རིགས་ལ་ཆོས་འཆད་སྟངས་གང་འདྲ་ཞིག་བྱེད་དགོས་ཀྱི་འདུག
བཀའ་ལན། སྤྱིར་བཏང་ཐབས་ཤེས་གང་ཡིན་ནའང་སྦྱོང་དགོས་རེད། ཐབས་ཤེས་ཚང་མ་སྦྱོང་རྒྱུ་དེ་གནད་འགག་ཆེན་པོ་ཡིན་ས་རེད། ཚན་རིག་གཅིག་པུ་ལ་མགོ་འཐོམས་མི་འདུག་ནས། དཔལ་འབྱོར་དང་། སྲིད་དོན། འཛམ་གླིང་རྒྱས་བཤད་དེ་ཚོ་སྦྱོང་རྒྱུ་དེ་གལ་ཆེན་པོ་རེད་འདུག ཚན་རིག་དེ་དངོས་པོའི་གནས་ལུགས་འཚོལ་བའི་ཐབས་ཤེས་ཤིག་ཡིན་ཟེར་གྱི་ཡོད་རེད། ཚན་རིག་གི་དབང་དུ་བཏང་ནས་དངོས་པོའི་གནས་ལུགས་འཚོལ་གྱི་ཡོད་ན་འགྲིག་གི་རེད། ཡིན་ནའང་ནང་ཆོས་སྤེལ་བའི་ཆེད་དུ་ཡིན་ན། དཔལ་འབྱོར་རིག་པ་དང་། སྲིད་དོན་རིག་པ་དང་། འགྲོ་བ་མིའི་རིགས་ཀྱི་རང་གཤིས་ཟེར་ནའང་འདྲ་མིའི་འཇིག་རྟེན་གྱི་འགྲོ་སྟངས་དེ་ཚོ་ཚན་རིག་ལས་ཀྱང་གལ་ཆེ་བ་མིན་འགྲོ་དྲན་གྱི་འདུག འཛམ་གླིང་གི་མིའི་འཇིག་རྟེན་གྱི་གཤིས་ཀ་དང་འགྲོ་སྟངས་ཧ་གོ་ན། ནང་པ་སངས་རྒྱས་པའི་ཆོས་དེ་འཛམ་གླིང་གི་ས་ཆ་གང་ན་གཏོང་དགོས་ཀྱི་འདུག དེའི་ཆེད་དུ་གང་ཞིག་བྱེད་དགོས་ཀྱི་འདུག་དེ་ཚོ་ཧ་གོ་ཐུབ་ཀྱི་རེད།
ངས་སྐད་ཆ་འདི་ཚོ་ནང་ཆོས་སྤེལ་ཚུལ་གྱི་ཐོག་ནས་བཤད་ཀྱི་ཡོད། མི་སྒེར་སོ་སོས་སློབ་སྦྱོང་གང་འདྲ་ཞིག་བྱས་ནའང་འགྲིག་གི་རེད་དེ། ཡིན་ནའང་ང་ཚོས་བསམ་མནོ་གཏོང་དགོས་ས་ཞིག་གང་འདུག་ཅེ་ན། ང་ཚོས་སྐད་ཆ་བཤད་ཡོང་དུས་སོ་སོར་བག་འཁུམས་ཤིང་ནང་པ་སངས་རྒྱས་པའི་ཆོས་འདི་ཚན་རིག་དང་མཐུན་གྱི་ཡོད་ཅེས་བཤད་སྲོལ་ཞིག་དེང་སང་ཡོད་རེད། བཤད་སྟངས་འདི་གཟབ་གཟབ་བྱེད་ནས་བཤད་དགོས་རྒྱུ་ཞིག་རེད་བསྡད་ཤག ཚན་རིག་དང་མཐུན་ཨེ་ཐུབ་མི་ཐུབ་བལྟ་བའི་སྐད་ཆ་བཤད་སྟངས་འདི་སོ་སོར་སྤོབས་པ་མེད་པའི་སྐད་ཆ་འདྲ་ཞིག་ཆགས་འགྲོ་ཡི་འདུག་བསམ་ཡོང་གི་འདུག ཚན་རིག་དང་མཐུན་རོགས་ཨེ་བྱེད་བལྟ་དགོས་ཀྱི་ཡོད་ན་མེད་ན། ཚན་རིག་དང་མཐུན་ན་ཁེ་བཟང་ཡར་ལྷག་ཅི་ཡོད། མ་མཐུན་ན་གྱོང་ཅི་རག་གི་རེད། ཚན་རིག་པ་ཁོ་རང་ཚོས་ཚུར་ནང་ཆོས་དང་མཐུན་རོགས་ཨེ་བྱེད་བལྟ་ཡི་འདུག་ན། དེ་ནས་བརྩེ་བ་ཆེན་པོའི་སྒོ་ནས་གདུལ་བྱ་རུ་རྗེས་སུ་སྐྱོང་དགོས་ཀྱི་རེད། སྤྱིར་ད་ལྟ་གོང་དུ་ཞུས་པ་ནང་བཞིན་སེམས་ཅན་གཞན་གྱི་དོན་བྱེད་པའི་ཆེད་དུ་ཐབས་ཤེས་གང་འདྲ་ཞིག་ཡིན་ནའང་རེད། ལག་ཆ་གང་འདྲ་ཞིག་ཡིན་ན་ལེན་དགོས་ཀྱི་རེད་དེ། དེ་དག་གི་ཆེད་དུ་སློབ་སྦྱོང་བྱེད་དགོས་རེད། ཡིན་ནའང་ང་ཚོ་བོད་པ་གཅིག་པུ་མ་རེད། དེང་སང་ནང་པ་སྤྱི་ཡིས་ནང་ཆོས་འདི་ཚན་རིག་དང་མཐུན་གྱི་ཡོད་ཅེས་ཕར་བསྟུན་ནས་བཤད་བསྡད་ཀྱི་འདུག ངས་ནི་སྐབས་སྐབས་ལ་གོ་སྟངས་དེ་ང་རང་ཚོ་ནང་ཆོས་ཀྱི་ཐོག་ལ་སྤོབས་པ་ཆུང་འགྲོ་ཡི་ཡོད་ས་མ་རེད་དམ་བསམ་ཡོང་གི་འདུག
སྤྱི་བཏང་དམག་ཆེན་གཉིས་པའི་སྐབས་སུ་ནུབ་ཕྱོགས་པ་ལ་རྒྱལ་ཁ་ཐོབ་པ་རེད། ནུབ་ཕྱོགས་པ་ལ་རྒྱལ་ཁ་ཐོབ་པ་རེད་ཅེས་ཟེར་ན་འགྲིག་གི་འདུག མདོར་ན་དམག་ཆེན་གཉིས་པའི་རྗེས་སུ་ནུབ་ཕྱོགས་པ་དེ་ཤུགས་ཆེན་པོར་གྱུར། དེ་ནས་ཤར་གླིང་པ་ཡོངས་རྫོགས་ཀྱིས་ཕར་ནུབ་ཕྱོགས་པའི་ཐུགས་དམ་སྐོང་ཨེ་ཐུབ་བལྟ་ཡི་ཡོད་རེད། བསམ་མནོ་གཏོང་སྟངས་། འགྲོ་སྟངས་དཔེར་ན་མགོའི་སྐྲ་འཇོག་སྟངས་ཡན་ནུབ་ཕྱོགས་པའི་སྟངས་ཀ་བྱེད་ཀྱི་ཡོད་རེད། རྒྱ་མི་དེ་ཚོས་སྔོན་མ་སྐྲ་རིང་པོ་བསླས་ནས་བཞག་གི་ཡོད་རེད། ད་ནི་ཚང་མས་ནུབ་ཕྱོགས་པའི་སྐྲ་འཇོག་སྟངས་བྱེད་ཀྱི་ཡོད་རེད། རྒྱ་མི་དེ་ཚོས་སྔོན་མ་གོས་རིང་པོ་དེ་འདྲ་གོན་ནས་འགྲོ་སྲོལ་ཡོད་རེད་དེ། དེང་སང་རྩ་བ་ནས་ཡོད་མ་རེད། དེ་ཙམ་མ་ཚད་ད་དུང་ད་ལྟ་རྒྱ་ནག་ལ་སྐྲ་རིང་པོ་བཞག་ཅིང་སྔོན་མའི་གོས་གྱོན་ན་ཧོང་ཀོང་གི་དངུལ་ཁང་ཟེར་བ་དེ་ཚོའི་ནང་དུ་ལས་ཀའང་རག་གི་ཡོད་མ་རེད། དེ་ཙམ་གྱིས་ནུབ་ཕྱོགས་པའི་བསམ་མནོ་གཏོང་སྟངས་ལ་རྩི་བཀུར་ཞུ་སྲོལ་ཆེན་པོ་ཆགས་ཡོད་རེད། དེ་འདྲ་ཧ་ཅང་མང་པོ་རེད། དཔེར་ན་ཁང་པ་བཟོ་སྟངས་ཡན་ཆོད་ལ། ཉལ་སའི་ཁང་པ་གསང་སྤྱོད་མཉམ་དུ་ཡོད་པ་དེ་ནུབ་ཕྱོགས་ནས་དར་ཡོང་བ་རེད། ང་ཚོ་ལ་སྔོན་མ་སྐྱག་པ་གཏང་ས་ཉལ་སའི་ཁང་པ་དང་མཉམ་དུ་མེད། སྐྱག་པ་གཏོང་དུ་ཕྱི་ལོགས་སུ་འགྲོ་དགོས་ཀྱི་ཡོད་རེད། དངོས་གནས་བྱས་ན་སྐྱག་པ་གཏང་ས་དེ་ག་ཚད་ཡིན་ནའང་ཐག་མ་ཉེ་ན་འཕྲོད་བསྟེན་ལའང་ཡག་གི་ཡོད་རེད།
ང་ཚོ་ཤར་གླིང་གི་བསམ་མནོ་གཏོང་སྟངས་དེ་དངོས་གནས་བྱས་ན་ལོ་རྒྱུས་རྙིང་པ་རེད། ནང་པ་འདྲ་ཡིན་ན་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ནས་བྱུང་པ་རེད། དེའི་སྔོན་ནས་ཧིན་དྷུ་སླེབས་བསྡད་ཡོད་རེད། རྒྱ་ནག་འདྲ་ཡིན་ནའང་ཧ་ཅང་གི་ལོ་རྒྱུས་རིང་པོ་དང་ཤུགས་ཆེན་པོ་ཡོད་རེད་དེ། ཡིན་ནའང་ནུབ་ཕྱོགས་པ་ལ་ཕར་ཧ་ཅང་གིས་བསྟུན་པའི་ལུགས་སྲོལ་ཞིག་དང་གོམས་གཤིས་ཤིག་ང་ཚོ་ལ་ཆགས་བསྡད་ཡོད་རེད། ཁག་ཀྱང་ཡོད་མ་རེད། གནམ་གྲུ་ཟེར་བ་དེ་ཚོ་འཕུར་ནས་འགྲོ་ཡི་ཡོད་རེད། གྲུ་གཟིངས་ཆེན་པོ་དེ་ཚོ་རྒྱ་མཚོ་ནང་དུ་མར་ནུབ་ཀྱི་ཡོད་མ་རེད། ཐ་ན་ཚིག་ཇ་བཟོ་བྱེད་ཀྱི་འཕྲུལ་ཆས་ཡན་ཁོང་ཚོས་བཟོས་པ་ཞིག་ཡིན་དུས་ཁོང་ཚོའི་ཚན་རིག་དེ་ཤུགས་ཆེན་པོར་གྱུར། ང་རང་ཚོའི་ཡིད་མ་འཕྲོག་རང་འཕྲོག་རང་རེད་ལ། མགོ་མ་བཏགས་རང་བཏགས་འདྲ་ཞིག་ཆགས་བསྡད་ཡོད་རེད། དེས་ན་ང་ཚོས་ནང་ཆོས་དེ་ཚན་རིག་དང་མཐུན་གྱི་ཡོད་ཅེས་ཕར་བསྟུན་དུས་བསྟུན་སྟངས་དེའི་སྐོར་ལ་གཟབ་གཟབ་བྱེད་དགོས་ཀྱི་ཡོད་མིན་འགྲོ་དྲན་གྱི་འདུག ང་རང་ཚོས་ག་ཚད་ཅིག་ལ་སྤོབས་པ་ཞན་པོ་བྱེད་ནས་ཕར་བསྟུན་དགོས་ཀྱི་ཡོད་ཡིན་ན། ངས་བསམ་ན་ནི་ཁོ་རང་ཚོས་ཚུར་བསྟུན་དགོས་ཀྱི་རེད་བསམ་གྱི་འདུག
ཡང་གཞན་མ་ཞིག་ལ། ཚན་རིག་པས་ཐག་རྩ་བ་ནས་གཅོད་ཀྱི་ཡོད་མ་རེད། ཐམས་ཅད་ལ་ད་ལྟ་འདི་འདྲ་ཞིག་རྙེད་རྟོགས་བྱུང་ཡོད་རེད་དེ་ད་དུང་ཡིན་ནའང་བརྟག་དཔྱད་གཏོང་དགོས་ཀྱི་ཡོད་རེད་བསམ་པ་ཞིག་མུ་འཐུད་ནས་ཡོད་རེད། འདི་ཕྱོགས་གཅིག་ནས་ཡག་པོ་རེད་ལ་ང་དགའ་ཤོས་ཟེར་ན་འདྲ། ཚན་རིག་ལ་དགའ་བའི་རྒྱུ་མཚན་གཙོ་བོ་དེ་ཁོང་ཚོས་ཐག་གཅོད་ཀྱི་མེད་པ་དེ་ཡིན། ནང་པ་འདྲ་ཡིན་ན་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཐག་བཅད་ཚར་བ་མ་རེད་དམ། ཐག་བཅད་ཚར་བ་དེ་སྒྱུར་བཅོས་གཏོང་རྒྱུ་དང་། ཡར་རྒྱས་གཏོང་རྒྱུ་ཅི་གང་མེད་པ་རེད། དེས་ན་ཁོང་ཚོས་ཚུར་བསྟུན་པ་ལས་ང་ཚོས་ཕར་བསྟུན་ཡོང་རྒྱུ་ཟེར་ཅི་གང་མེད་རེད། ཡིན་ནའང་ཁོང་ཚོའི་ས་ནས་སློབ་སྦྱོང་བྱས་ན་འགྲིག་གི་རེད། གདུལ་བྱ་སྐྱོང་བའི་ཆེད་དུ་ཐབས་ཤེས་དེ་ཚོ་ཤེས་དགོས་ཀྱི་ཡོད་རེད།
དེང་སང་ཆོས་ལུགས་དང་མ་འདྲེས་པའམ་མ་འབྲེལ་བའི་སྲིས་ཇུས་ཟེར་བ་དང་། འགྲོ་བ་མི་ཡི་རིན་ཐང་ཟེར་བ་དེ་ཚོ་གལ་ཆེན་པོར་བརྩི་ཡི་ཡོད་དུས། དཔེར་ན་རྒྱ་གར་མུམ་བྷ་ཡེ་(Mumbai)ལ་གྷོ་ཝན་ཀ་(Goenka)ཟེར་བ་ལྷག་མཐོང་སྐོར་བཤད་མཁན་ཞིག་བྱུང་བ་རེད། སྔོན་མ་ཐེ་ཝན་ལ་གྷོ་ཝན་ཀས་ལྷག་མཐོང་བཤད་པའི་སྐབས་ཤིག་ལ་རྙོག་གྲ་ཁྱད་མཚར་པོ་ཞིག་བྱུང་ཡོད་རེད། ཐེངས་ཤིག་ལ་ལྷག་མཐོང་གི་སྒོམ་ཁྲིད་དེ་ལྷ་ཁང་ཞིག་གི་ནང་ལ་བཤད་དགོས་ཐུག་ཡོད་འདུག ཁོས་སྟོན་པའི་སྐུ་འདྲ་ཐམས་ཅད་ལ་རས་ཀྱིས་འགེབས་དགོས་ཀྱི་འདུག་ལབ་པ་རེད། ཁོང་གིས་ག་རེ་ཟེར་གྱི་ཡོད་རེད་ཅེ་ན། ཆོས་ལུགས་ཀྱི་རྣམ་པ་ཞིག་ཡོད་པ་དེ་ག་ཚད་ཡིན་ནའང་མེད་པར་བཟོ་དགོས་ཀྱི་ཡོད་རེད། དེ་མ་ཟད་ང་རང་ཚོའི་བླ་མ་རྣམས་ཀྱིས་ཀྱང་ནང་སེམས་ཀྱི་ལས་ཀ་བྱམས་བརྩེ་སོགས་ཀྱི་སྐད་ཆ་བཤད་དུས་ག་ཚད་ཡིན་ན་སྟོན་པའི་ཞལ་ནས་གསུངས་པ་རེད་ཟེར་བ་འདྲ་དང་། ནང་པའི་ཆོས་ནས་འདི་ལྟར་གསུངས་པ་རེད་ཟེར་བའི་སྐད་ཆ་དང་། ཆོས་ལུགས་ཀྱི་སྐད་ཆ་ཡིན་པའི་སྐོར་དེ་ཉུང་དུ་གཏོང་གི་འདུག ནང་ཆོས་ནས་གསུངས་པའི་བྱམས་པ་དང་། སྙིང་རྗེ་ཟེར་བ་དེ་ཚོས་སེམས་མར་འདུལ་གྱི་ཡོད་རེད།
ཕྱོགས་གཅིག་ནས་བསམ་མནོ་གཏང་ན་སེམས་ཅན་ལ་ཕན་ཐོགས་སོང་ན་འགྲིག་གི་ཡོད་རེད། ནང་པའི་མིང་དགོས་པ་མི་འདུག ཡིན་ནའང་ང་ཚོས་གཟབ་གཟབ་མ་བྱས་ན་མཐའ་མ་དེ་ལ་མགོ་མཇུག་ཅི་ཡིན་ཧ་མི་གོ་བ་དེང་སང་གི་ཡོ་གའམ་ལུས་སྦྱོང་ནང་བཞིན་ཆགས་སྲིད་པ་རེད། ཡོ་ག་དེ་དངོས་གནས་བྱས་ན་པ་ཏང་ཛྙ་ལིའི་ཡོ་ག་སུ་ཏྲ་(patanjali yoga sutra)ནས་ཡོང་བ་རེད། ཡིན་ནའང་ཡོ་ག་དེ་འཛམ་བུ་གླིང་ན་གཅིག་དར་ཡོང་བའི་སྐབས་སུ། སྤྲོས་པ་མང་པོ་སྤྲོས་ནས་དཔེར་ན་སེངྒ་པུར་ལྟ་བུ་ལུང་པ་དེ་ཚོ་ལའང་ཚ་གློག་བཏང་ནས་ཡོ་ག་རྩེ་དགོས་པ་བཟོས་ཡོད་རེད། ད་འདི་དག་ལ་ཕུགས་གཏུག་ས་གང་དང་ཡོད་རེད་ཅེས་ཁུངས་ལུང་དྲིས་དུས་མང་ཆེ་བས་ཧ་གོ་གི་མ་རེད། ཡོ་ག་ཞིག་ནི་ཡིན་བསྡད་པ་ཞིག་དེ་འདྲ་ཆགས་བསྡད་ཡོད་རེད། ཁོང་ཚོས་ཡོ་ག་སྦྱོང་བ་དེ་སོ་སོའི་གཟུགས་པོའི་ཆེད་དུ་རེད། གཟུགས་པོ་མཉེན་པོ་དང་། མཛེས་མོ་དང་ཡག་པོ་བཟོ་བ་ལ་ནི་ཚང་མ་དགའ་ཡི་ཡོད་རེད། དེ་ལྟར་ཡིན་དུས་ང་ཚོས་ཆོས་བཤད་སྟངས་ལ་གཟབ་གཟབ་བྱེད་རྒྱུ་དེ་གལ་ཆེན་པོ་མིན་འགྲོ་དྲན་གྱི་འདུག སྐབས་སྐབས་ལ་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཀྱི་རྣམ་པ་དེ་ཚོ་སྐུང་དགོས་པའི་དུས་ཡོང་སྲིད་རྒྱུ་རེད། དེ་དུས་གནས་ཚུལ་ལོག་ཀ་རེད། དེ་མ་ཡིན་པ་མཐའ་གཅིག་ཏུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་རྣམ་པ་དེ་ཚོ་ཐམས་ཅད་མེད་པར་བྱེད། ཕུགས་གཏུག་ས་རྩ་བ་ནས་མེད་པར་བཟོ་ཞིང་། ནུབ་ཕྱོགས་པ་ཁོ་ནའི་ཐུགས་དམ་སྐོང་བའི་ཆེད་དུ་ཁོང་ཚོ་ལ་ཕར་མགོ་བཏགས་ནས་དེ་འདྲ་བྱས་ན་འགྲིག་གི་མ་རེད་བསམ་གྱི་འདུག འདི་གནད་འགག་ཆེན་པོ་ཡིན།
དེ་ནི་གཞན་ཡང་ལེགས་བཅོས་ཟེར་ན་འདྲ་སྒྱུར་བཅོས་ཀྱི་སྐོར་ལ་སྐད་ཆ་ཞིག་བཤད་དགོས་ཀྱི་འདུག དབྱིན་ཇིའི་སྐད་དུ་རིས་ཕོམ་(reform)ཟེར། ཆོས་ལུགས་མང་པོ་ཞིག་གིས་སྒྱུར་བཅོས་བྱེད་ཀྱི་ཡོད་རེད། ཆོས་ལུགས་དེ་དག་གི་ནང་ནས་ཡེ་ཤུ་དང་ཁ་ཆེ་དེ་ཚོས་དུས་ཚོད་དང་བསྟུན་ནས་སྒྱུར་བཅོས་གཏོང་གི་ཡོད་རེད། གོ་བ་ལེན་སྟངས་དེ་ལ་ང་ཚོ་ནང་པ་སངས་རྒྱས་ཀྱི་ཆོས་ལ་སྒྱུར་བཅོས་རྩ་བ་ནས་བྱེད་དགོས་ཀྱི་མེད་རེད། སྒྱུར་བཅོས་བྱེད་དགོས་ནའང་ཅི་འདྲ་ཞིག་བྱེད་རྩིས་ཡིན། བདེན་པ་བཞི་ལ་སྒྱུར་བཅོས་གང་འདྲ་བྱེད་དགོས་རེད། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ལ་ཅི་འདྲ་བྱེད་ནས་སྒྱུར་བཅོས་བྱེད་དགོས། སྒྱུར་བཅོས་བྱེད་དགོས་པ་ཡང་རྩ་ནས་ཡོད་མ་རེད་ལ་སྒྱུར་བཅོས་བྱེད་ཐུབ་པ་ཞིག་ཀྱང་མ་རེད། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ནི་འགྱུར་བ་མེད་པ་ཡིན་གསུངས་པ་མ་རེད་དམ། ཆོས་རྣམས་ཀྱི་ཆོས་ཉིད་མ་ཡིན་པའི་ཐབས་ཤེས་ཀྱི་ཆ་དེ་ཚོ་ལ་ཏོག་ཙམ་ཏོག་ཙམ་འགྱུར་བ་གཏོང་རྒྱུ་ཡོད་རེད་ལ། འགྱུར་བ་གཏོང་དགོས་ཀྱང་དགོས་རེད།
དེང་སང་ཚན་རིག་གི་ཤུགས་རྐྱེན་གྱིས་ལྟ་བ་ཁོ་རང་ལ་ཏོག་ཙམ་ཏོག་ཙམ་སྒྱུར་བཅོས་གཏོང་ཡོང་གི་འདུག་དྲན་གྱི་འདུག དཔེར་ན་སྔོན་དུས་འཛམ་གླིང་ལེབ་ལེབ་གསུངས་པ་དེ་ཕལ་ཆེར་ནོར་བསྡད་པ་རེད་ཟེར་བ་ལྟ་བུ་རེད། སྤྱིར་འཛམ་གླིང་ལེབ་ལེབ་རེད་གསུངས་པ་དེ་ཚོ་ཀུན་རྫོབ་དྲང་དོན་གྱི་སྐད་ཆ་ཞིག་ལས་ངེས་པའི་དོན་དུ་དེ་ལྟར་ཡིན་ལབ་ཀྱི་ཡོད་མ་རེད། དཔེར་ན་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཤེས་བྱ་མཛོད་ནང་ལྟ་བུ་ཡིན་ན། གདུལ་བྱའི་ཞིང་ཁམས་ཀྱི་རྣམ་བཞག་བསྟན་དུས་གདུལ་ཞིང་དེ་ལེབ་ལེབ་རྐྱང་པ་ཡིན་གསུངས་མི་འདུག གདུལ་ཞིང་ལ་དབྱིབས་འདྲ་མི་འདྲ་དཔེར་ན་གྲུ་བཞི་དང་གོར་གོར། དེ་མ་ཟད་རྡུལ་གཅིག་གི་ཐོག་ལའང་རྡུལ་སྙེད་ཀྱི་འཇིག་རྟེན་ཡོད་པའི་རྣམ་བཞག་སོགས་མང་པོ་ཞིག་དང་། གཞན་ཡང་ཤེས་བྱ་ཀུན་ཁྱབ་མཛོད་ནང་དུ། “རྒྱལ་བ་ཐམས་ཅད་མཁྱེན་པ་དེས་དོན་དམ་པར་སྣོད་བཅུད་ཀྱི་འཇིག་རྟེན་དངོས་པོར་གྲུབ་པར་མ་གཟིགས་པས་ཕྱོགས་གཅིག་ཏུ་མངོན་པར་ཞེན་ནས་མཐའ་གཅིག་ཏུ་ལུགས་སྲོལ་འདིའོ་ཞེས་རྣམ་པར་བཞག་ཏེ་གསུངས་པ་མ་ཡིན་གྱི་གདུལ་བྱ་རྣམས་ཀྱི་ཁམས་དང་མོས་པ་དང་དབང་པོའི་བྱེ་བྲག་དམན་མཆོག་གི་ཁྱད་པར་ལས་བརྩམས་ཏེ་གསུངས་པས་ཐམས་ཅད་ཀྱི་བསྟན་པ་འབའ་ཞིག་ཡིན་ལ་”ལ་སོགས་པ་གསུངས་པ་རེད།
ཨེབ་ར་ཧའི་ཆོས་ལུགས་(Abrahamic Religion)ནང་དུ། སྒྱུར་བཅོས་མང་པོ་གཏོང་དགོས་ཀྱི་འདུག་ཟེར་གྱི་ཡོད་རེད། ཡང་ཨོ་ས་མ་བྷན་ལཱ་ཌན་ཁོང་ཚོའི་གྲས་དེས་ཆོས་ལུགས་ལ་འགྱུར་བ་གཏོང་གི་མིན་ཟེར་མཁན་གྱི་གྲས་རེད། ཁོང་ཚོ་ལ་དཀའ་ངལ་ཅི་ཡོད་རེད་ཟེར་ན་དོན་དམ་དང་ཀུན་རྫོབ་ཀྱི་སྐད་ཆ་བཤད་རྒྱུ་རྩ་ནས་མེད་པ་རེད། དེས་ན་དྲང་དོན་དང་ངེས་དོན་གྱི་དབྱེ་བ་དེ་ཚོ་ཁོང་ཚོ་ལ་ཡོད་མ་རེད། ངས་ཞུ་རྒྱུ་གཙོ་བོ་དེ་གང་ཡིན་ཟེར་ན་ང་རང་ཚོའི་བླ་མ་རྣམས་ཀྱིས་ཕྱག་ལས་གནང་སྟངས་འགྲིག་མི་འགྲིག་རེད་ཡོང་དུས། དོན་དམ་པ་ངེས་དོན་དངོས་གནས་སྒྱུར་བཅོས་གཏོང་མི་ཐུབ་པའི་གྲས་དེ་ཚོ་སྒྱུར་བཅོས་གཏོང་གྲབས་བྱེད་ཅིང་། སྒྱུར་བཅོས་གཏང་ནའང་འགྲིག་པའི་ལས་ཀ་དེ་ཚོ་ལ་ནི་སྒྱུར་བཅོས་གཏན་ནས་མི་བྱེད་དེ་ལུགས་སྲོལ་རྙིང་པ་དེ་ཚོ་དམ་ཁྲིག་ཁྲིག་བཟུང་བསྡད་ཀྱི་འདུག
དྲི་བ་ལྔ་པ། དེང་སང་བོད་རིགས་ལ་སློབ་སྦྱོང་བྱེད་པའི་ལམ་ཡག་པོ་ཡོད་རེད། བོད་པའི་གྲྭ་པ་རྣམས་ཚན་རིག་ལའང་དོ་སྣང་ཡོད་རེད། གནས་སྟངས་འདིས་ནང་ཆོས་ལ་ཕན་ཐོགས་ག་ཚད་ཡོང་གི་རེད་དགོངས་ཀྱི་འདུག་ལགས།
བཀའ་ལན། ཚན་རིག་སློབ་སྦྱོང་བྱེད་རྒྱུ་དེ་ཚོ་དཔེ་གནད་འགག་ཆེན་པོ་ཡིན་དང་ཡིན། སྤྱིར་བཏང་ཤེས་བྱ་རིག་པའི་གནས་ཡོངས་སུ་རྫོགས་པ་དེ་གལ་ཆེན་པོ་རེད། ངས་གོང་དུ་ཞུས་ཡོད་དྲན་གྱི་འདུག ཚན་རིག་ལ་སློབ་སྦྱོང་བྱེད་དུས་ཡིན་ནའང་ཚན་རིག་ལ་ཕར་བསྟུན་པའི་ཆེད་དུ་མ་ཡིན་པ། ཚན་རིག་རྒྱུས་ལོན་པའི་ཆེད་དུ་སྦྱོང་དགོས་རེད། ཁོང་ཚོས་ག་རེ་ལབ་གྱི་འདུག་ལྟ་བྱེད། ངས་བསམ་ན་ཚན་རིག་དེ་ལས་ཀྱང་གནད་འགག་ཆེ་བ་སྦྱོང་དགོས་ས་ཞིག་མཐོང་གི་འདུག ང་ཚོས་ནང་པ་སངས་རྒྱས་པའི་ཆོས་འདི་ཕྱི་ལོགས་ཀྱི་མི་ཚོ་ལ་བཤད་དགོས་ཀྱི་འདུག་ལ། བཤད་ཀྱི་ཡིན་ཟེར་གྱི་ཡོད་རེད། དཔེར་ན་དབྱིན་ཇིའི་མི་འདྲ་ལ་བཤད་ན། དབྱིན་ཇི་ཡི་སྐད་ཡིག་གི་ཐ་སྙད་ཅིག་ཡོད་རེད། ཐ་སྙད་རེ་རེ་ལའང་རྒྱབ་ལྗོངས་ལོ་ངོ་བརྒྱ་ཕྲག་མང་པོའི་གོམས་གཤིས་ཡོད་ས་རེད། གོམས་གཤིས་དེ་ཚོ་ཐམས་ཅད་དབྱིན་ཇི་ཁོང་ཚོའི་སྙན་རྩོམ་སྒྲུང་དེབ་ནང་ནས་ཤེས་རྟོགས་ཐུབ་ཀྱི་རེད།
གཞན་ལ་ཆོས་བཤད་མཁན་ཞིག་ལ་མཚོན་ན་ཐ་སྙད་ཀྱི་རྒྱབ་ལྗོངས་དེ་ཚོ་སྙན་རྩོམ་སྒྲུང་དེབ་ཐོག་ལ་སློབ་སྦྱོང་གནང་སྟེ་ཤེས་པར་བྱེད་རྒྱུ་དེ་ཚན་རིག་སྦྱོང་པ་ལས་ཀྱང་གནད་འགག་ཆེ་བ་ཡིན་མིན་འགྲོ་དྲན་གྱི་ཡོད། དེའི་རྒྱུ་མཚན་དེ་ཅི་རེད་ཟེར་ན་ཐ་སྙད་གཅིག་པ་ཡིན་ནའང་དེའི་གོ་དོན་ལ་འགྲོ་བ་མིའི་བསམ་མནོ་གཏོང་སྟངས་རྩ་ནས་འདྲ་མ་རེད། དཔེར་ན་འགྱོད་པ་ཟེར་བ་འདྲ་དང་། སྙིང་རྗེ་ཟེར་བ་དང་། སྤོབས་པ་ཟེར་བའི་སྐད་ཆ་དེ་ཚོ་ལ་མཚོན་ན། ང་ཚོས་གཟུངས་དང་སྤོབས་པ་ཟེར་དུས་དཔེ་མི་སྲིད་པའི་རྩ་ཆེན་པོ་བརྩི་རེད། ཡིན་ནའང་དབྱིན་ཇི་ཁོང་ཚོས་ང་ཚོས་གོ་བ་ནང་བཞིན་གོ་ཡིན་ན་མིན་ན། དེ་འདྲ་གོ་རོགས་བྱེད་ཀྱི་ཨེ་ཡོད་ན། ཁོང་ཚོས་འགྱོད་པ་ཟེར་བ་དེ་དཔེ་སྡུག་པོ་སྐྱོན་ཆེན་དུ་བརྩི་རེད། ང་ཚོས་འགྱོད་པ་མེད་ན་བཤགས་པས་མི་འདག་ཟེར་ཡར་དགའ་རབ་ལ་སླེབས་བསྡད་ཡོད་རེད། དེ་ནས་ཡང་ངོ་ཚ་ཤེས་པ་ཟེར་བ་དེ་ཁོང་ཚོས་སྡུག་པོ་ཡིན་སྣང་ཤར་བསྡད་ཀྱི་རེད། ངོ་ཚ་བ་དེ་ལ་དབྱིན་ཇིའི་སྐད་ལ་ཤིམ་(shame) ཟེར། ངོ་ཚ་ཡོད་པ་དེ་གོམ་གཤིས་སྡུག་པོ་རུ་བལྟས་ནས་ག་ཚད་ཡིན་ནའང་དེ་མེད་དགོས་སྣང་འདྲ་ཤར་འདུག་གི་ཡོད་རེད།
ཡང་ང་ཚོས་ངོ་ཚ་དང་ཁྲེལ་ཡོད་ཟེར་དུས་ལེགས་ཆ་རུ་བརྩིས་ནས་ཡག་པོའི་གྲས་ལ་སླེབས་བསྡད་ཡོད་མ་རེད་དམ། དེས་ན་ཐ་སྙད་རིག་པ་དེ་ཧ་ཅང་གལ་ཆེན་རེད་འདུག འདི་གལ་ཆེ་བའི་རྒྱུ་མཚན་གཞན་ཡང་། ཡུལ་ལུང་གཞན་ལ་ཆོས་སྤེལ་དུས་ལུང་པ་དེའི་ཕ་རོལ་པོའི་གོམས་གཤིས་དང་། ཁམས་དང་། མོས་པ་དེ་ཚོ་ཧ་གོ་དགོས་ཀྱི་རེད། དེ་གོ་བར་བྱེད་པ་ལ། ཡང་ན་གཞན་སེམས་ཤེས་པའི་མངོན་ཤེས་ཡོད་དགོས་རེད། ཡང་ན་སྟོབས་བཅུ་མངའ་དགོས་ཀྱི་རེད་དེ། ང་ཚོ་ལ་ནི་དེ་དག་ནི་མེད། དེ་ནས་སློབ་སྦྱོང་བཟོ་ནས་ཤེས་པར་བྱ་རྒྱུ་ལས་ལམ་ཁ་གཞན་མེད་པ་རེད།
དེ་སྦྱོང་དུས་སྐབས་ལའང་དཔེར་ན་དབྱིན་ཇི་དང་འཇར་མན་གཉིས་ཀྱི་བར་ལ་བསམ་མནོ་གཏོང་སྟངས་སོ་སོར་ཡོད་ས་རེད། ཡུ་རོབ་ཀྱི་བསམ་མནོ་གཏོང་སྟངས་དང་ཨ་མེ་རི་ཀའི་བསམ་མནོ་གཏོང་སྟངས་གཉིས་མི་འདྲ་བ་རེད། ང་ཚོས་རྒྱ་མིའི་བསམ་མནོ་གཏོང་སྟངས་ལ་རྒྱུས་ཡོད་སྣང་འདྲ་ཤར་འདུག་སྟེ། རྒྱ་མིའི་བསམ་མནོ་གཏོང་སྟངས་དངོས་གནས་དེ་ཚོ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རིང་པོ་དང་ཆེན་པོ་རེད། རྒྱ་ནག་གི་རིག་གཞུང་དེ་རྙིང་པ་དཔེ་འདྲ་རེད། ཁོང་ཚོའི་རིག་གཞུང་རྙིང་པ་ཏའོ་དང་། ཁུང་ཙི་དེ་ཚོའི་གཞུང་ལུགས་ནང་དུ་ངོ་ཚ་ཤེས་པ་ཞེས་པའི་སྐད་ཆ་དེ་ག་ཚད་ཡོད་ཡིན་ན་མེད་ཡིན་ན་ལྟ་བུ་དེ་ཚོ་བལྟས་ནས་སྦྱོང་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག
དེ་ནས་ཚོང་དོན་རིག་པ་དང་། དཔལ་འབྱོར་རིག་པ་དེ་ཚོ་གལ་ཆེན་པོ་རེད་བསྡད་འདུག དེ་དག་གལ་ཆེན་པོ་རེད་འདུག་ཟེར་དུས་ཚོང་རྒྱག་པའི་ཆེད་དུ་ཟེར་གྱི་མེད། ཚོང་དོན་རིག་པ་ལས་གང་ཞིག་ཧ་གོ་དགོས་ཀྱི་འདུག་ཟེར་ན་དབྱིན་ཇིའི་སྐད་ཐོག་ལ་བྷི་རན་ཌི་ (Brand)ཟེར་བ་ཞིག་ཡོད་རེད། བོད་སྐད་ལ་ཚོང་རྟགས་སམ། ལས་རྟགས་ཟེར་གྱི་རེད། དཔེར་ན་ཀོ་ཀ་ཀོ་ལ་(Coca Cola)ཟེར་རྡོ་སོལ་བཏུང་བའི་ལས་རྟགས་ཤིག་ཡོད་རེད། ལས་རྟགས་ཟེར་ན་འདྲ། ཚོང་རྟགས་ཟེར་ན་འདྲ། མིང་དེའི་བསམ་མནོ་གཏོང་སྟངས་ཤིག་ཡོད་རེད། དེ་གལ་ཆེན་པོ་དཔེ་འདྲ་ཞིག་ཡིན་ས་རེད། ད་ལྟ་ང་ཚོ་ནང་ཆོས་ཀྱི་ལས་རྟགས་ཟེར་ན་འདྲ། ནང་ཆོས་ཀྱི་མིང་དེ་འཚེ་མེད་ཞི་བའི་ལམ་ལུགས་ཟེར་བ་འདྲ་ཞིག་རེད་བསྡད་ཡོད་རེད། དེའི་བསྟན་པ་སྤེལ་དུས་འཚེ་མེད་ཞི་བའི་ལམ་ལུགས་དེ་ཡག་པོ་མ་རེད་སུ་གང་གིས་ཟེར་གྱི་མ་རེད། ཡིན་ནའང་དང་དུ་ལེན་ཞིང་ངེས་པར་ཅན་དུ་བཟོ་དགོས་རེད་ཅེས་ཤུགས་རྒྱག་མཁན་ཡོང་གི་མི་འདུག
འཚེ་མེད་ཞི་བའི་ལམ་ལུགས་དངོས་གནས་ཧ་ལས་ཧོན་འཐོར་བ་ཉམས་སུ་ལེན་མཁན་དེ་གཅེར་བུ་པ་རྣམས་རེད། དེ་ནས་ང་ཚོ་ནང་པ་རེད། ཡིན་ནའང་དེང་སང་ལོ་རེ་བཞིན་ཆོས་ལུགས་ཐམས་ཅད་ཀྱི་ནང་ནས་གཅེར་བུ་པ་དང་ནང་ཆོས་གཉིས་མར་ཉམས་འགྲོ་བའི་གྲས་ལ་སླེབས་ཡོད་རེད། ནང་ཆོས་སྤེལ་དུས་ལས་རྟགས་ཀྱི་རིག་པ་ཟེར་ནའང་འདྲ། མིང་དེ་གལ་ཆེན་པོ་ཡིན་པ་འདྲ། དཔེར་ན་ཉེ་ཆར་སྒོམ་རྒྱག་པའམ། དྲན་པ་ཉེར་བཞག་གི་ཚོང་རྟགས་སམ་ལས་རྟགས་དེ་ལ་སྐད་གྲགས་ཏོག་ཙམ་སོང་ཡོད་རེད། རྒྱུ་མཚན་ནི་སྤྱི་ཚོགས་གསར་བའི་ནང་དུ་སེམས་ཚ་གེ་ཚི་གེ་འགྱུར་བའི་སེམས་ཀྱི་ན་ཚ་ཅན་མང་པོ་ཡིན་པར་བརྟེན། སྒོམ་རྒྱག་པ་དེས་སེམས་ལ་ཏོག་ཙམ་ཕན་གྱི་རེད་ཟེར་གྱི་ཡོད་རེད། མཚོན་རྟགས་རིག་པ་ཟེར་ནའང་འདྲ། ཚོང་དོན་དང་འབྲེལ་བའི་མིང་གི་རིག་པ་དེ་ང་ཚོས་ཧ་གོ་བ་བྱེད་དགོས་ཀྱི་འདུག ངས་བསམ་ན་འདི་ནི་ཚན་རིག་ལས་ཀྱང་གནད་འགག་མ་ཆེ་ནའང་ཆུང་ས་མ་རེད་བསམ་གྱི་ཡོད།
དཔེར་ན་ཨ་ཧྤི་རི་ཀའི་མི་ནག་པོ་དེ་ཚོའི་ལུང་པ་དང་། ཨ་རབ་ཀྱི་ལུང་པ་དེ་ཚོ་ལ་ནང་པ་སངས་རྒྱས་པའི་ཆོས་ལ་དོན་གཉེར་བྱེད་མཁན་ཞིག་ཕལ་ཆེར་ཡོད་མ་རེད། ཕྱོགས་གཅིག་ནས་སྐལ་ལྡན་མོས་པ་ཡོད་མཁན་དེ་ཚོ་ཚུར་ཡོང་ན་མ་གཏོགས་ང་རང་ཚོ་ནང་པ་སངས་རྒྱས་པ་དེ་ཕར་འགྲོ་ནས་བསྟན་པ་སྤེལ་བའི་བསམ་མནོ་ཡང་མེད་རེད། དེ་ལྟར་ཕར་འགྲོ་སྲོལ་མེད་པ་དེ་ཡག་པོ་ཡིན་ནམ་སྡུག་པོ་ཡིན་བསམ་མནོ་གཏོང་དགོས་རྒྱུ་ཞིག་རེད་འདུག ཕྱོགས་གཅིག་ནས་བཤད་ན་དངོས་གནས་ཕར་འགྲོ་དགོས་པ་ཞིག་ཡིན་པ་འདྲ་འདུག ཡེ་ཤུའི་སྟངས་ཀ་བྱེད་ནས་དུད་ཚང་རེ་རེ་བཞིན་སྒོ་བརྡུངས་ནས། དེབ་འདྲ་ཞིག་འཁུར་ནས་འགྲོ་དགོས་རེད་ཟེར་གྱི་མེད། དེ་ལྟར་བྱས་ནས་འགྲོ་རྒྱུ་ཡང་ཡོད་མ་རེད། ཡང་ཁ་ཆེས་བྱེད་པ་ནང་བཞིན་བཙན་པོ་དབང་ཡོད་ཀྱང་བྱེད་རྒྱུ་ཡོད་མ་རེད། ཡིན་ནའང་ང་ཚོ་ནང་པ་སངས་རྒྱས་ཀྱི་ཆོས་ཟེར་རྒྱུ་དེ་ལ་འདི་དང་འདི་འདྲ་ཞིག་ཡོད་རེད་ཟེར། ཁྱེད་རང་ཚོ་ལ་ཡིན་ནའང་གདམ་ཀ་འདི་ལྟར་ཡོད་རེད་ཅེས་ལབ་ཅིང་ཕར་འགྲོ་སྲོལ་ཞིག་ཆགས་ཐུབ་ན་ཡག་པོ་ཡོང་ན་ཅི་ཤེས།
དེས་ན་ཚོང་དོན་གྱི་རིག་པ་ཟེར་བ་དེ་ཚོ་དང་། དེ་བཞིན་དུ་གསར་འགྱུར་བརྒྱུད་ལམ་གྱི་རིག་པ་དེའང་ཧ་ཅང་གི་གལ་ཆེན་པོ་རེད། དེང་སང་དྲ་རྒྱ་ནང་ལ་ག་ཚད་བལྟ་ཀློག་བྱེད་ཀྱི་ཡོད་རེད། གསར་འགྱུར་བརྒྱུད་ལམ་གྱི་རིག་པ་དེ་ཚོ་བེད་སྤྱོད་བཏང་ནས་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ཟེར་བ་དེ་ཚོ་ག་ཚད་ཅིག་བཤད་ཐུབ་ཀྱི་འདུག་བལྟ་རྒྱུ་དང་། གཅིག་བྱས་ན་སྐད་ཆ་འདི་རྒྱ་ཆེན་པོ་རེད། ང་ཚོས་དེ་ལྟར་ལས་རྒྱུ་མེད་ཡིན་ནའང་ཅི་ཤེས། ཡིན་ནའང་ངས་ནམ་རྒྱུན་བསམ་མནོ་འདོན་འདུག་དུས། ད་ལྟ་ཚན་རིག་ལ་དབྱིངས་འདྲ་ཞིག་ཞུགས་བསྡད་ཀྱི་ཡོད་པའི་སྐབས་ལ། འདི་དག་གི་གྲས་དེ་ལ་དོ་སྣང་མི་བྱེད་ནས་མཐའ་གཅིག་ཏུ་འཇོག་བཞག་རྒྱུ་ཡོད་ས་མ་རེད་བསམ་གྱི་འདུག
དྲི་བ་དྲུག་པ། སྤྱིར་ཤེས་ཡོན་ཅན་རྣམས་དང་། ཁྱད་པར་བོད་ནང་ལོགས་ནས་ཀྱང་ལུགས་སྲོལ་གྱི་དད་པ་བྱེད་པ་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱི་འདུག འདིའི་སྐོར་ལ་རིན་པོ་ཆེ་ལ་གཟིགས་ཚུལ་གང་འདྲ་ཞིག་ཡོད།
བཀའ་ལན། སྲོལ་རྒྱུན་ལྟར་དད་པ་བྱེད་པ་ལ་རྨོངས་དད་རེད་ཟེར་ཞིང་མཐའ་གཅིག་ཏུ་མཐོང་ཆུང་དང་ཁྱད་གསོད་བྱེད་བཞག་རྒྱུ་རེད་མི་འདུག ལུགས་སྲོལ་གྱི་དད་པ་ཟེར་ན་འདྲ་སངས་རྒྱས་ཀྱི་ཆོས་ལ་རྒྱུ་མཚན་ནི་ཅི་མ་ཤེས་ནའང་རང་བཞིན་གྱིས་དགའ་མོས་བྱེད། ཡིད་ཆེས་བྱེད་པའི་ལུགས་སྲོལ་ཞིག་ཡོད་རེད། འདི་གནད་འགག་ཆེན་པོ་རེད་བསྡད་འདུག མང་ཚོགས་ལ་གཞུང་ཆེན་བཀའ་པོད་ལྔ་དེ་ཚོ་ལྟ་བའི་དུས་ཚོད་ཀྱང་ཡོད་མ་རེད། མི་སྐྱ་དེ་ཚོ་ལ་དུས་ཚོད་ག་ན་ག་ན། གྲྭ་པ་ཚོ་དང་། བླ་མ་ཚོ་ལའང་དུས་ཚོད་མེད་རེད། དེས་ན་མང་ཚོགས་ལ་གཞུང་ཆེན་བཀའ་པོད་དེ་ཚོ་སྦྱོང་བའི་དུས་ཚོད་ཀྱང་ཡོད་མ་རེད། སྦྱོང་བའི་དུས་ཚོད་ཡོད་ཅིང་སྦྱོང་ཡང་ཁོང་ཚོ་ལ་ཁ་ལག་སྤྲོད་མཁན་ཡོད་མ་རེད། གཞུང་ཆེན་དེ་ཚོ་སྦྱོང་ཡང་དེ་ལ་རྟེན་ནས་ཁོང་ཚོས་ལས་ཀ་རག་གི་མ་རེད། ཁོང་ཚོ་ལ་བཤད་མ་དགོས་པ་དེང་སང་མཁན་པོ་ཚོ་ལའང་ལས་ཀ་མི་རག་ནས་འགྲོ་བསྡད་ཀྱི་འདུག
དཔེར་ན་རྒྱ་ནག་ཕྱོགས་དེ་ཚོ་ནས་སྤོས་རྐང་རེ་ཁྱེར་ནས་ལྷ་ཁང་ལ་འགྲོ་སྲོལ་ཞིག་དང་། འོད་དཔག་མེད་ཀྱི་ཞིང་བཀོད་སྨྲ་བའི་སྡེ་པ་ཟེར་བ་ཞིག་ཡོད་རེད། དེ་ལྟར་ལུགས་སྲོལ་གྱི་དད་པ་བྱེད་མཁན་ཡོད་པ་དེ་ཚོ་ཧ་ཅང་གི་གལ་གནད་ཆེན་པོ་རེད་འདུག ང་ཚོས་ཁོང་ཚོ་ལ་མཐོང་ཆུང་དང་ཁྱད་གསོད་མེད་པའི་ཐོག་ལ་ག་ཚད་ཡིན་ནའང་མཐུན་འགྱུར་རོགས་རམ་བྱ་རྒྱུ་དེ་གནད་འགག་ཆེན་པོ་རེད་བསྡད་འདུག སྤྱིར་བཏང་དོན་དམ་པ་དེ་དད་པས་རྟོགས་པར་བྱ་བ་ཡིན་གསུངས་ཡོད་རེད་ངས་དེ་འདྲའི་སྐད་ཆ་རྒྱ་ཆེན་པོ་གང་ཡང་མིན། ཆོས་ལུགས་གཞན་དག་གི་གནས་སྟངས་ལ་བསམ་མནོ་བཏང་བཞག་པ་ཡིན་ན། ཡེ་ཤུ་དང་ཁ་ཆེའི་ཆོས་ལུགས་དེ་ཚོ་ཁྱབ་རྒྱ་ཆེན་པོ་རེད། ཡིན་ནའང་ཁོང་ཚོ་མང་ཆེ་བ་དེ་མཁས་པ་རྩ་བ་ནས་རེད་ཡོད་མ་རེད། ཡེ་ཤུའི་མཁས་པ་དང་། ཁ་ཆེའི་མཁས་པ་དཔེ་ཉུང་ཉུང་། རེ་རེ་ཙམ་ཡོད་ན་མ་གཏོགས་ཕལ་ཆེར་མེད་རེད། ཁོང་ཚོས་ཤུགས་མང་ཆེ་བ་དེ་ལུགས་སྲོལ་གྱི་དད་པ་དེ་ཡོང་ཨེ་ཐུབ་བལྟ་བའི་ཐོག་ལ་རྒྱག་གི་ཡོད་རེད། རྨོངས་དད་ཟེར་ནའང་འདྲ་མདོར་ན་སྲོལ་རྒྱུན་གྱི་དད་པ་འདི་ཤུགས་ཆེན་པོ་རེད་འདུག དཔེར་ན་དེ་སྔོན་བར་དུ་ང་ཚོ་ལ་སྒོར་མོ་སྤྲོད་མཁན་ཕལ་ཆེར་ཡང་སྲོལ་རྒྱུན་གྱི་དད་པ་ཅན་ཁོང་ཚོ་རེད། ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་ལ་དགོན་པ་རྒྱག་མཁན་ཡང་ཁོང་ཚོ་རེད། སློབ་གྲྭ་རྒྱག་མཁན་ཡང་ཁོང་ཚོ་རེད། འཛུགས་སྐྲུན་སོགས་མདོར་ན་ཡར་ཤུགས་རྒྱག་མཁན་དེ་རྨོངས་དད་ཅན་ཁོང་ཚོ་རེད་བསྡད་ཡོད་རེད།
སྲོལ་རྒྱུན་གྱི་དད་པ་དེའི་མཐུན་འགྱུར་འོག་དགོན་པ་མང་པོ་བརྒྱབ་ཡོད་རེད། དེས་བོད་བརྒྱུད་ནང་བསྟན་ལའང་ཕན་བསྡད་ཡོད་རྒྱུ་རེད། འདི་ལྟ་བུའི་སྲོལ་རྒྱུན་གྱི་དད་པ་བྱེད་སྲོལ་དེ་ཡག་པོ་ཡང་རེད་བསྡད་ཡོད་རེད། བཀག་ཀྱང་ཐུབ་མ་རེད་ལ་མུ་མཐུད་ནས་འགྲོ་བསྡད་དགོས་རེད། རྨོངས་དད་བྱེད་པའི་ཆེད་དུ་སྐེ་ལ་འདོགས་རྒྱུ་འདྲ་ཞིག་བཟོ་ཡི་འདུག་དེ་ཡང་མུ་མཐུད་དགོས་རེད། དཔེ་ཡག་པོ་རེད། ད་དུང་དེ་མ་ཡིན་པའི་སྲོལ་རྒྱུན་གྱི་དད་པ་ཡོང་བའི་ཐབས་སུ་རིགས་མང་པོ་སྤྲོ་དགོས་ས་རེད་དྲན་གྱི་འདུག སྲོལ་རྒྱུན་གྱི་དད་པ་ཟེར་ནའང་འདྲ་རྨོངས་དད་ཡོད་མཁན་རྣམས་ཀྱི་ཐུགས་དམ་སྐོང་བའི་ཆེད་དུ་དང་། ཁོང་ཚོའི་དད་པ་དེ་ཡར་རྒྱས་གཏོང་བའི་ཆེད་དུ་དང་། དེ་འདྲའི་དད་པ་ཅན་མང་དུ་གཏོང་བའི་ཆེད་དུ་རིགས་མང་པོ་སྤྲོ་དགོས་ས་རེད་དྲན་གྱི་འདུག ཁོང་ཚོ་ལ་ལམ་སང་རྨོངས་དད་དེ་འདྲ་བྱེད་རྒྱུ་ཡོད་མ་རེད། སློབ་སྦྱོང་བྱེད་དགོས་རེད། དེ་ཡང་ཚད་མ་སྦྱོང་དགོས་རེད། དབུ་མ་སྦྱོང་དགོས་རེད་ཟེར་ལབ་ན་ཁོ་ཚོ་དཔའ་ཞུམ་ཞིང་། ནང་པ་བྱེད་རྒྱུ་དེ་དཔེ་དཀའ་ལས་ཁག་པོ་རེད་འདུག་བསམ་པའི་བསམ་མནོ་དེ་དང་པོ་ནས་ཁོང་ཚོའི་སེམས་ནང་ལ་བཙུད་རྒྱུ་དེ་མ་འགྲིག་པ་ཡིན་ས་རེད་བསམ་གྱི་ཡོད།
ང་ལ་དབང་ཆ་འདྲ་ཞིག་ཡོད་པ་ཡིན་ན་ནང་ཆོས་སྒྲུབ་རྒྱུ་དེ་ལས་སླ་བོ་རེད་བསམ་པའི་བསམ་མནོ་འཁོར་ཐུབ་པ་ཞིག་བཟོ་ས་རེད། དཔེར་ན་ནང་པ་ཡིན་ན་མི་ཚེ་གཅིག་གི་ནང་དུ་རྡོ་རྗེ་གདན་ཐེངས་གཅིག་བསྐོར་དགོས་རེད། དེས་འགྲིག་གི་རེད་ཟེར་བ་འདྲ་དང་། ཉ་སྟོང་ཚེས་བརྒྱད་ལ་ཤ་ཟ་རྒྱུ་ཡོད་མ་རེད། དེ་དག་ལ་མ་ཟོས་ན་འགྲིག་གི་ཡོད་རེད་ཟེར་བ་འདྲ་དང་། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ཉི་མ་རེ་ལ་ཚར་གསུམ་རེ་འདོན་ཐུབ་ན་དེས་འགྲིག་གི་རེད་ཟེར་བ་ལྟ་བུ་ཟེར་དགོས་ས་རེད། དེ་ལྟར་བྱས་ན་འགྲིག་གི་མ་རེད་སུ་གང་གིས་ལབ་ཐུབ་ཀྱི་མ་རེད། དེ་ལྟར་བྱས་ན་འགྲིག་བསྡད་ཡོད་རེད་ཟེར། མདོ་ཡི་ནང་དུ་ཉིན་ཞག་གཅིག་ལ་ཁྲིམས་སྲུང་ནས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གསུངས་ཡོད། སྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ནང་ནས་གཅིག་གིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དེ་ཉིན་ཞག་གཅིག་ལ་ཚུལ་ཁྲིམས་བསྲུངས་པ་ལ་རྟེན་ནས་ཡིན་གསུངས་པ་རེད། ཉིན་ཞག་གཅིག་ལ་ཁྲིམས་སྲུང་བ་འདྲ་དང་། དགོང་མོ་ས་རུབ་ནས་སང་སྔ་དྲོ་ཉི་མ་མ་ཤར་གྱི་བར་དུ་སྲོག་གཅོད་རྒྱུ་སྤོང་བཅུག་པའི་ཐབས་ཤེས་དེ་ཚོ་སངས་རྒྱས་ཁོ་རང་གིས་གནང་བ་རེད།
མང་ཚོགས་ཀྱིས་ཧ་ཅང་ལས་སླ་བོར་མཐོང་བའི་དེ་འདྲའི་ཐབས་མཁས་པ་ང་ཚོས་བྱེད་ཆོག་ཆོག་དེ་ཚོ་མི་བྱེད་ནས་ཁོང་ཚོའི་སེམས་ནང་ལ་དཔེ་དཀའ་ལས་ཁག་པོ་རུ་མཐོང་བའི་གཞུང་བཀའ་པོད་ལྔ་དེ་ཚོ་སྦྱོང་དགོས་རེད། མགོ་ནས་སྐྲ་གཞར། ཁྱིམ་ནས་ཁྱིམ་མེད་པ་ལ་རབ་ཏུ་བྱུང་དགོས་རེད་ཟེར་དང་པོ་ནས་ཕར་ལབ་ཅིང་། དེ་ཚོ་བཟོ་བ་དེ་དཔེ་དཀའ་ལས་ཁག་པོ་རེད། དེས་ན་དང་པོ་ནས་ནང་ཆོས་དང་བར་ཐག་རིང་པོ་བཟོ་བའི་སྲོལ་འདི་འགྲིག་གི་ཡོད་ས་མ་རེད། དེས་ན་མི་རྫབ་ཆེན། ཆང་འཐུང་བསྡད་མཁན། ཤོ་བག་རྒྱག་འདུག་མཁན། ཐ་མ་འཐེན་མཁན། འདྲ་མི་འདྲ་བྱེད་འདོད་ཡོད་མཁན་ཡིན་པ་ལ། དཀོན་མཆོག་གསུམ་ལ་ནི་དགའ་བོ་ཡོད་ཅིང་། ཡང་ཁ་ཤས་ཀྱིས་དཀོན་མཆོག་གསུམ་ལ་དགའ་བོ་བྱེད་པ་དེ་ཡང་དེ་ག་ཙམ་རྨོངས་དད་མ་ཡིན་པ། ནང་པ་ཟེར་བ་དེ་ལ་དངོས་གནས་གོ་རྒྱུ་ཆེན་པོ་འདུག་བསམ་ཞིང་། ཡིན་ནའང་ཉམས་ལེན་ནི་མི་ཐུབ་མཁན་གྱི་རིགས་ཤིག་ཡོད་རེད། དེ་ཚོ་ལ་ཧ་ཅང་གི་མཐོང་ཆུང་མི་བྱེད་ཅིང་། བདག་པོ་རྒྱག་རྒྱུ་དེ་གལ་ཆེན་ཞེ་དྲགས་རེད་བསྡད་འདུག
དྲི་བ་བདུན་པ། མདོ་ལས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་གསུངས་ནའང་། རང་རེ་བོད་པ་རྣམས་ཀྱིས་དེ་ལས་ལྡོག་ནས་བྱེད་བཞིན་པའི་ཚོར་སྣང་ཡོང་གི་འདུག འདིའི་སྐོར་ལ་རིན་པོ་ཆེ་མཆོག་གིས་ཇི་ལྟར་དགོངས་ཀྱི་འདུག་གམ།
བཀའ་ལན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་དགོས་རེད་དེ་དཔེ་དཀའ་ལས་ཁག་པོ་ཞིག་ཡིན་ས་རེད། འདི་བོད་པ་རྐྱང་པའི་ནང་ལ་བྱུང་བའི་གནས་ཚུལ་ཞིག་མ་རེད། ཆོས་ཟེར་མཛུག་གུ་བཙུགས་ས་འདྲ་དེ་རྟེན་ཅིང་འབྲེལ་འབྱུང་ཟེར་བ་འདྲ་དང་། སྟོང་པ་ཉིད། བྱམས་པ། སྙིང་རྗེ། ལས་རྒྱུ་འབྲས་ཟེར་བ་དེ་ཚོ་རེད། དེ་ཚོ་ནི་བཅོམ་ལྡན་འདས་ཀྱིས་གསུངས་བཞག་པའི་ལུང་གི་བསྟན་པའི་ནང་ལ་ཡོད་རེད། དཔེ་ཆ་འདྲ་ཡིན་ན་དེང་སང་ག་ཚད་དགོས་དགོས་རག་གི་ཡོད་རེད་དེ། ཡིན་ནའང་ཆོས་དེ་དག་དང་མཉམ་དུ་ཉི་མ་རེ་ལ་ཇ་ཕོར་བ་གང་འཐུང་རྒྱུ་མེད་རེད། དྲི་བ་དྲི་ས་དང་། ཡུས་བཤད་སའང་མེད། དེ་དག་ནི་ལུང་གི་ཆོས་ནང་ལ་བསྡད་ནས་ཡོད་རེད། མི་ཟེར་མཁན་དེ་ལ་སྐད་ཆ་བཤད་ས་ཞིག་དགོས་ཀྱི་ཡོད་རེད། དེས་ན་དྲི་བ་དྲི་ས་འདྲ་དང་། ལན་ཚུར་རྒྱག་ཡོང་མཁན། ཕར་བལྟ་ས་ལ་མཐོང་རྒྱུ་དང་རིག་རྒྱུ་ཡོད་བསྡད་པ་ཡིན་དུས་གང་ཟག་དེ་གང་ལྟར་ན་རྩ་ཆེན་པོ་ཞིག་ཆགས་ཀྱི་ཡོད་ས་རེད། ཡིན་ནའང་བོད་ཀྱི་སྤྱི་ཚོགས་ནང་ན་གཟབ་གཟབ་བྱེད་དགོས་ས་ཞིག་འདུག་དྲན་སོང་། དེ་གང་ཞིག་རེད་ཅེ་ན། དཔེར་ན་ཡེ་ཤུ་དང་ཁ་ཆེའི་ཆོས་ལུགས་ལ་བསམ་མནོ་བཏང་བཞག་པ་ཡིན་ན། ཆོས་ཁོ་རང་གི་རྗེས་སུ་འབྲང་མཁན་དེ་མང་པོ་ཡོད་རེད་མ་གཏོགས་ག་ཤེད་ཡེ་ཤུའི་བླ་མ་གཅིག་གི་རྗེས་སུ་འབྲང་མཁན་རེད་ཟེར་བ་ཡོད་མ་རེད། བླ་ཆེན་པོབ་ལ་ཏོག་ཙམ་ཡོད་རེད་དེ་ཡིན་ནའང་། ཡེ་ཤུའི་བླ་ཆེན་ཀྱི་སྐུ་པར་སྐེ་ལ་བཏགས། སྐུ་པར་ཡོད་པའི་སྒྲོག་རྡེལ་བཟོས་ཤིང་བྲང་དང་དཔུང་པར་བཏགས་ནས་འགྲོ་འདུག་མཁན་ཞིག་ཡོད་མ་རེད། ཡེ་ཤུའི་ནང་ལ་དེ་འདྲ་འདུག་པ་ཁྱེད་ཀྱིས་དྲན་གྱི་འདུག་གམ། ཡོད་མ་རེད།
དེའི་ལུགས་སྲོལ་དེ་ང་ཚོ་བོད་ཀྱིས་རྒྱ་གར་ནས་ཁྱེར་ཡོང་བ་ཡིན་ས་རེད། ཞེན་ཁོག་བྱེད་པའི་ལམ་ལུགས་དང་གོམས་གཤིས་ཆགས་ཤིང། ཀརྨ་པ། ས་སྐྱ་གོང་མ། སུ་ཞིག་སུ་ཞིག་རྡོ་རྗེ་འཆང་། གཉིས་ཤིག་གཉིས་ཤིག་སྐྱབས་མགོན་ཟེར་ཞིང་མི་གང་ཟག་དེའི་རྗེས་སུ་འབྲང་མཁན་མང་པོ་ཆགས་ཀྱི་ཡོད་རེད། འདི་ལ་སྐྱོན་ག་རེ་འདུག་ཟེར་ན་རྗེས་སུ་འབྲང་སའི་མི་དེ་རྫོགས་ཚར་དུས་རྗེས་སུ་འབྲང་མཁན་ཁོང་ཚོ་ཡང་བར་མ་དོ་ལ་འཁྱམས་སྡོད་མཁན་འདྲ་ཞིག་ཆགས་ཏེ་ཕལ་ཆེར་རྫོགས་ཚར་ཡོད་རེད། དེ་འདྲ་ཡིན་དུས་ཆོས་དེ་གནད་འགག་ཆེན་པོ་རེད་ཟེར་ཞིང་ཆོས་ཀྱི་རྗེས་སུ་འབྲངས་མི་ཐུབ་པ་འདི་མི་ཁོ་རང་ཚོའི་སྐྱོན་ཡིན་ས་རེད། ང་ཚོ་བོད་པའི་ནང་དུ་ཆོས་དེ་གནད་འགག་ཆེན་པོ་རེད་ཟེར་ཞིང་ཆོས་ཀྱི་རྗེས་སུ་འབྲངས་མི་ཐུབ་པའི་སྐྱོན་འདུག་བསམ་གྱི་ཡོད། ཡེ་ཤུ་དེ་ཚོ་ལ་དེ་འདྲ་མི་འདུག ཁ་ཆེ་ལ་ཕྱིས་སུ་ཨོ་ས་མ་བྷན་ལཱ་ཌན་ཟེར་སྐད་གྲགས་ཆེན་པོ་བྱུང་བ་རེད། ཁོ་སྐད་གྲགས་ཡོད་པའི་རྒྱུ་མཚན་ཁ་ཁ་རེད། ཁོས་འཁྲུག་པ་བརྒྱབ་ནས་སྐད་གྲགས་སོང་པ་རེད། དེ་རེད་མ་གཏོགས་ཁོ་ལ་གསོལ་བ་འདེབས། ཁོ་ཡི་སྐུ་དཔར་སྐེ་ལ་བཏགས། ཁོའི་ཞབས་བརྟན་འདོན་མཁན་དེ་འདྲ་ཡོད་མ་རེད།
ཡེ་ཤུའི་བླ་མ་སུ་གཅིག་ལ་བླ་མ་དེའི་ཞབས་བརྟན་གསོལ་འདེབས་འདོན་པ་དེ་འདྲ་ཡོད་མ་རེད། ཡེ་ཤུའི་ནང་དུ་ང་སྐྱབས་མགོན་སུ་ཞིག་སུ་ཞིག་གི་སློབ་མ་ཡིན་ཟེར་བ་ཡོད་མ་རེད་ལ། ཁ་ཆེའི་ནང་ལའང་ཡོད་མ་རེད། ཆོས་ཁོ་རང་གི་རྗེས་སུ་འབྲང་མཁན་རེད་མ་གཏོགས་ང་གང་ཟག་དེའི་རྗེས་འབྲང་ཡིན་ཟེར་མཁན་དེ་དཔེ་མི་སྲིད་པ་ཉུང་ཉུང་རེད། ཕལ་ཆེར་ཡོད་མ་རེད། ད་ང་ཚོ་བོད་པ་ལ་དེ་འདྲ་རྐྱང་རྐྱང་རེད་བསྡད་ཡོད་པ་ནང་བཞིན་ཞིག་རེད། ཆོས་ལུགས་ཆེན་པོ་བཞི་ཡི་བླ་མ་སོ་སོར་ཡི་རྗེས་འབྲང་ཡིན་ཟེར་བ་དང་། ཆོས་ལུགས་ནང་ཁུལ་ལའང་ངའི་བླ་མ་འདི་ཡིན་ཟེར་ཞིང་ཞེན་ཁོག་བྱེད་རྒྱུ་དེ་གོམས་གཤིས་སུ་ཆགས་ཚར་ཡོད་རེད། འདི་སྤོང་ཐུབ་ཁག་པོ་རེད་དེ། ཡིན་ནའང་ང་ཚོ་ལ་སྐྱོན་འདི་འདྲ་ཞིག་ཡོད་རེད་ཅེས་ཧ་གོ་ཐུབ་ན། ལྷག་པར་ཀློག་པ་ཐོས་བསམ་པའི་གྲས་དེ་ཚོས་ཧ་གོ་ཐུབ་ན་ཡག་པོ་ཡོད་མིན་འགྲོ་བསམ་སོང་།
བླ་མ་དགོངས་པ་རྫོགས་འགྲོ་རེད། ཡིན་ནའང་ཆོས་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ད་དུང་བསྡད་ནས་ཡོད་རེད། ཆོས་དེ་དཔེ་གནད་འགག་ཆེན་པོ་རེད་ལ་དངོས་གནས་བྱས་ན་ཆོས་ཀྱི་རྗེས་སུ་འབྲངས། དེ་ལ་ཞེན་ཁོག་བྱེད་ཐུབ་ན་ཡག་པོ་ཡོད་རེད། ཡིན་ནའང་དཀའ་ལས་ཁག་པོ་རེད། གང་ཡིན་ཟེར་ན། གང་ཟག་རྩ་ཆེན་པོ་བྱེད་རྒྱུ་དེ་ང་ཚོ་བོད་པའི་གོམས་གཤིས་ཆགས་ཚར་ཡོད་རེད། འདི་གཅིག་བྱས་ན་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པའི་ནང་དུ། ཁྱོད་ནི་བླ་མ། ཁྱོད་ནི་ཡི་དམ། ཁྱོད་ནི་མཁའ་འགྲོ། མདོར་ན་བླ་མ་དེ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་ཡིན་གསུངས་པའི་ཤུགས་རྐྱེན་ཐེབས་ཡིན་རྒྱུ་རེད། ངོ་མ་བྱས་ན་གསང་སྔགས་རྡོ་རྗེ་ཐེག་པའི་ནང་དུ་གསུངས་པ་དེ་ཡི་དོན་གོ་བ་ལེན་མ་ཤེས་པ་རེད་མ་གཏོགས། ཁྱོད་ནི་བླ་མ་ཡིན། ཁྱོད་ནི་ཡི་དམ། ཁྱོད་ནི་མཁའ་འགྲོ་ཡིན་ཟེར་དུས་གང་ཟག་ཁ་ལག་ཟ་དགོས་མཁན། ཉལ་དགོས་མཁན་དེ་ལ་ཟེར་བ་མ་རེད། དེའི་དོན་གོ་ཡི་མ་རེད་ལ་ཁག་ཀྱང་ཡོད་མ་རེད། དེས་ན་དེའི་སྐོར་ལ་གཟབ་གཟབ་མ་བྱས་ན་ང་རང་ཚོ་ལ་ཞན་ཆ་ཟེར་ན་འདྲ། སྐྱོན་ཏོག་ཙམ་ཡོད་ས་རེད་བསམ་གྱི་འདུག གཟབ་གཟབ་བྱེད་སྟངས་ག་འདྲ་དགོས་ཧ་གོ་ཐུབ་ཀྱི་མི་འདུག ཀློག་པ་ཐོས་བསམ་པ་ཚོ་དང་། སློབ་སྦྱོང་ཡོད་མཁན་རྣམས་ལ་སྤྱིར་བཏང་འགན་ཞིག་ཡོད་རེད། གོང་དུ་ཞུས་པ་ནང་བཞིན་སྲོལ་རྒྱུན་གྱི་དད་པ་ཡོད་མཁན་ཚོ་གནད་འགག་ཆེན་པོ་རེད་དེ། ཡང་སློབ་སྦྱོང་ཡོད་མཁན་དུས་རྒྱུན་གཅིག་བཤད་འདུག་མཁན་ཞིག་ཡོད་རྒྱུ་དེ་གནད་འགག་ཆེན་པོ་རེད་འདུག ཉན་མཁན་སུ་མེད་ནའང་ཟ་རེ་ཟི་རེ་བཤད་འདུག་མཁན་ནམ། བརྡར་ཤ་གཅོད་འདུག་མཁན་ཞིག་ཀྱང་དགོས་ཡིན་ས་རེད།
དྲི་བ་བརྒྱད་པ། དགེ་རྒན་དང་། མཁས་པ་དང་། ཉམས་ལེན་པ་རྣམས་ལ་ཡོན་ཏན་གང་འདྲ་ཞིག་ལྡན་དགོས་པའི་བསྐུལ་འདེད་བྱེད་དགོས་སམ།
བཀའ་ལན། སློབ་སྦྱོང་སྤྲོད་དུས་ལྟ་གྲུབ་དང་མཉམ་དུ་ལག་ལེན་བསྟར་བཅུག་ནས་སློབ་དགོས་ཀྱི་ཡོད་ས་རེད། དཔེར་ན་ཚན་རིག་ཟེར་བ་འདྲ་དང་། གསོ་རིག་ལྟ་བུ་ཡིན་ན། དགེ་རྒན་གྱིས་གྲུབ་མཐའ་ལྟ་བུ་དེ་མར་དང་པོ་བཤད་ཅིང་། དེ་ནས་ལག་ལེན་ཡང་མཉམ་དུ་བསྟར་བཅུག་གི་ཡོད་རེད། སྨན་འདྲ་ཡིན་ན་རྩ་དང་ཆུ་རྟགས་བལྟ་བཅུག་པ། བཤའ་བཅོས་གཏོང་རྒྱུ་དེ་ཚོ་ལག་ཏུ་ལེན་བཅུག་ཅིང་སློབ་ཀྱི་ཡོད་རེད། དེ་ནང་བཞིན་ནང་ཆོས་དངོས་གནས་ཡག་པོ་སྦྱོང་འདོད་ཡོད་ན་དགེ་རྒན་དང་མཉམ་དུ་ཉམས་ལེན་དགོས་ཀྱི་ཡོད་ས་རེད། དགེ་རྒན་ཁོ་རང་གིས་ཀྱང་ཉམས་ལེན་བྱེད་དགོས་ཀྱི་རེད། ཡིན་ནའང་ང་ཚོས་དེ་ལྟར་ཐུབ་ཀྱི་མེད་ཡིན་པ་འདྲ། དེང་སང་བཤད་གྲྭ་ཐམས་ཅད་ཀྱི་ནང་དུ། གྲུབ་མཐའ་དེ་འདི་དང་འདི་འདྲ་རེད། བྱང་ཆུབ་ཀྱི་སེམས་དེ་འདི་འདྲ་ཞིག་ལ་ཟེར་རེད། དོན་དམ་བྱང་ཆུབ་ཀྱི་སེམས་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཚོ་འདི་དང་འདི་འདྲ་རེད་ཟེར་མར་བཤད་ཀྱི་ཡོད་རེད། དེ་ཚོ་ཆ་ཚང་བ་སྤུས་དག་པ་ཉམས་ལེན་བཟོ་བ་མི་ཚེ་གཅིག་གི་ལས་ཀ་ཆགས་བསྡད་ཡོད་དུས་དཀའ་ལས་ཁག་པོ་རེད་དེ། ཡིན་ནའང་ཆ་ཚང་སྤུས་དག་བཟོ་མ་ཐུབ་ནའང་ཏོག་ཙམ་ཏོག་ཙམ་ཉམས་ལེན་བཟོ་ཨེ་ཐུབ་བལྟ་དགོས་ཀྱི་འདུག ད་ལྟ་བར་དུ་ང་ཚོས་ཆོས་ཐུན་འགོ་ནས་བློ་སྦྱོང་གི་རིམ་པ་མང་པོ་ཞིག་བཤད་སྲོལ་ཡོད་མ་རེད་དམ། འདི་ཚོ་ལག་ལེན་ཡིན་མདོག་མདོག་ཡིན་ས་རེད། རང་གཞན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དུ་ཁྱེད་ཀྱིས་འདི་ལ་གསན་པར་ཞུ་ཟེར་རེད། དེས་ཆོས་གསན་པའི་ཀུན་སློང་དང་ཀུན་སྤྱོད་ཀྱི་རིམ་པ་དང་། མཇུག་ཏུ་བསྔོ་བ་ཞིག་འདོན་གྱི་རེད།
དངོས་གནས་བྱས་ན་འདི་ཚོ་ཆོ་ག་རེད་མ་སོང་བར་ཏོག་ཙམ་དོན་དག་ཉམས་ལེན་ཨེ་ཐུབ་བལྟ་དགོས་འདུག ཆོ་ག་ཙམ་ཞིག་ཡོད་ན་གལ་ཆེན་པོ་རེད་དེ། ཆོ་ག་ཆོག་རྐྱང་ལྟ་བུར་གྱུར་ཚར་ན་ཕན་གནོད་ཆེར་མེད་རེད། དངོས་གནས་བྱས་ན་ང་ཚོ་འདི་དང་འདི་ལྟར་བྱེད་ཀྱི་ཡིན་ཟེར་སྐར་མ་རེ་རེ་གཉིས་གཉིས་ཀྱི་དུས་ཚོད་བཏང་ནས་སློབ་མ་དང་མཉམ་དུ་ཉམས་སུ་ལེན་དགོས་ཀྱི་ཡོད་ས་རེད། གཙུག་ལག་སློབ་གྲྭ་ཆེན་མོ་དེ་ཚོས་ཚན་རིག་དང་གསོ་རིག་སློབ་དུས་ཁོང་ཚོས་སློབ་མ་དང་མཉམ་དུ་ཉམས་སུ་ལེན་གྱི་ཡོད་པ་ལྟར། ང་ཚོས་ཆོས་བཤད་དུས་ཀྱང་དགོས་ཀྱི་ཡོད་ས་རེད། ཆ་ཚང་བ་སྤུས་དག་པ་ཞིག་དང་པོ་ནས་བཟོ་མ་ཐུབ་ནའང་གང་ཐུབ་ཐུབ་ཏོག་ཙམ་ཏོག་ཙམ་དགོས་ཀྱི་ཡོད་པ་འདྲ།
དྲི་བ་དགུ་པ། དགོན་པ་དང་གྲྭ་ཚང་རྣམས་སུ་དུས་རབས་ཀྱི་རྗེས་ཟིན་པར་བྱེད་པ་ལ། དབུ་ཁྲིད་དང་འཛིན་སྐྱོང་ངོས་ནས་ཐབས་ལམ་དང་སྒྲིག་འཛུགས་གང་འདྲ་ཞིག་ལག་ལེན་བསྟར་དགོས་ཀྱི་འདུག
བཀའ་ལན། གདན་ས་ཆེན་པོའི་བླ་མ་ཡིན་ན་བླ་བྲང་གི་ཕྱག་མཛོད་དང་། གཉེར་པ། གསོལ་དཔོན་ཟེར་མཁན་དེ་ཚོ་ལ་དགོན་པའི་ཇུས་གཏོགས་རྩ་བ་ནས་བྱེད་བཅུག་རྒྱུ་མི་འདུག གལ་སྲིད་ཇུས་གཏོགས་བྱས་ནས་བལྟ་དགོས་ཀྱི་ཡོད་ན། དགོན་པའི་ངོས་ནས་ཡར་འོས་ཤོག་བླུགས་ནས་བསྐོས་དགོས་ནའང་འདྲ། གང་ལྟར་དགོན་པའི་ངོས་ནས་བློ་མཉམ་དགོས་འདུག གཞན་མ་གཏོགས་འདི་ལ་དཔེ་མི་སྲིད་པའི་སྐྱོན་ཆེན་པོ་ཞིག་འདུག གཞན་ཡང་བླ་མའི་སྐུ་མཆེད་ཟེར་བ་འདྲ་དང་། བླ་མའི་སྐུའི་ཉེ་འབྲེལ་ཡིན་ཟེར་མཁན་དང་། གསང་ཡུམ་ཟེར་མཁན་དེ་ཚོ་ནི་ཡིན་དང་ཡིན། གསང་ཡུམ་གྱི་སྐུ་མཆེད་དེ་ཚོའི་གྲས་ཀྱིས་དགོན་པ་ལ་ཇུས་གཏོགས་མང་པོ་སླེབས་ཡོང་བ་ཞིག་འདུག དེ་ལ་གཟབ་གཟབ་དངོས་གནས་བྱེད་དགོས་ས་རེད།
ཡང་གནད་དོན་གཅིག་ལ། དབུ་ཁྲིད་ཟེར་ནའང་འདྲ་མ་ཟེར་ནའང་འདྲ། འཛིན་སྐྱོང་བྱེད་མཁན་ག་འདྲ་ཞིག་ཡོད་པ་ཡིན་ནའང་བརྗེ་བོ་རྒྱག་རྒྱུ་རྩ་བ་ནས་མེད་པ་ཡུན་རིང་པོ་ཞིག་ལ་བརྟན་པར་བཞུགས་སུ་གསོལ་ཞིང་སྐུ་ཚེ་རིང་པོ་ལ་བཞུགས་སྡོད་མཁན་ཞིག་འདུག་རྒྱུ་དེས་ཕན་མི་ཐོགས་པའི་སྟེང་ལ་གནོད་སྐྱེལ་གྱི་འདུག འདི་འཛིན་སྐྱོང་ཡར་རྒྱས་འགྲོ་བར་བྱེད་པ་ལ་ཧ་ཅང་གི་གནོད་ཚབས་ཆེན་པོ་ཡིན་ས་རེད། དེ་ནས་འཛིན་སྐྱོང་བྱེད་སྟངས་དེ་ཕྱི་གསལ་ནང་གསལ་བཟོ་དགོས་ཀྱི་འདུག རྩིས་ཁྲའི་སྐོར་དེ་ཚོ་ཕྱི་གསལ་ནང་གསལ་བྱེད་རྒྱུ་དེ་དཔེ་མི་སྲིད་གལ་གནད་ཆེན་པོ་ཡིན་ས་རེད། ཆོས་ཕྱོགས་ནས་བཤད་ནའང་ང་ཚོ་ལ་རག་པའི་དཀོར་ཟས་དེ་ཆུད་ཟོས་དང་འཕྲོ་བརླག་མ་སོང་བ་ཞིག་དགོས་ཀྱི་ཡོད་རེད། དགོན་པ་ཡིན་ནའང་རེད། ང་རང་ཚོ་ལ་ཨ་ན་(Anna)གཅིག་མ་གཏོགས་མེད་ནའང་དེ་ནི་དད་པས་ཕུལ་བའི་རྫས་རེད།
དེས་ན་དགོན་པའི་འཛིན་སྐྱོང་གི་རྩིས་ཁྲ་དེ་ཕྱི་གསལ་ནང་གསལ་ག་ཚད་བཟོ་ཐུབ་པ་དེ་བཟོས་ནས། མང་གཙོ་བྱས་ནས་བཟོ་དགོས་ཀྱི་ཡོད་ན། མང་གཙོ་མ་བྱས་ནའང་རེད། ཕྱི་གསལ་ནང་གསལ་རེད་ན་དེ་དག་ལ་ཁྱད་པར་མི་འདུག་དྲན་གྱི་འདུག མདོར་ན་ད་ལྟ་གོང་དུ་ཞུས་པ་ལྟར། བླ་མའི་ཞབས་ཕྱི་ལ་སོགས་པ་དགོན་པའི་བློར་བབ་ནས་བསྐོས་པ་མ་ཡིན་བཞིན་དུ་དགོན་པའི་ཇུས་གཏོགས་བྱེད་རྒྱུ་དང་། མི་གཅིག་གིས་དགོན་པ་གྲྭ་ཚང་གི་འཛིན་སྐྱོང་མི་ཚེ་མི་རབས་ལ་བྱེད་རྒྱུ་དང་། འཛིན་སྐྱོང་བྱེད་སྟངས་ཕྱི་གསལ་ནང་གསལ་མེད་པ་དེ་ཚོ་ད་ལྟའི་སྤྱི་ཚོགས་ནང་ལ་དཔེ་མི་སྲིད་པའི་སྐྱོན་ཆེན་པོ་ཡིན་ས་རེད།
དྲི་བ་བཅུ་པ། གལ་སྲིད་དགོན་སྡེ་གྲྭ་ཚང་གིས་དུས་རབས་ཀྱི་རྗེས་ཟིན་པར་མ་བྱས་ན། ཉེན་ཁ་གང་དང་གང་འཕྲད་སྲིད་ཀྱི་རེད་ལགས།
བཀའ་ལན། ཡང་ན་ནི་རྗེ་བཙུན་མི་ལ་རས་པའི་བརྟུལ་ཞུགས་སྐྱོང་དགོས་རེད། སྒོ་འདམ་སྦྱར་བྱས་ཏེ་བསྡད་ཐུབ་ན་ཡག་ཤོས་རེད། དངོས་གནས་དྲང་གནས་ཀྱིས་རྗེས་སུ་ཡི་རང་ཞུ་དགོས་ཀྱི་རེད། སྨོན་ལམ་ཞིག་མ་གཏོགས་འདོན་མ་ཤེས་ནའང་བསྟན་པ་འཛིན་ཐུབ་བསྡད་ཀྱི་ཡོད་རེད། དེ་འདྲ་མ་ཡིན་པ་གཅིག་ལས་དགོས་སྣང་འདྲ་ཤར། གཅིག་བྱེད་དགོས་སྣང་འདྲ་ཤར་ན། ལས་རྒྱུའི་ལས་ཀ་ལས་ཀ་ལས་ས། ལས་ཀ་ལས་པའི་དུས་ཚོད་ཉི་མ་རེ་རེ་བཞིན་བརྗེ་འགྲོ་ཡི་ཡོད་རེད། ཡུལ་དུས་གནས་བབ་དང་བསྟུན་ནས་ལས་ཀ་ལས་མ་ཤེས་ན་ནི། དུས་ཚོད་འཕྲོ་བརླག དཔལ་འབྱོར་འཕྲོ་བརླག ཕན་ཐོགས་མེད་པའི་སྟེང་ན་རྙོག་གྲྭ་ཆེ་རོགས་འདྲ་ཆགས་ཀྱི་འདུག དཔེར་ན་དགོན་པའི་ཐོག་གི་གསེར་ཡབ་གཅིག་གི་འགྲོ་སོང་དེས་ཕྲུ་གུ་མང་པོ་ཞིག་ལ་ཞལ་ལག་སྤྲད་པ་དང་། སློབ་སྦྱོང་སྤྲད་བཞག་ན་ཆོས་འཇིག་རྟེན་གཉིས་ཆར་གྱི་ཐོག་ནས་དེ་ཁེ་བཟང་ཆེ་མི་འགྲོ་བསམ་གྱི་འདུག
དྲི་བ་བཅུ་གཅིག་པ། བཤད་གྲྭ་རྣམས་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པའི་འཛིན་སྐྱོང་བྱེད་པ་ལ། དབུ་ཁྲིད་ཀྱི་ཐབས་ལམ་དང་། འཛིན་སྐྱོང་གི་སྲིད་ཇུས་ཇི་འདྲ་ཞིག་ལག་ཏུ་ལེན་དགོས་ཀྱི་འདུག
བཀའ་ལན། ཀུན་སློང་ཡག་པོ་དགོས་རྒྱུ་དེ་བཤད་མ་དགོས་པ་རེད། དེ་དགོས་པ་ཚང་མས་ཤེས་བཞིན་པ་རེད་དངོས་གནས་བྱས་ན་ལབ་དགོས་ཀྱི་ཡང་མི་འདུག དེང་སང་ཕྱི་ནང་གཉིས་ཆར་ནས་བཤད་འདུག་རྒྱུའི་དབུ་ཁྲིད་དང་འཛིན་སྐྱོང་གི་ཟབ་སྦྱོང་དེ་ཚོས་ཏོག་ཙམ་ཕན་མིན་འགྲོ་བསམ་གྱི་འདུག ཡིན་ནའང་ང་ཚོ་བོད་རིགས་ཀྱི་བཤད་གྲྭ་དང་གྲྭ་ཚང་དེ་ཚོའི་ནང་ལ་ཏོག་ཙམ་དཀའ་ལས་ཞིག་འདུག དེའང་གྲྭ་ཚང་གི་དབུ་ཁྲིད་བླ་མ་ཞིག་ཡོད་རེད། དེ་ལ་བལྟས་ནས་ཡོང་མཁན་མང་ཆེ་བ་དེ་ཆོས་ཕྱོགས་ཀྱི་དད་པ་བྱེད་ནས་ཡོང་བ་རེད། རྒྱལ་ཁབ་དང་། དངུལ་ཁང་དང་། མཉམ་ལས་ཀྱི་ལས་ཁུངས་སྡེ་ཚན་དང་། ཁེ་ལས་ཁང་དེ་ཚོ་ལ་ཡོང་མཁན་དེས་དེ་དག་གི་དབུ་ཁྲིད་ལ་བལྟས་ནས་ཡོང་གི་ཡོད་མ་རེད། ཁོང་ཚོ་ལས་ཀའི་ཆེད་དུ་ཡོང་བ་རེད། དེས་ན་དགོན་པ་གྲྭ་ཚང་ལ་ཡོང་མཁན་དང་། དངུལ་ཁང་ལ་སོགས་མཉམ་ལས་སྡེ་ཚན་དེ་ལ་ཡོང་མཁན་གཉིས་ཀྱི་དམིགས་ཡུལ་དང་བསམ་མནོ་ཁ་ཁ་སོ་སོ་རེད་བསྡད་ཡོད་རེད། དེས་ན་དབུ་ཁྲིད་དང་འཛིན་སྐྱོང་གི་ཐབས་ལམ་ཟབ་སྦྱོང་སྤྲད་མཁན་ཁོང་ཚོས་བཤད་འདུག་རྒྱུ་དེ་ཚོ་ང་ཚོ་གྲྭ་ཚང་དང་བཤད་གྲྭ་ནང་ལ་བརྒྱ་ཆ་བརྒྱ་ཐམ་པ་ལག་བསྟར་བྱེད་ཐུབ་པ་དཔེ་འདྲ་དཀའ་ལས་ཁག་པོ་རེད།
ང་རང་ཚོ་ཆོས་ལུགས་པ་ཚོ་ལ་དད་པ་ཞེས་པའི་སྐད་ཆ་ཞིག་ཡོད་རེད། དད་པ་དངོས་གནས་ཅི་གསུངས་བཀའ་སྒྲུབ་དང་ཅི་མཛད་ལེགས་མཐོང་གི་དད་པ་ཡིན་ན་སྐད་ཆ་ཁ་ཁ་རེད། དེ་ཡོང་དཀའ་ལས་ཁག་པོ་རེད། དེ་འདྲ་མ་ཡིན་པའི་དད་པ་གྱི་ན་བ་ཁ་ཕོ་རུས་ཀྱི་དད་པ་ཟེར་བ་དང་། སྤྱིར་བཏང་གང་ཟག་སོ་སོའི་སྐྱེ་བོའི་དགའ་ཞེན་གྱི་དད་པ་ཞིག་སླེབས་ཡོང་དུས་དེ་དང་མཉམ་དུ་རེ་བ་ཞིག་ཀྱང་སླེབས། དོགས་པ་ཞིག་ཀྱང་སླེབས། རང་རང་སོ་སོར་དད་པ་ཡོད་བསམ་པའི་ང་རྒྱལ་ཞིག་ཀྱང་སླེབས། བླ་མ་དང་སློབ་མ་ཐམས་ཅད་ཀྱིས་དད་པ་ཡོད་མདོག་མདོག་བྱེད། ང་ཚོ་ང་ཚོ་དང་། ཁོང་ཚོ་ཁོང་ཚོ་ལ་དད་པ་སོ་སོར། རེ་བ་སོ་སོར་རེད་བསྡད་ཡོད་རེད།
ཕྱི་རྒྱལ་དེ་ཚོ་ནས་ཕན་ཚུན་བཀའ་མོལ་ཡག་པོ་བྱེད་པའི་འབྲེལ་ལམ་ཞིག་བྱེད་ཀྱི་འདུག དེ་ལྟར་འབྲེལ་ལམ་ཡག་པོ་བྱེད་ཅིང་ར་ཕར་ཚུར་སྤྲོད་རྒྱུ་དེ་གལ་གནད་ཆེན་པོ་ཡིན་མིན་འགྲོ། དབུ་ཁྲིད་མཁན་བླ་མ་ཡིན་ནའང་རེད། མཁན་པོ་ཡིན་ནའང་རེད་གནས་ཚུལ་ག་ཚད་ཡིན་ནའང་ཕན་ཚུན་ར་སྤྲོད་ཐུབ་པ་བྱེད་རྒྱུ་དེ། རྒྱལ་ཁབ་འདྲ་ཡིན་ནའང་མང་ཚོགས་ལ་གནས་ཚུལ་གང་དང་གང་འབྱུང་གི་འདུག་བལྟ་ས་ཚགས་པར་ཡོད་རེད། ཚགས་པར་དེ་ཚོས་ཕན་གྱི་ཡོད་མདོག་མདོག་རེད། དེའི་རྒྱུ་མཚན་གྱིས་ཚགས་པར་རིགས་མང་པོ་ཞིག་ཡོད་རེད། གཡས་ཕྱོགས་པའི་ཚགས་པར། གཡོན་ཕྱོགས་པའི་ཚགས་པར་ལ་སོགས་པ་ཚགས་པར་གཉིས་གསུམ་ཞིག་ཡོད་རེད། ཁ་ཤས་ཀྱིས་ཚགས་པར་ཚང་མ་ཀློག་གི་འདུག དཔེར་ན་རྒྱ་གར་འདྲ་ཡིན་ནའང་ཉིན་ལྟར་ཚག་པ་མང་པོ་ཡོང་གི་ཡོད་རེད། ཧིན་དྷུའི་ཉིན་རེའི་ཚགས་པར་ཟེར་བ་འདྲ་དང་། རྒྱ་གར་གྱི་རང་དབང་ཚག་པར། རྒྱ་གར་གྱི་བང་ཆེན། དེ་བཞིན་གཞུང་ལ་མི་དགའ་མཁན་གྱི་ཚགས་པར་དེ་འདྲ་ཡང་ཡོད་རེད། རྒྱལ་ཁབ་ཀྱི་དབུ་ཁྲིད་ཅིང་རྒྱལ་ཁབ་སྐྱོང་བའི་སྐབས་སུ་དེ་ལྟར་ཟ་ཟི་བཤད་བསྡད་མཁན་ཞིག་ཡོད་དགོས་ཡིན་ས་རེད། བཤད་གྲྭ་དང་དགོན་པའི་ནང་ལ་དེ་ལྟར་ཡོང་གི་མ་རེད་དེ། གོང་གི་དབུ་ཁྲིད་མཁན་དང་། འོག་གི་ལས་ཀ་ལས་མཁན་གྱི་ཕྱོགས་གཉིས་ཆར་གྱི་སྐད་ཆ་ཡག་པོ་ཉན་རྒྱུ་དེ་གལ་ཆེན་པོ་རེད་འདུག་སྟེ་གོང་དུ་ཞུས་པ་ནང་བཞིན་དད་པ་ཐ་མལ་པ་དེ་ནང་ལ་འཛུལ་ཚར་དུས། དབྱིན་ཇིའི་ཟེར་སྲོལ་ལྟར། དེ་དཀའ་ངལ་ཞིག་རེད་ལ་དཔེ་ཅ་ཟིང་པོ་རེད།
དྲི་བ་བཅུ་གཉིས་པ། ཉེ་བའི་ལོ་ཤས་ཀྱི་རིང་ང་རང་ཚོའི་བཤད་གྲྭ་ལ་གསར་དུ་ཞུགས་མཁན་ནང་དུ་རྒྱ་གར་དུ་སྐྱེས་པའི་བོད་པའི་ཕྲུ་གུ་གཅིག་མ་གཏོགས་ཡོད་མ་རེད། གཞན་ཕལ་ཆེ་བ་ཧི་མ་ལ་ཡི་རི་རྒྱུད་ནས་ཡོང་བ་རེད། ཧི་མ་ལ་ཡིའི་རི་རྒྱུད་ཀྱི་ཡུལ་མི་རྣམས་ཀྱང་འཁྲུགས་ཆ་དོད་པོའི་སྒོ་ནས་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་རེད། རྒྱ་གར་གྱི་དགོན་སྡེ་གྲྭ་ཚང་ལ་ཁོང་ཚོའི་ཕྲུ་གུ་རྣམས་གཏོང་བའི་སྐབས་སུ་མང་ཆེ་བ་ཆོས་ཀྱི་ཆེད་དུ་གཏོང་གི་ཡོད་མ་རེད། གནས་སྐབས་ཀྱི་ལྟོ་གོས་དང་གཞི་རིམ་གྱི་སློབ་སྦྱོང་རག་པའི་ཆེད་དུ་གཏོང་གི་ཡོད་རེད། མ་ཟད་ཕྲུ་གུ་རྣམས་ལ་ཕ་མའི་ཁ་ལ་མ་ཉན་ན་དགོན་པར་གཏོང་གི་ཡིན་ཟེར་སྡིག་ར་བསྐུལ་གྱི་རེད་ཟེར་གོ་རྒྱུ་འདུག གལ་སྲིད་གནས་སྟངས་འདི་མུ་མཐུད་ན་རྒྱ་གར་དང་བལ་ཡུལ་གྱི་དགོན་པ་རྣམས་སྟོང་པར་འགྱུར་བའི་ཉེན་ཁ་ཆེན་པོ་འདུག རིན་པོ་ཆེས་དགོངས་ན་གནས་སྟངས་འདི་ལ་གདོང་ལེན་གང་འདྲ་ཞིག་དགོས་ཀྱི་རེད་དགོངས་ཀྱི་འདུག
བཀའ་ལན། དགོན་པ་གྲྭ་ཚང་ཡིད་དུ་འོང་བ་བཟོ་རན་འདུག ཆོས་འཇིག་རྟེན་གཉིས་ཆར་གྱི་སྟེང་ནས་མི་མང་གི་ཡིད་འཕྲོག་ཐུབ་པ་ཞིག་བཟོ་དགོས་ཀྱི་འདུག ཡེ་ཤུའི་ཆོས་སྡེ་རྣམས་ཀྱི་ནང་ལ་ཡོད་པ་ལྟར། ང་རང་ཚོའི་དགོན་པ་གྲྭ་ཚང་ནང་དུའང་གཞི་རིམ་གྱི་སློབ་གྲྭ། འབྲིང་རིམ་གྱི་སློབ་གྲྭ། མཐོ་རིམ་གྱི་སློབ་གྲྭ་པཅས་སློབ་སྦྱོང་གི་ཆ་རྐྱེན་ཆ་ཚང་ཡོད་པ་ཞིག་བཟོ་ཐུབ་དགོས་ཀྱི་འདུག དེའི་སྟེང་ན་དབྱིན་ཇིའི་སྐད་ལ་ཝོ་ཁེ་ཤོན་ (vocation) ཟེར་འཚོ་ཐབས་ལས་རིགས་ཀྱི་སློབ་སྦྱོང་ལག་རྩལ་སྦྱོང་ས་ཡང་ཡོད་པ་བྱེད་དགོས་ས་རེད། དཔེར་ན་ཤིང་བཟོ། རྡོ་བཟོ། ལྷ་བཟོ། བཟོ་རིག་པའི་རིག་གནས་ཚང་མ་ཡོད་པ་བཟོ་ཐུབ་དགོས་ས་རེད། རིག་གནས་དེ་སྦྱོང་ན་ལས་ཀ་རག་ཐུབ་པའི་གྲས་དེ་ཡོད་དགོས་ས་རེད། ཕ་མ་ཚོས་ཀྱང་ཕྲུ་གུ་རྣམས་བཤད་གྲྭ་དང་གྲྭ་ཚང་དེ་ན་གཏང་ན་སློབ་སྦྱོང་ཡག་པོ་རག་གི་རེད་ལ། ལག་རྩལ་སྦྱོང་བརྡར་བྱེད་ས་མང་པོ་ཡོད་རེད་ལ་རྗེས་མ་ལས་ཀ་རག་གི་རེད་ཟེར་རྒྱུ་ཡོད་པ་ཞིག་བཟོ་དགོས་འདུག ད་ལྟ་དེ་འདྲ་ཡོད་མ་རེད། སློབ་སྦྱོང་ཐེབས་ཆགས་བྱེད་ས་ཞིག་ཡོད་དུས་གཏོང་བསྡད་ཀྱི་ཡོད་རེད། དེ་འདྲ་མ་ཡིན་པ་ཕ་མ་ཚོས་ཀྱང་དངོས་གནས་བཤད་གྲྭ་དང་གྲྭ་ཚང་དེ་ན་སོང་ན་སློབ་སྦྱོང་ཡོང་ཐུབ་ཀྱི་རེད་བསམ་པའི་ཡིད་ཆེས་ཡོད་པ་ཞིག་བཟོ་ཐུབ་སོང་ན། ནང་ལ་སླེབས་ཚར་དུས་སློབ་སྦྱོང་ཡག་པོ་སྤྲད་དང་སྤྲད། དེའི་ཐོག་ལ་ཆོས་ཀྱིས་ཀླད་པ་འཁྲུད་འདུག་ཆོག་གི་རེད། དེ་ལྟར་བྱེད་དགོས་ས་རེད།
དྲི་བ་བཅུ་གསུམ་པ། མི་རབས་རྗེས་མིའི་དགེ་རྒན་སྐོར་ལ་རིན་པོ་ཆེ་ལ་དགོངས་ཚུལ་ཇི་ལྟར་ཡོད།
བཀའ་ལན། སྐད་ཆ་འདི་རྒྱ་ཆེན་པོ་རེད། སྤྱིར་བཏང་དགེ་རྒན་ཟབ་སྦྱོང་སྤྲོད་རྒྱུ་དེ་དངོས་གནས་དགོས་གལ་ཆེན་པོ་ཡིན་ས་རེད། སྔོན་མ་དགེ་རྒན་ཟབ་སྦྱོང་སྤྲོད་མཁན་ལྕམ་རྡ་སི་ལགས་ཀྱིས་ཟེར་ན། སློབ་ཕྲུག་ཚོས་མི་ཤེས་པ་དེ་དགེ་རྒན་ཚོའི་སྐྱོན་རེད་ཟེར། སྐད་ཆ་དེ་དཔེ་མི་སྲིད་པའི་འདྲ་ཆགས་པོ་རེད། དེ་དགེ་རྒན་རང་གི་སྐྱོན་ལས་སློབ་ཕྲུག་གི་སྐྱོན་མ་ཡིན་པ་དེ་ཧ་གོ་དགོས་ཀྱི་ཡོད་ས་རེད། དེ་ནང་བཞིན་སློབ་ཕྲུག་རྣམས་ཀྱིས་ལེ་ལོ་བྱེད་པ་དེའང་དགེ་རྒན་གྱི་སྐྱོན་ཡིན་ས་རེད། དགེ་རྒན་གྱིས་སློབ་ཕྲུག་རྣམས་ལ་སློབ་གསོ་བརྒྱབ་ནས་སློབ་སྦྱོང་དེ་ཡིད་དུ་འོང་བ་ཞིག་དང་། སློབ་སྦྱོང་ལ་དོན་གཉེར་ཡོད་པ་ཞིག་བཟོ་ཐུབ་དགོས་ཀྱི་ཡོད་ས་རེད། ང་ཚོ་བླ་མ་ཚོ་དང་། བླ་མ་ཚོ་ཟེར་ན་འདྲ་མཁན་པོ་དང་དགེ་རྒན་ཚོས་འདི་ཚོའི་སྐོར་ལ་བསམ་མནོ་གཏོང་དགོས་ཀྱི་ཡོད་ས་རེད།
སྤྱི་ལོ་ ༢༠༡༧ དང་བོད་རྒྱལ་ལོ་ ༢༡༤༤ རབ་གནས་མེ་བྱའི་ལོ་འགོར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་ཅིང་སྒྲོལ་ཆོག་འབུམ་ཚོགས་པའི་སྐབས་ཉིན་གུང་གསོལ་ཚིགས་སོགས་བར་གསེང་སྐབས་སུ། རིན་པོ་ཆེ་མཆོག་ལ་ད་ལྟའི་ཆར་འཛམ་བུ་གླིང་དུ་ནང་པ་སངས་རྒྱས་པའི་གནས་སྟངས་གང་འདྲ་ཡོད་པ་དང་། འཛམ་གླིང་ཤར་ནུབ་ཡུལ་གྲུ་ཀུན་ལ་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་དར་སྤེལ་གཏོང་སླད་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཐུགས་དགོངས་བཞེས་ཚུལ། ལག་ལེན་ཇི་ལྟར་བསྟར་དགོས་མིན་གྱི་སྐོར་སོགས་བཀའ་འདྲི་བཅུ་གསུམ་ཐམ་པ་ཞུ་བའི་གོ་སྐབས་རྙེད་ཅིང་གསུང་ལན་རྣམས་རང་རེ་ལ་ཁ་ཚ་དགོས་གཏུགས་སུ་སོང་བ་ཤ་སྟག་ཏུ་འདུག་པས་སྒྲ་འཇུག་བྱས་ཤིང་། དོན་རྣམས་གཅིག་ཀྱང་མ་ཆད་གཉིས་ཀྱང་མ་ལྷག་པར་བྱས་པ་མ་ཟད། གསུང་སྒྲོས་ཀྱང་མི་ཉམས་པའི་ཐབས་ཤེས་གང་ལེགས་བགྱིས་ནས་ཡི་གེར་ཕབ་རྗེས་རིན་པོ་ཆེ་མཆོག་མཛད་བྲེལ་ཆེ་བ་ལ་མ་ལྟོས་པར་ཞལ་སྔར་ཡང་ཡང་ཞུས་ཞིང་དག་པར་བགྱིས་པའོ་ཞེས། བཀའ་འདྲི་ཞུས་ཤིང་ཡེ་གེར་ཕབ་སྒྲིག་པ་ཆོས་དབྱིངས་རྡོ་རྗེས་སོ།།
༼ཨེ་མ་ཧོས་མཚམས་སྦྱོར་བྱས།༽
་་་་་་་ ནུབ་ཕྱོགས་པའི་ནང་ན་ནང་ཆོས་སྔོན་མ་མེད་པའི་ཚོད་ནས་ད་ལྟ་ཧ་ཅང་གི་ཡག་པོ་ཆགས་སྡད་ཡོད་རེད་དྲན་གྱི་འདུག ནུབ་ཕྱོགས་པ་མི་ཉུང་བ་ཞིག་གིས་ཆོས་ལ་དོ་སྣང་བྱེད་ཅིང་། ཚོང་དང་དཔལ་འབྱོར་སོགས་ཀྱི་འཇིག་རྟེན་གྱི་བྱ་བཞག་ཧ་ཅང་ཆེན་པོ་རྣམས་ཀྱང་མཚམས་འཇོག་བྱེད་པ་དང་། གཟའ་ཟླ་སོགས་ལས་ཀྱང་ཁ་བྲལ་ཏེ། ཆོས་ཀྱི་སློབ་སྦྱོང་དང་ཉམས་ལེན་ལ་དམིགས་ནས་ཡོང་མཁན་དེ་འདྲ་ཡོད་རེད། ་་་་་་་་་
་
་་་་་་་ དགོན་པ་གྲྭ་ཚང་ཡིད་དུ་འོང་བ་བཟོ་རན་འདུག ཆོས་འཇིག་རྟེན་གཉིས་ཆར་གྱི་སྟེང་ནས་མི་མང་གི་ཡིད་འཕྲོག་ཐུབ་པ་ཞིག་བཟོ་དགོས་ཀྱི་འདུག ་་་་་་་
་་་་་་་ དཔེར་ན་ཤིང་བཟོ། རྡོ་བཟོ། ལྷ་བཟོ། བཟོ་རིག་པའི་རིག་གནས་ཚང་མ་ཡོད་པ་བཟོ་ཐུབ་དགོས་ས་རེད། རིག་གནས་དེ་སྦྱོང་ན་ལས་ཀ་རག་ཐུབ་པའི་གྲས་དེ་ཡོད་དགོས་ས་རེད། ཕ་མ་ཚོས་ཀྱང་ཕྲུ་གུ་རྣམས་བཤད་གྲྭ་དང་གྲྭ་ཚང་དེ་ན་གཏང་ན་སློབ་སྦྱོང་ཡག་པོ་རག་གི་རེད་ལ། ལག་རྩལ་སྦྱོང་བརྡར་བྱེད་ས་མང་པོ་ཡོད་རེད་ལ་རྗེས་མ་ལས་ཀ་རག་གི་རེད་ཟེར་རྒྱུ་ཡོད་པ་ཞིག་བཟོ་དགོས་འདུག ་་་་
མཚམས་སྦྱོར་གནང་མཁན་དང་། བཀའ་འདྲི་ཞུ་མཁན། རིན་པོ་ཆེ་བཅས་ཚང་མ་ལ་སྙིང་ནས་དགའ་བསུ་བཀའ་དྲིན་ཆེ་ཞུ་བ་ལགས།