(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
ས་དམར་གྲགས་པ།
ཡང་མོ་རླུང་གི་ལག་པས་ཁུར་བའི།།
ལོ་མ་སེར་པོ་མིག་ལ་མངོན་བྱུང་།།
ལྡུམ་རའི་ནང་གི་ཨ་གར་སྡོང་པོའི།།
སིལ་འབྲུ་སྨུག་པོ་སྨིན་ནས་ཡོད་དམ།།
ཆར་བས་འཕྲོག་པའི་ལོ་ཟླའི་ངལ་བ།།
རྨུ་ཐག་ཆད་དེ་ས་ལ་ལྷུང་ཐལ།།
ཡིག་ཚག་ནང་གི་རི་མོ་གསལ་བོ།།
ད་དུང་སེམས་ལ་ངེས་པོ་ཡིན་ནམ།།
དམག་རྟ་རྒྱུགས་པའི་རྐང་ལམ་ཕྲ་མོ།།
ས་རྡུལ་བར་ནས་གསལ་བོར་མ་མཐོང་།།
ལྷམ་མགོ་མེད་པའི་དེང་གི་བུ་ཆུང་།།
ཨ་མའི་རུམ་ན་གཉིད་ནས་ཡོད་དམ།།
སྒམ་ལ་བཅུག་པའི་ཚེར་མའི་མེ་ཏོག།
དུས་ཀྱི་དབང་གིས་ཕྱི་ལ་འབུས་བྱུང་།།
བ་སྤུའི་ནང་གི་ངུ་སྒྲ་སྐྱུར་མོ།།
ཚ་བའི་ནང་ནས་ཧུབ་གང་བཞེས་སམ།།
༢༠༡ལོའི་ཟླ༨པའི་ཚེས་༡༩ཉིན་དབུས་ལྷ་ལྡན་གྲོང་དུ་བྲིས།
སྲང་ལམ་ཉུལ་བའི་ཟིན་ཐོ།
མི་ཚོགས་བཞུར་བའི་ཆུ་སྒྲ་ཆེན་པོ།།
འཇིག་རྟེན་བདེ་བའི་ནང་ཚུལ་རེད་དམ།།
མི་ཡིས་བསྐྲུན་པའི་པོ་ཏ་ལ་རི།།
རྐང་པ་མངས་པོས་མནན་ནས་ཟད་ཐལ།།
བར་སྐོར་ལམ་གྱི་ཚོང་རྫས་སྣ་ཚོགས།།
དོམ་གྱིས་ཉོས་པའི་ལོ་རྒྱུས་ཡིན་ན།།
རྨི་ལམ་ནང་གི་འོད་ཀྱི་ཁང་པ།།
རྫུན་གྱིས་ཉོས་པའི་ལག་ཆ་ཡིན་ནོ།།
ནས་ཆང་ནང་གི་རྡོ་བའི་གྲོང་ཁྱེར།།
འཇིག་རྟེན་བདེ་བའི་མཆོག་གྱུར་ཨེ་རེད།།
འདང་བརྩེ་ཅན་གྱི་གྲོགས་པོ་མངས་པོ།།
ལྷ་ལྡན་གྲོང་ན་ཉལ་ས་མི་འདུག།
མེ་མདར་འགྲན་པའི་པར་མིག་སྣ་ཚོགས།།
ཁ་རོག་མདུན་རྒྱང་གང་ནས་བཙུགས་དུས།།
ལྕགས་དྲྭའི་ནང་གི་དོམ་ནག་སྨྱོན་པ།།
གྲོང་ཁྱེར་དབུས་ནས་ཡིད་ལ་འཁོར་བྱུང་།།
༢༠༡༡ལོའི་ཟླ༨པའི་ཚེས༡༩ཉིན་དབུས་ལྷ་ལྡ་གྲོང་དུ་བྲིས།
ས་དམར་གྲགས་པས་ལྷ་སའི་བཟང་བཙོན་ནས་བྲིས་པའི་སྙན་རྩོམ་འདི་གུས་པས་གུས་པས་ཨང་རིམ་དང་པོར་འཇོག