བསམ་གླིང་ཚེ་རིང་ལྷ་མོ།
ཤང་ཤང་དུ་རྒྱུགས་པའི་སྐྱིད་ཆུ་སྔོན་མོ་ལགས། ཉིན་དང་མཚན། ཟླ་བ་དང་ལོ་བར་མཚམས་མ་ཆད་པར་རྒྱུ་བ་ནི་སྐྱིད་ཆུ་ཁྱེད་རང་གི་གཤིས་བརྒྱུད་སྣུམ་པོ་དེ་ཡིན། སྔོན་སྲིད་པ་ཆགས་པ་ནས་བཟུང། ཁྱེད་ལ་དར་རྒུད་མེད་པར་ལོ་ངོ་ཁྲི་ཕྲག་མང་པོ་བཞུར་མྱོང་བ་རེད་ཨང་། སྐབས་དེ་དུས་ཁྱེད་ཉིད་ཁུ་སིམ་མེར་བཞུར་བ་ནི་ཁེར་རྐྱང་གི་གཏམ་རྒྱུད་ཅིག་ཁོ་ནའོ།
ཁྱེད་ཀྱི་གཡས་གཡོན་དུ་འགྱིང་ངེར་གནས་པའི་ལྷུན་སྟུག་དག་ནི། ཁྱེད་ཀྱི་སྐྱོ་རོགས་ཁོ་ན་དང་། ཨ་སྔོན་གྱི་ཉི་ཟླ་ཟུང་ནི་ཁྱེད་ཀྱི་གྲོགས་མོ་ཉག་ཅིག་རེད། ཡང་སྒོས་ལྷུན་སྟུག་དང་ཉི་ཟླས་ཁྱེད་ལ་དགའ་སྤྲོའི་གླུ་དབྱངས་ལེན་རོགས་མི་བྱེད་ལ། དེ་བས་ཁྱེད་ལ་སྤྲོ་བའི་བྲོ་གར་འཁྲབ་རོགས་ག་ལ་བྱེད་ཐུབ།
འོན་ཀྱང་བོད་གངས་ཅན་ལྗོངས་ལ་མིིའི་རིགས་རྒྱུད་བྱུང་བའི་ཐོག་མའི་ཐོག་མར་ཡང། སྡེར་ཆགས་དང་། འདབ་ཆགས། རྨིག་ཆགས་ལ་སོགས་པས་ཁྱེད་ལ་བརྩེ་ཞེན་ཟབ་མོ་བཅངས་མྱོང་ཡོད་ལ། ཁོང་ཚོའི་འཚོ་བའི་བདེ་སྐྱིད་ཀྱི་འབྱུང་རྩ་ཡང་ཁྱེད་ཉིད་ཡིན། ལྷག་པར་དུ་བོད་གངས་ཅན་གྱི་མེས་པོ་སྤྲེའུ་བྱང་སེམས་དང་། མེས་མོ་བྲག་སྲིན་མོའི་སྤྲེའུ་ཕྲུག་དག་ཀྱང་ཁྱེད་ཀྱི་བཞུར་རྒྱུན་ཁོ་ནས་བསྐྱངས་པ་མ་ཡིན་ནམ།
སྐྱིད་ཆུ་སྔོན་མོ་ལགས། བོད་གངས་ཅན་ལྗོངས་སུ་མི་ཡི་རིགས་རྒྱུད་ཐོག་མར་འཕེལ་བ་ནས་བཟུང་། ཁྱེད་ཀྱིས་བརྩེ་མདངས་ཟབ་མོས་ཁོང་ཚོ་བསྐྱངས་ཡོད་ལ། ཁོང་ཚོའི་འཇོན་ཐང་དང་། སྙིང་སྟོབས་ཡར་བརྩོན་བཅས་ལ་ཁྱེད་ཀྱིས་རེ་བ་ཆེན་པོས་གཟིགས་ཤིང་། ཁོང་ཚོའི་དགའ་སྐྱོའི་གླུ་གདངས་རེ་རེར་ཁྱེད་ཀྱིས་རམ་འདེགས་ག་ཚོད་དང་ག་ཚོད་ཅིག་གནང་མྱོང་ཡོད་ཨང་།
དེ་དང་ཆབས་ཅིག་ཏུ་ཁྱེད་ཀྱི་བཞུར་རྒྱུན་ས་ཕྱོགས་གང་དུ་སོང་ཡང་དེ་རུ་བཀྲ་ཤིས་པའི་ལོ་ཡག་ལྗང་པ་རབ་ཏུ་སྨིན་ལ། ལོ་རྒྱུས་ཀྱི་རྒྱལ་ཁའི་གཏམ་བཟང་གང་མང་ཞིག་ཁྱེད་ཀྱིས་ས་ཕྱོགས་གང་སར་ཤང་ཤང་གླུ་སྒྲ་དང་ལྷན་དུ་སྐྱེལ་རོགས་གནང་ཡོད། ད་དུང་ཁྱེད་ཀྱི་དྭངས་བསིལ་ཆབ་རྒྱུན་དང་ལྷན་དུ། བོད་གངས་ཅན་པའི་ཤེས་དཔལ་དར་ཞིང་རྒྱས་ལ། འཛམ་གླིང་གསུམ་གཉིས་དབང་དུ་བསྡུས་པའི་མཚན་སྙན་གྱི་གྲགས་པའང་འབར་མྱོང་།
སྐྱིད་ཆུ་སྔོན་མོ་ལགས། ཁྱེད་ནི་སྲིད་པ་རྒན་པོའི་ཆུ་ཀླུང་ཞིག་ཡིན་ཀྱང་ཁྱེད་ལ་དར་རྒུད་མ་གཏོགས། རྒས་ཉམས་ཀྱིས་ལུས་པོ་མི་སྒུར་ལ། འཁྱར་འཁྱོར་གྱི་གོམ་འགྲོས་མི་ལྡན། འོན་ཀྱང་བོད་གངས་ཅན་པའི་དར་རྒུད་ཀྱི་གཏམ་རྒྱུད་རིང་མོ་དང་ལྷན་དུ་ཁྱེད་ཉིད་ཀྱི་དགའ་སྐྱོ་འདྲེས་མའི་གླུ་དབྱངས་ལ་ཀྱག་ཀྱོག་གི་ཚིག་རིས་མི་འདྲ་བ་ག་ཚོད་ཅིག་ཐོན་ཡོད་ཨང།
སྐབས་ལ་ལར་ཁྱེད་ནི་བོད་བཙན་པོའི་ཆབ་སྲིད་ཀྱི་དབུ་འཕང་བཏེགས་པའི་བླ་ཆུ་ཞིག་རེད་ལ། དཔའ་བོ་དང་དཔའ་མོ་ཚོའི་རྒྱལ་ཁའི་གད་རྒྱངས་གླུ་རུ་ལེན་པའི་རོལ་དབྱངས་པ་ཞིག་དང་མཚུངས་པར། ཅི་འདྲའི་ཤང་ཤང་གི་གླུ་སྒྲ་སྙན་ཞིང། ཅི་འདྲའི་རྦ་རླབས་ཀྱི་ཟེགས་མ་མཐོ་བ། ཅི་འདྲའི་སྔོ་ཞིང་དྭངས་ལ་དྲི་མ་མེད་པའི་ཆབ་རྒྱུན་ཞིག་ཨང།
ད་དུང་སྐབས་ལ་ལར། ཁྱེད་ནི་མཛངས་བློན་དང་མཛངས་མའི་སྙིང་སྟོབས་ཀྱི་འགྲན་ཁ་བསྡུར་སའི་ལྷ་ཆུ་དཀར་པོ་ཞིག་རེད་ལ། དབྱར་གྱི་དཔལ་མོ་རྒྱས་པའི་དུས་སུ་བོད་འབངས་ཁྲི་འབུམ་མང་པོའི་དགའ་སྐྱིད་འཁྲུས་ལ་རོལ་ཡུལ་གྱི་བསྟི་གནས་ཞིག་རེད། དེའི་དུས་སུ་ཁྱེད་རང་ཅི་འདྲའི་སྤོབས་པ་མཐོ་བའི་བཞུར་རྒྱུན་ཞིག ཡིད་དུ་འོང་བའི་རླབས་ཕྲེང་རེ་རེའི་ནང་དུའང་བསྟོད་དབྱངས་དང་། དད་གུས། དམ་ཚིག ལ་རྒྱ། སྙིང་སྟོབས་ཀྱིས་ཁེངས་པ་ཞིག་མ་ཡིན་ནམ།
ད་དུང་བོད་གངས་ཅན་གྱི་དཔའ་བརྟུལ་ཚོའི་རྟ་དམག་ཁྲི་ཚོ་དུ་མའི་དཔུང་གི་ཁ་ལོ་སྒྱུར་བའི་ངར་སྒྲ་དང་། ལྷན་དུ་ཁྱེད་ཀྱི་རྔམས་བརྗིད་ཆེ་བའི་ཤག་སྒྲ་གཞི་གཅིག་ཏུ་སྦྲེལ་བའི་གད་རྒྱངས་གཉིས་པོ་ཡང་འཛམ་གླིང་དུ་གྲགས་མྱོང་ལ། སྐབས་དེ་དུས་ཁྱེད་ནི་དགའ་ཞིང་སྤྲོ་ལ་མཆོངས་ལྡིང་ཅི་གར་བྱེད་པ་ཞིག་དང། སྐབས་དེ་དུས་ཁྱེད་ཀྱིས་བླངས་པའི་གླུ་དབྱངས་ནི་ཅི་འདྲའི་སྙན་འཇེབ་ལྡན་པ་ཞིག་རེད། དེ་བས་ཀྱང་སྐབས་དེ་དུས་ཁྱེད་ཀྱི་གླུ་དབྱངས་སྒྲ་གདངས་མཐོ་ལ། རྒྱང་རིང་ནས་ཀྱང་སྤོབས་ཉམས་ལྡན་པའི་རྦ་རླབས་སྐྱ་ཆིལ་ཆིལ་བྱེད་པ་རིག་རྒྱུ་ཅི་འདྲའི་མང་པོ་ཞིག་རེད།
སྐབས་ལ་ལར་ཁྱེད་ནི་ནང་འཁྲུག་དང་ནང་དམེ་ཚོའི་ལག་བཙོག་བཀྲུ་བྱེད་ཀྱི་ཆུ་རྒྱུན་ཞིག་དང། ལྐོག་གསོད་པ་དང་ལག་དམར་བ་དག་གི་གསང་བའི་དུར་འཇུག་བྱེད་ས་ཞིག ཨ་ཁ། སྐྱིད་ཆུ་སྔོན་མོ་ལགས། ཁྱེད་ལ་ལེ་ཁག་ག་ལ་ཡོད། སྐབས་དེ་དུས་ཁྱེད་ཀྱི་གླུ་སྒྲའི་ནང་ཁྲེལ་དགོད་དང། སྡུག་ཡུས། སྨེང་གླུ་སོགས་ཚུད་ཡོད་ཀྱང། འཁྱུག་འགྲོས་ལས་མ་ཤེས་པའི་གསེར་མིག་ཉ་མོས་ཁྱེད་ཀྱི་སྐྱོ་ངག་ལ་ཡ་ལན་བྱེད་པའི་སྤོབས་པ་ཞིག་ག་ལ་ཡོད།
སྐབས་དེ་དུས་ཁྱེད་ཀྱི་སྙོམས་ཆུང་བའི་སྐད་སྒྲ་དེ་ངུ་ངག་ཅིག་ལས་མ་འདས་ཤིང། ཁྱེད་ཀྱི་དལ་འགྲོས་རིང་མོ་དེ་ཅི་འདྲའི་ལེ་ལོའི་སྣང་བ་དང། ཅི་འདྲའི་ཚར་རྒྱུ་མེད་པའི་གཏམ་རྒྱུད་ནག་པོ་ཅིག་རེད་སྙམ་པ་བྱུང་ཡོད་པ་གོར་མ་ཆག། ཁྱེད་ཀྱི་གླུ་སྒྲ་སྐྱོ་པོ་དེས་ཆུ་ལེན་བུ་མོའི་སེམས་ཁམས་ཡངས་མོ་བློང་བློང་པོར་བཏང་ཞིང་། གྲུ་ཤན་རྟ་མགོར་ཁ་ལོ་སྒྱུར་བའི་སྟག་ཤར་གཞོན་པའི་སྙིང་རྩ་དཀྲུགས་པར་བྱས།
སྐྱིད་ཆུ་སྔོན་མོ་ལགས། གང་ལྟར་ཁྱེད་ནི་ལོ་རྒྱུས་ཀྱི་དཔང་རྟགས་ངོ་མ་དེ་ཡིན་ལ། ཟུ་བོར་གནས་པའི་ཟུར་དཔང་བ་བློ་རིག་བཀྲ་བ་ཞིག ཁྱེད་ལའང་དགའ་སྐྱོ་ཆགས་སྡང་གི་ལོ་རྒྱུས་རིང་མོས། ཟུབ་ཏུ་མེད་པའི་རྨ་རྗེས་ཀྱིས་ཁེངས་ཡོད་ལ་འཇའ་མཚོན་འདྲ་བའི་རྨི་ལམ་རིང་མོ་འང་རྨིས་མྱོང་བ་རེད།
སྐབས་ལ་ལར་མཁའ་དབྱིངས་སུ་ཆུ་འཛིན་དགའ་མའི་མངལ་ལས་སྦྲུམ་པའི་མུ་ཏིག་གི་དོག་པོ་དུ་མས། ཁྱེད་ལ་སྐྱིད་པའི་གླུ་གར་འཁྲབ་རོགས་དང། ཁྱེད་ཀྱི་སྐད་ངག་ཡངས་མོའི་གླུ་སྐད་ལ་རམ་འདེགས་ལྷད་མེད་པ་དག་ཀྱང་བྱུང་ཡོད། སྐབས་ལ་ལར་ཨ་སྔོན་གྱི་ནམ་མཁར་ཐན་འཁྱེར་སྤྲིན་དཀར་བྱིའུ་རོ་ཙམ་ལས་མེད་ཅིང། ཡངས་པའི་ས་གཞི་ཆེན་པོ་ཐན་པས་བརྡུངས་ནས་ཁྱེད་ཀྱི་བཞུར་རྒྱུན་དག་ལྷུ་ལག་དབྲལ་ཅིང། ནམ་ཀུན་ཁྱེད་ཉིད་ཀྱིས་ལེན་རྒྱུར་སྤྲོ་བའི་གླུ་དབྱངས་ལའང་སྐད་ངག་བཅོམ་ཏེ་སྐད་མགོ་བཀྱག་བཀྱག་བྱེད་རྒྱུ་མ་བྱུང་བའང་ཡོད།
ད་དུང་ལོ་རྒྱུས་ཀྱི་གོད་ཆག་ཆེན་པོ་དེའི་ནང་། ཁྱེད་ཀྱིས་གཅེས་པར་བསྐྱངས་པའི་ཉ་ཆུང་གསེར་མིག་ག་ཚོད་དང་ག་ཚོད་ཅིག་ཆ་རྒྱུས་མེད་པ་དང་། དགའ་བསུ་མེད་པའི་མགྲོན་པོ་ལྟོགས་པ་དེ་ཚོས་གསོད་བཟུང་བྱས་དང་བྱེད་བཞིན་པ་རེད་ཨང་།
འོན་ཀྱང་དུས་རབས་ཀྱི་འགྱུར་འགྲོས་མང་པོས་ཁྱེད་ལ་ཅི་འདྲའི་དགའ་སྡུག་གི་འཚོར་བ་བྱིན་མྱོང་ན་ཡང་། ཁྱེད་ཀྱི་ཤང་ཤང་བཞུར་རྒྱུན་ལ་འགྱུར་བ་ཡེ་ནས་བྱུང་མྱོང་མེད། སྐྱིད་ཆུ་སྔོན་མོ་ལགས། ཁྱེད་རང་ཧ་ཅང་སྐུ་ཐང་མཉེལ་སོང་། འོན་ཀྱང་ཁྱེད་ཀྱི་རེ་བའི་བཞུར་རྒྱུན་ཡེ་ནས་མ་ཆད་རོགས།
ད་ལྟ་ནི་ཤ་ཁྲག་གཅིག་པའི་གངས་ཅན་པ་ཚོས་ཁྱེད་ཉིད་ཀྱི་ཡན་ལག་བརྒྱད་ལྡན་གྱི་ཆབ་རྒྱུན་དེ་དྲན་ཞིང་འདུག་ལ། ཁྱེད་ཀྱི་དྲིན་ཆེ་བའི་ལོ་རྒྱུས་དག་སྙིང་ཁོངས་སུ་ཉར་འདུག ད་དུང་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་དམ་ཚིག་རྡོག་རྩ་གཅིག་ཏུ་སྒྲིལ་བཞིན་ཡོད་པ་མ་ཟད། དྭངས་གཙང་གངས་ཅན་པའི་སེམས་པ་ཁྲི་ཕྲག་གིས་ཁྱེད་ཉིད་ཀྱི་པང་དུ་ལོག་རྒྱུ་སྒུག་འདུག ཁོང་ཚོ་རེ་རེའི་གངས་དཀར་སེམས་ཁམས་ཀྱི་ངོགས་སུ་ལ་རྒྱ་དང་སྙིང་སྟོབས། སྤོབས་སེམས་ཀྱིས་ཁེངས་བཞིན་འདུག་ལ། གཅིག་སྒྲིལ་དང་མདུན་སྐྱོད་ཀྱི་བསམ་པ་ཁོ་ནས་ཁྱེད་ཉིད་དྲན་བཞིན་འདུག
ལྷག་པར་དུ་ད་ཆ་ནི་གངས་ཅན་པ་དག་ལ་ལོ་རྒྱུས་ཆགས་འཇིག་གི་ཉམས་མྱོང་གསེར་གྱི་ལྷུན་པོ་ལྟར་ལྗིད་ཆེ་བ་ཞིག་ཉར་ཚགས་བྱས་ཡོད་པ་དང་། ཕྱི་ནང་གང་སའི་ཤེས་དཔལ་སྒོ་ཀུན་ནས་ཕྱུག་པོར་འགྱུར་བཞིན་ཡོད་པས། འཐེན་འཁྱེར་དང་། རྗེས་ལུས། ཀླད་རྙིང་མཁྲེགས་བཟུང་སོགས་མ་ལེགས་པའི་ཕྱོགས་ཐམས་ཅད་གཙང་འཕྱག་བྱས་ཟིན།
སྐྱིད་ཆུ་སྔོན་མོ་ལགས། ཁྱེད་ཀྱི་སྤྱན་ཆབ་དྲོན་མོ་ཕར་ཕྱིས་ཏེ་རེ་བའི་སྤྱན་མིག་གངས་ཅན་པ་རྣམས་ལ་གཟིགས་རོགས། འབྱུང་འགྱུར་གྱི་ལོ་ཟླའི་ནང་དུ་ཁྱེད་ཀྱི་སྐྱོ་ངག་ཡོད་ཚད་དགའ་སྐྱིད་ཀྱི་གླུ་རུ་འགྱུར་བའི་སྨོན་འདུན་ཞིག་བསྣམས་ནས་བཞུར་རོགས། ཤང་ཤང་ཞེས་གླུ་སྐད་སྙན་པོ་ཞིག་གྲག་གིན་བཞུར་རོགས།
འདི་སྐྱིད་ཆུའི་དཔར་རེད་དམ། ང་ཚོར་ཡང་ཕར་ཕྱོགས་ན་མཚོ་འགྲམ་ ༼Beach༽ ཞིག་ཡོད་པ་མཐོང་གི་འདུག
བསམ་གླིང་ཚེ་རིང་ལྷ་མོ་མཆོག
ཁྱེད་ཀྱི་སྐྱིད་ཆུ་ལ་བསྔགས་པ་དེ་བརྗིད་ཉམས་དང་ལྡན། སྤྱིར་བཏང་ཚིགས་བཅད་དང་ཚིག་ལྷུགས་གཉིས་ཀྱི་ནང་ན། ཚིག་ལྷུགས་ལ་རྩོམ་པ་དཀའ་བར་བཤད། ལྷ་ས་ན་འབབ་པའི་ཆུ་བོ་དེ་ལ་སྐྱིད་ཆུ་ཞེས་པ་ཐོས། ཁྱེད་ཀྱི་སྐྱིད་ཆུ་ལ་བསྔགས་པ་དེ། བོད་ཀྱི་ཆུ་བོ་སྤྱི་ལ་བསྔགས་བརྗོད་ཡིན་ནམ། ལྷ་ས་ན་འབབ་པའི་ཆུ་བོ་དེ་ཉིད་ཁོ་ན་ལ་ཡིན། དེས་ན། སྐྱིད་ཆུ་ཞེས་པའི་སྒྲ་བཤད་ཅིག་དང་། སྐྱིད་ཆུ་དེ་ཉིད་གངས་མགོ་གང་ལ་ཐུག་ཡོད་པ་དང་། མཇུག་གང་དུ་སྒྲིལ་བ་བཅས་ཤིག་གསལ་བར་འབྲི་ན་གངས་ཅན་པའི་བློ་གསལ་གཞོན་ནུ་རྣམས་ཡིད་མགུ་བའི་རྒྱུར་འགྱུར་ངེས།།
ཚིག་ལ་དཔྱད་པ། ཤང་ཤང་ཞེས་གླུ་སྐད་སྙན་པོ་ཞིག་གྲག་གིན་བཞུར་རོགས། ཞེས་པའི་གྲག་དེ། ལོ་གྲག་ཟེར་གསུམ་ཞེས་པ་མ་རངས་པ་སྟོན་བྱེད་ཀྱི་ཚིག་ཡིན་པས། འདི་ལ་ཚིག་གཞན་ཞིག་བཀོལ་སྤྱོད་ལ་འབད་པར་མཛོད།
རྟ་མཆོག་ནི་ཁ་འབབ་ཀྱི། རི་བོ་ཡི་རྩེ་མོ་ལ། གཤེན་རབ་ནི་སྟོན་པ་ཡི། མི་བོ་ཡི་ཞབས་རྗེས་ཡོད། ། སྐྱིད་ཆུ་ནི་སྔོན་མོ་ཡི། ཤང་ཤང་གི་རྒྱུག་ལམ་འདི། མི་བོ་ནི་གཤེན་རབ་ཀྱི། ཧྲག་ཧྲག་གི་ཕེབས་ལམ་ཡིན། ། ཀོང་ཡུལ་གྱི་བོན་རི་ལ། གཤེན་རབ་ཀྱི་རྣམ་ཐར་ཡོད། གངས་ཅན་གྱི་གཞོན་ནུ་ཚོ། བོན་རི་ལ་གཟིགས་པར་ཕེབས། ། ཚེ་རིང་ནི་ལྷ་མོ་ཡི། སྙན་ངག་འདི་སྙན་པ་ལ། ས་མཐའ་ཡི་བོན་པོ་ངས། སྔ་རབས་ཀྱི་བོད་ཡུལ་དྲན། །