བསྟན་འཛིན་ལོ་ཉི་ཤུ་ཡིན་སྐབས་སློབ་གྲྭ་ཆེན་མོ་ཐོན། དེ་ནི་ཁོང་རང་གི་དམིགས་ཡུལ་ལ་གོམ་པ་སྤོས་པའི་ཉིན་དང་པོ་དེ་རེད། ཁོང་དགའ། ཁོའི་དམིགས་ཡུལ་ནི་འཇིག་རྟེན་ལ་མིག་དཔེ་ཞིག་འཇོག་རྒྱུ་དེ་རེད། དེ་ཡང་། ཁོའི་འཇིག་རྟེན་ན་སྐྱིད་ལབ་དང་སྐྱིད་བཤད་རྒྱག་མཁན་གྱིས་ཁེངས་ཡོད་པ་དེ་སྟོར་འདོད་པ་རེད། རྒྱུ་མཚན་ནི། ཁ་སང་དེ་རིང་། སྐྱིད་ལབ་དང་སྐྱིད་བཤད་བྱེད་མཁན་དེ་ཚོ་སྔར་གྱི་སྡོད་ས་ཟ་ཁང་དང་ཇ་ཁང་བཞག་ནས་ཡིག་ཐོག་ལ་ཐོན་ཡོད་པ་དང་། དེ་ཚོས་ཡིག་ཐོག་གི་དྲ་རྒྱ་དང་ཟིན་བྲིས་དག་ན་སྐྱིད་འབྲི་དང་སྐྱིད་རྩོམ་སྤེལ་བཞིན་ཡོད། སྐྱིད་རྩོམ་དང་སྐྱིད་འབྲི་དེ་ཚོ་མཚམས་རེར་སྙན་ངག་དང་། མཚམས་རེར་འབེལ་གཏམ། མཚམས་རེར་དམོད་རྩོམ་དང་མཚམས་རེར་སྣང་བ་གང་དྲན་དག་གི་ངོ་བོར་གནས་ཡོད། སྐྱིད་རྩོམ་དེ་དག་ལ་དངོས་ཡོད་ཀྱི་སྐད་ཆ་མི་དགོས། ཚོར་བའི་སྐད་ཆ་དགོས། གནས་ཚུལ་རློན་པ་མི་དགོས། ལྟ་བ་སྐམ་པོ་དགོས། བདེན་པ་ཞིབ་ཏུ་བཙལ་བ་མི་དགོས། རྫུན་མ་ཐར་ར་ཐོ་རེ་དགོས།
དེས་ཀྱང་ག་ལ་ཚད་དེ། སྐྱིད་རྩོམ་དེ་ཚོས་ཐབ་ཚང་གི་མེ་ཤིང་མཐོང་ན་ངོ་ཚ། མིས་བཟོས་འཕྲུལ་སྐར་བཤད་ན་ཧ་ལས། སྐྱིད་རྩོམ་དེ་ཚོ་ལ་བོད་མི་མང་ནི་ནམ་ཡིན་ཡང་དགྲ་ཡིན། སྐྱིད་རྩོམ་དེ་ཚོ་ལ་བོད་ཀྱི་མ་འོངས་པ་ནི་ནམ་ཡིན་ཡང་ཚོར་བ་ཡིན། སྐྱིད་རྩོམ་དེ་ཚོས་བོད་མི་ལ་འཛམ་གླིང་གི་གྲགས་ཆེ་བས་ལྟ་བ་དག་གིས་འགྲེལ་བརྗོད་བྱེད། འོན་ཀྱང་སྐྱིད་རྩོམ་དེ་ཚོས་ “མི་རིགས་ཀྱི་སྣེ་འཁྲིད་པའི་ཤེས་ཡོན་ཅན་”ཞེས་ངར་སྐད་འདོན། ཡིན་ཡང་། སྐྱིད་རྩོམ་དེ་ཚོ་མི་རིགས་ཀྱི་དགོས་མཁོར་ཐུག་སྐབས་ལྐུགས་པ་ལྐུགས་རྐྱང་དུ་གྱུར། བསྟན་འཛིན་གྱིས་བསམ་བློ་གཏོང་བཞིན་འདུག
ཇ་ཕོར་པ་གང་དེ་མདུན་ཅོག་གི་སྟེང་ནས་ཚ་བོ་ནས་གྲང་མོར་གྱུར། བསྟན་འཛིན་གྱིས་མིག་བཙུམས། ལག་གཉིས་ཀྱིས་ཐོད་པ་ལ་སྦྱར་ཏེ་ཁའི་བར་འཐེན། མ་རེད། “བོད་ཁམས་ཉུལ་བ་”ཞེས་པའི་དེབ་དེའི་རྩོམ་པ་པོ་ལྟར་གནས་ཚུལ་གྱི་ཆེད་དཀའ་སྡུག་རྒྱག་མཁན་ཞིག་བྱེད་ན་འདོད། “མནར་གཅོད་ཀྱི་གོ་རིམ་”ཞེས་པའི་བཙོན་ཁང་གི་མྱོང་བ་མིག་ལམ་དུ་ཤར་རྒྱུ་ཡོད་པ་ཞིག་འབྲི་བའི་རྩོམ་པ་པོ་ཞིག་བྱེད་ན་འདོད། བསམ་བློ་བཏང་། འདི་ཚོ་སྐྱིད་རྩོམ་མ་རེད། ཡང་མིན་ན། ཉེ་རབས་ཀྱི་མཁས་པ་དེ་ཚོ་ལྟར་དཔེ་གཟིགས་ཀྱིས་ཉིན་འཁྱོལ་མཚན་འཁྱོལ་བྱས་ཏེ་རྩོམ་ཡིག་ཅིག་བྲིས་ན་འདོད། དེ་ཚོ་ཡང་སྐྱིད་རྩོམ་མ་རེད། ཡང་མིན་ན། “དྲན་ཐོ་སྨིན་དྲུག་སྐེ་འཁྱོག་”ལྟ་བུ་ལོ་རྒྱུས་ལ་གསལ་ཁ་སྟེར་བ་ཞིག་དགོས་ཀྱི་འདུག དེ་ཡང་སྐྱིད་རྩོམ་མ་རེད། བསྟན་འཛིན་མགོ་འཐོམས་པར་གྱུར།
བསྟན་འཛིན་གྱི་དགྲ་དེ་ཚོ་སྟོབས་ཆེ། ཁ་ཤུགས་ཆེ། མཚམས་རེར་ངོ་སོ་དང་དབང་ཐང་ཡང་ཆེ། ཁུ་སིམ་མེར་བསྡད་ན་མ་གཏོགས། བསྟན་འཛིན་ལ་ཡང་སྐྱིད་རྩོམ་གྱི་དམོད་ཚིག་ཕོག་ཉེན་ཡོད། དེ་ལྟར་བསྟན་འཛིན་གྱི་མདུན་ལམ་ཐད་གོམ་པ་སྤོས་པའི་ལམ་ཕྲན་དེ་ནི། དགྲ་ཟུན་གཉིས་ཀྱི་བར་ན་འཐེན་འདུག གསལ་ལ་མི་གསལ་བ་ཞིག་འདུག ཁོང་གོམ་པ་འཁྱོར་ན་མི་འདོད། འོན་ཀྱང་སྐྱིད་རྩོམ་གྱི་དགྲ་རུ་ལངས་ན་འདོད།
ཁྱེད་ཀྱི་བསམ་ཚུལ་འདི་བདེན་པ་རེད། ངས་ཀྱང་སང་ཉིན་ནས་སྐྱིད་རྩོམ་འབྲི་གི་མིན། སྐྱིད་ལབ་རྒྱག་གི་མིན། དེབ་ྐློག་གི་ཡིན།
དེབ་ྐློག་ནས་དུས་ཚོད་སྐྱེལ་གི་ཡིན། སྐྱིད་ལབ་རྒྱག་ས་ལ་འགྲོ་གི་ཡང་མིན། དེབ་རེ་ྐློག་ནས་བསམ་བློ་གཏོང་གི་ཡིན།
བསམ་བློ་བཏང་། ཞིབ་འཇུག་ཆུང་ཆུང་རེ་བྱས། དེ་ནས་རྩོམ་ཐུང་རེ་འབྲི་ཨེ་ཐུབ་བལྟ་གི་ཡིན།