ཟླ་བ་ཆོས་གྲགས།
མི་ཡུལ་གྱི་གྲུ་ཁ་ཞིག་ནས། དགའ་སྡུག་གི་འཚོ་བ་མཉམ་དུ་རོལ། ལེགས་ཉེས་ཀྱི་བྱ་བ་མཉམ་དུ་སྒྲུབ། ཤེས་ཡོན་གྱི་ར་བ་ཞིག་ནས། བརྩོན་འགྲུས་ཀྱི་རྟ་ཕོ་མཉམ་དུ་ཞོན། རྣམ་དཔྱོད་ཀྱི་བང་ཁ་མཉམ་དུ་འགྲན།
འུ་ཚོ་ཚང་མ་ཕ་ཡུལ་ནས་ཁ་གྱེས་ཏེ་ཆེས་རྒྱང་རིང་ཞིག་ལ་བསླེབས་དུས། ཡོད་ཚད་ཀྱི་ཡོད་ཚད་ནི་གསར་བ་ཡིན་ལ། དང་ཐོག་འུ་གཉིས་ཀྱང་གསར་བ་ཡིན། ལོ་ཟླའི་འཁོར་ཐག་དང་རིམ་བཞིན་བརྒྱུད་ནས། དཀྱག་དཀྱོག་ལམ་འཕྲང་དུ་མ་ཞིག་བརྒལ་དུས། འུ་ཚོ་ཕ་མ་གཅིག་པའི་སྤུན་ཟླ་བཞིན་བརྩེ་སོང་། ཁྱིམ་ཚང་གཅིག་པའི་ནང་མི་བཞིན་འདྲིས་སོང་། ངོ་མ་བློས་ཐུབ་ཀྱི་གྲོགས་པོའམ་སེམས་ནང་གི་སྤུན་ཟླ་སོགས་ཁྱོད་ལ་ནི་མིང་ཅི་ཞིག་བོས་ཀྱང་ངས་ཆོག་གི་བསམ།
འུ་ཚོའི་ལེགས་པའི་བྱ་བ་ལ་མཉམ་དུ་འཛུམ་ཡོད་ལ། ཉེས་པའི་བྱ་བ་ལ་མཉམ་དུ་ཕམས་ཀྱང་ཡོད།
དེང་སང་འུ་ཚོ་གནས་སྡོད་ཀྱི་བར་ཐག་ཅུང་རིང་སོང་བས། སྔོན་མ་བཞིན་ཁང་ཆུང་གཅིག་གི་ནང་ལ་མཉམ་སྡོད་བྱས་ཏེ། ཐབ་ཚང་གཅིག་གི་ནང་ལ་འཚོ་བ་རོལ་རྒྱུའི་དུས་ཚོད་ཆེས་དབེན་ན་ཡང་། སེམས་ཁུང་གི་མཛའ་བརྩེ་ལ་ནམ་ཡང་འགྱུར་བ་མེད།
དེ་རིང་ཡང་ཁྱོད་ལ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་བྱུང་དུས། འུ་གཉིས་སེམས་ཁུང་གི་ན་ཟུག་མཉམ་དུ་མྱོང་དགོས། སྐྱོ་གདུང་གི་མིག་ཆུ་མཉམ་དུ་བཞུར་དགོས། འུ་གཉིས་དཀའ་སྡུག་གི་ཁུར་པོ་མཉམ་དུ་འཁུར་ཏེ་དཀར་ཕྱོགས་དགེ་བའི་བྱ་བ་ལ་ཤུགས་སྣོན་དགོས། སེམས་པ་གུ་ཡངས་དགོས། བསམ་བློ་རྒྱ་ཆེ་དགོས།
ཤ་ཉེ། སེམས་མ་སྐྱོ་བར་རྗེས་ཕྱོགས་སུ་ཕ་འདས་པོའི་རྗེས་སུ་མུ་མཐུད་ནས་དགེ་བ་བླ་ན་མེད་པ་སྒྲུབ་རྒྱུའི་དམ་བཅའ་འཇོག་དགོས་ལ། གསོན་པའི་སྐབས་སུ་ཁྱོད་ལ་རེ་བ་དང་ཡིད་ཆེས་ཡོད་པ་ནང་བཞིན་ཤེས་ཡོན་དང་བཟང་སྤྱོད་སོགས་གོང་འཕེལ་གཏོང་དགོས།