ཨེ་མ་ཧོ།
རྒྱལ་ཀུན་མཁྱེན་བརྩེ་ནུས་གསུམ་གཅིག་བསྡུས་ཀྱི་མངའ་བདག།
སྣང་སྲིད་རྣམ་དག་ཀུན་གཟིགས་བཀྲ་ཤིས་པའི་ལྷ་ཚོགས།།
མ་རིག་མུན་སེལ་འོད་གསལ་ཀུན་མཁྱེན་གྱི་བླ་མ།།
སྙིང་དབུས་དཀྱིལ་འཁོར་རྒྱན་དུ་འབྲལ་མེད་དུ་བཞུགས་མཛོད།།
དྲི་མེད་སེམས་ཀྱི་རྡོ་རྗེ་གཉུག་མ་ཡི་ཡེ་ཤེས།།
སྐྱེ་མེད་དོན་གྱི་སྙིང་པོའི་དབུ་མ་ཉིད་མཇལ་ཚེ།།
མཚུངས་མེད་སྐྱབས་གནས་དམ་པ་ཡིད་བཞིན་གྱི་ནོར་བུ།།
འབྲལ་མེད་དམ་ཚིག་འབྲེལ་བའི་སྐལ་བཟང་ང་སྐྱིད་པ།།
ཀུན་བཟང་གདོད་མའི་མགོན་པོ་དགོངས་བརྒྱུད་ཀྱི་བླ་མ།།
སྒྱུ་འཕྲུལ་གསང་བ་སྙིང་པོ་བརྡ་བརྒྱུད་ཀྱི་བླ་མ།།
པད་འབྱུང་སངས་རྒྱས་ཡེ་ཤེས་སྙན་བརྒྱུད་ཀྱི་བླ་མ།།
བརྒྱུད་གསུམ་རིག་འཛིན་བླ་མའི་གཅེས་ཕྲུག་ང་སྐྱིད་པ།།
འཇིག་རྟེན་འཁོར་བས་མ་གོས་འཁྲུལ་ཞིག་གི་མཁན་ཆེན།།
མྱང་འདས་རྒྱལ་ས་ཟིན་པའི་བྱང་སེམས་ཀྱི་བླ་མ།།
གསང་ཆེན་དེ་ཉིད་རྟོགས་པའི་རིག་འཛིན་གྱི་རྣལ་འབྱོར།།
གངས་སེང་གཡུ་རལ་མཛེས་པའི་སེང་ཆེན་ང་སྐྱིད།།
ཐ་སྙད་ཚིག་སྒྲོས་ངན་པའི་སྒྲོ་བཀུར་ལ་མ་འཇིགས།།
དྲ་འབི་ཆགས་སྡང་སྦོས་པའི་ཝ་སྐྱེས་ལ་མ་སྐྲག།
ངེས་གསང་བདེན་ཚིག་རྒྱལ་རྔ་ཕྱོགས་ཀུན་ཏུ་བསྒྲག་ཅིང་།།
དྲང་སྲོང་ལུང་རིགས་སྨྲ་བའི་རང་དབང་འདི་སྐྱིད་པ།།
ཆོས་དབྱིངས་སྤྲོས་བྲལ་ངོ་བོ་སྟོང་ཉིད་དུ་མཉམ་ཞིང་།།
ལྷུན་གྲུབ་འོད་གསལ་རང་བཞིན་འགག་མེད་པའི་ཡེ་ཤེས།།
རང་རིག་གདོད་ནས་ཐུགས་རྗེ་ཀུན་ཁྱབ་གྱི་རང་མདངས།།
ཟུང་འཇུག་གཉུག་མའི་བཞུགས་ཚུལ་གནས་ལུགས་འདི་སྐྱིད་པ།།
རྩོལ་བཅས་གཟུང་འཛིན་མཚན་མའི་གཏོད་ཕུར་དང་བྲལ་ཞིང་།།
ཉོན་མོངས་རྣམ་རྟོག་ཞི་བའི་རང་གཤིས་ཀྱི་ངོ་བོར།།
བདེ་སྟོང་རབ་འབྱམས་བཅོས་སླད་བྲལ་བ་ཡི་རང་བཞིན།།
རང་བྱུང་རིག་འཛིན་རྒྱལ་པོའི་ཐུགས་རྗེ་འདི་སྐྱིད་པ།།
རིག་སྟོང་རིག་པའི་ཡེ་ཤེས་ལྷག་གེ་རུ་མཐོང་བས།།
སྨྲ་བསམ་བརྗོད་པ་བྲལ་བའི་ཤེབ་རབ་ཕར་ཕྱིན།།
སོ་སོར་རིག་པའི་ངོ་བོར་ཐེ་ཚོམ་ཀུན་སེལ་ཕྱིར།།
མཁས་གྲུབ་རྒྱ་མཚོའི་གཤེགས་ཤུལ་མཇལ་བ་འདི་སྐྱིད་པ།།
ཞི་གནས་སྒོམ་པའི་རང་བྱུང་འོད་གསལ་དུ་འཆར་བཞིན།།
ལྷག་མཐོང་ལྟ་བ་རང་ཤར་བསལ་བཞག་དང་བྲལ་བས།།
ཟུང་འཇུག་ལྟ་སྒོམ་རང་གྲོལ་ཡེ་ཤེས་ཀྱི་རང་བབས།།
གདོད་ནས་འཕོ་འགྱུར་བྲལ་བའི་བདེ་བཤེགས་ཉིད་སྐྱིད་པ།།
རྗེས་ཐོབ་སྒྱུ་འཕྲུལ་སྣང་ཆའི་རྟེན་འབྱུང་གི་ངང་ཚུལ།།
མ་རྟོགས་འགྲོ་བར་བྱམས་བརྩེའི་བྱང་སེམས་ཀྱི་སྙིང་རྗེ།།
བཟོད་མེད་འགྲོ་ཁམས་དམིགས་པའི་ཀུན་རྫོབ་ཀྱི་སེམས་བསྐྱེད།།
དམིགས་མེད་དོན་དམ་བྱང་ཆུབ་ཟིན་པ་འདི་སྐྱིད་པ།།
མཚུངས་མེད་བླ་མ་དམ་པའི་མན་ངག་ལ་བསྟེན་ནས།།
སྐྱེ་མེད་སྟོང་ཉིད་རྟོགས་པའི་དཔའ་སྐད་དེ་བསྒྲགས་པས།།
བག་མེད་འཁོར་བ་འཁྱམ་པའི་འགྲོ་བ་ཡི་རིགས་དྲུག།
རྩོལ་མེད་རང་སངས་རྒྱས་པའི་སྨོན་ལམ་ཞིག་འདེབས་སོ།།
ཞེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་དཀར་ཕྱོགས་རྒྱལ་བ་གཉིས་པའམ་གསེར་ལྗོངས་ལི་མདོའི་ལྔ་རིག་ནང་བསྟན་སློབ་གླིང་གི་འཕྲིན་ཕྲན་ཚོགས་པའི་ཆོས་མཆེད་ཡོངས་ལ་གཟའ་ཉི་མའི་བཀའ་མོལ་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་རྒྱལ་ཁམས་པ་ཨེ་མ་ཧོས་གང་ཤར་གླུ་རུ་བླངས་པས་ཆོས་མཆེད་དམ་པ་དགྱེས་པའི་དཔྱིད་ཀྱི་དཔལ་ཡོན་ཏུ་འབུལ་བར་དགེའོ།། དགེའོ།། དགེའོ།།
རྨི་ལམ་དབང་ཕྱུག་ལ་བསྟོད་པ་རང་བཞིན་གཉུག་མའི་ཡེ་ཤེས།།
ན་མོ་མཉྫུ་ཤྲཱི་ཡེ།།
སྐུ་གསུམ་ལྷུན་གྲུབ་དཔལ་དགྱེས་རྡོ་རྗེ་འཆང༌།།
གསང་གསུམ་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་གྱིས།།
ཁམས་གསུམ་འདྲེན་པའི་མཁན་ཆེན་བླ་མ་ཡིས།།
དུས་གསུམ་ལུང་བསྟན་མཛད་ལ་བསྟོད་པར་བགྱི།།
རྒྱལ་བའི་དགོངས་པ་མ་ལུས་ཇི་བཞིན་གཟིགས།།
གསུང་རབ་གདམས་པ་མ་ལུས་འགྲོ་ལ་བསྟན།།
བྱམས་དང་སྙིང་རྗེའི་བདག་ཉིད་ཨེ་མ་ཧོ།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།
གངས་ཅན་སྐྱིད་པའི་ཉི་མ་ཁྱོད་ཀྱིས་བསུས།།
བསིལ་ལྗོངས་དུང་གི་ཟླ་བ་བཙོན་ལས་གྲོལ།།
ཕྲིན་ལས་མཐའ་ཡས་རྡོ་རྗེའི་སྐར་ཚོགས་བཀྲ།།
གངས་ལྗོངས་འོད་གསལ་སྙིང་པོའི་རྟག་ཁྱབ་ཤོག།
པདྨས་སོ།། །།