བོད། ལྷ་ཀླུ་གཉན་གསུམ་ནས།
ངས་རང་གི་ནོར་འཁྲུལ་བསམ་ནས་རང་ཉིད་བོད་མི་ཞིག་དུ་སྐྱེ་བ་དེར་འགྱོད་པ་ཆེན་པོ་བྱེད་ཀྱི་ཡོད། འགྱོད་པ་དེ་ནི་ཡོང་ས་གཙོ་བོ་རང་ཉིད་བོད་མི་ཞིག་གི་སྐྱེ་བ་ནས་བཟུང་དེ། རང་གིས་རང་ཉིད་བོད་མི་ཚད་ལྡན་ཞིག་བཟོ་མ་ཐུབ་པ་དེ་ཡིན།
ཐོག་མར་བོད་མི་ཚད་ལྡན་ཞིག་བཟོ་མ་ཐུབ་པའི་ནོར་འཁྲུལ་དང་བོ་དེ་ནི། རང་ཉིད་ནས་རང་གི་རིགས་རྒྱུད་འདི་གཞན་ལ་ཤོར་བའི་ནོར་འཁྲུལ་དེ་ཡིན་ལ། ནོར་འཁྲུལ་དེ་ལ་བརྟེན་ནས་རང་གི་བུ་རབས་རྗེས་མའི་བོད་སྐད་མི་ཤེས་ཤིང་། བོད་ཀྱི་རུས་ཞེན་ཡོད་ཙམ་ལས། བོད་མི་ཞིག་བྱེད་པའི་ཚད་ལྡན་གྱི་རུས་རྒྱུད་གཙང་མ་དེ་མེད་པར་བཏང་བ་དེ་ཡིན།
ནོར་འཁྲུལ་གཞན་ཞིག་ནི་རང་ཉིད་ཀྱིས་ཀ་ཁ་ཤེས་པ་ནས་ཀ་ཁའི་སྒྲིག་སྟངས་ཡག་པོ་ཞིག་མི་ཤེས་པའི་སྒང་ལ། ཀ་ཁའི་ཁྲོད་དུ་མི་ཚེ་གཏོང་བར་འཁྲུལ་སྣང་བྱེད་ཀྱི་ཡོད་པ་འདི་ཡིན། དེ་ནི་ཀ་ཁའི་ཁྲོད་དུ་མི་ཚེ་བསྐྱེལ་བའི་བོད་སྤྱི་ཚོགས་དང་བོད་ཀྱི་ཁོར་ཡུག་དང་ཁ་བྲལ་ནས་ཀ་ཁ་ཡོད་སའི་ཚགས་པར་དང་དུས་དེབ་སྣ་གཅིག་ཀྱང་མི་མཐོང་བའི་ཡུལ་གྲུ་ཞིག་དུ་འཚོ་བཞིན་པ་འདི་ཡིན།
ནོར་འཁྲུལ་ལས་ནོར་འཁྲུལ་འབྱུང་སའི་རང་ཉིད་ནི། བོད་མི་རིགས་ཀྱི་སྐད་ཡིག་གོམས་གཤིས་ལ་ཞིབ་བརྡར་བྱེད་པའི་ཁོར་ཡུག་མེད་ས་ནས། བོད་ཀྱི་སྐོར་ལ་སྐད་མགོ་མཐོ་བ་ནས་སྐད་མགོ་མཐོ་སྟངས་དེ་ལ་ཡང་གནས་ལུགས་དང་རྒྱུ་མཚན་ཆེན་པོ་ཞིག་མེད་པ་དེ་ཡིན།
ནོར་འཁྲུལ་གྱི་ལམ་དུ་ཞུགས་པ་ནས། རང་གིས་རང་གི་སྐད་ཡིག་ལ་རང་མགོ་ཐོན་པ་ནས་རང་གིས་གང་བསམ་པ་དག་བོད་ཀྱི་སྐད་ཡིག་ཐོག་ནས་བོད་ཀྱི་སྤུན་ཟླ་ཚོ་ལ་དུས་ཐོག་དུ་ངོ་སྤྲོད་དང་བགྲོ་གླེང་བྱེད་པ་ནས་ལག་ལེན་ལ་བསྟར་སའི་ཆ་རྐྱེན་མེད་པ་དེ་ཡིན།
ནོར་འཁྲུལ་ལ་ཕྱིར་དྲན་བྱེད་དུས་སུ་རང་གིས་རང་ལ་ཚུགས་པ་ཟ་བ་དང་། རང་གིས་འདེམས་པའི་ལམ་ཁ་འདི་ཡང་རང་ལག་དུ་མ་སོང་བར་ལམ་ཁ་འདིར་ཞུགས་ནས་ད་དུང་ཡང་། མི་འདོད་ཀྱང་ཨུ་ཚུགས་ཀྱིས་ཉིན་མཚན་བསྐྱེལ་ཐབས་བྱེད་ཀྱི་ཡོད་པ་དེ་ཡིན།
ནོར་འཁྲུལ་ལ་བློ་འགྱོད་སྐྱེ་དུས་སུ། རྗེས་ཕྱོགས་ནོར་འཁྲུལ་འདི་ལས་ལྡོག་འདོད་ཀྱི་ཀུན་སློང་ཡོད་པ་དེ་ཙམ་ལས་ལག་ལེན་དངོས་ཀྱི་ཐོག་ལ་འགྲོ་ཐབས་བྲལ་བའི་བོད་མི་ཞིག་གི་གཟུགས་རིས་ཙམ་ཞིག་ལ་འཐམ་ནས་རྒྱལ་ཁབ་གཞན་ཞིག་གི་འཚོ་བར་འཁོར་ནས་ཡོད་པ་འདི་ཡིན།
ནོར་འཁྲུལ་དག་མིག་ལམ་དུ་ཤར་ནས་འོང་དུས་སུ། ནོར་འཁྲུལ་ལས་རང་ཉིད་ནོར་འཁྲུལ་ལས་མ་ཐར་བར་ནོར་འཁྲུལ་ལ་མུ་མཐུད་དུ་གནས་པ་འདི་ཡིན། དོན་དངོས་སུ། ང་བོད་དུ་སྐྱེ་བའི་ནོར་འཁྲུལ་ཡིན་མི་སྲིད་ཀྱང་། ངས་བོད་མི་ཞིག་གི་འགན་ལེན་བྱེད་མ་ཐུབ་པའི་ནོར་འཁྲུལ་འདི་ནི་ང་རང་བོད་མི་ཞིག་གི་མིང་ཡོད་པས་ནོར་འཁྲུལ་ཡིན།
ནོར་འཁྲུལ་ཆེས་ཆེ་བའི་ནོར་འཁྲུལ་དེ་ནི། ཁ་ནས་གང་བསམ་པ་དེ་དག་ཁོག་དུ་སྤས་ཀྱིན་ཕྱི་རུ་འཕུད་མི་ཐུབ་པའི་སྤྱི་ཚོགས་ཤིག་དུ་འཚོ་ཡོད་པ་དེ་ཡིན་ལ། ཁ་ནས་འཕུད་ཐུབ་ཀྱང་། དོན་དག་དེ་ནི་ནོར་འཁྲུལ་ལས་ནོར་འཁྲུལ་དུ་ཆགས་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་ཆེ་བའི་ནོར་འཁྲུལ་འདི་ཡིན།
དྲ་གྲོགས་ལགས།
སྨན་ཤར་འཇོའུའི་མཛེས་མ་ཞིག་དང་མི་ཚེ་སྐྱེལ་ཀྱིན་ཡོད་དམ།
འཇོའུའི་བུད་མེད་དེ་ཚོ་ཀུན་སྤྱོད་ལེགས་པོ་དང་གཤིས་ཀ་བཟང་བོ་འདུག་བསམས།
བཟའ་ཚང་ལའང་བརྩེ་དུང་ཟབ་རབས་འདུག
མི་རྟག་པ་མང་ཙམ་སྒོམ། ཅུང་ཙམ་ཕན་ཡོང་། གཞན་ཡང་གློག་བརྙན་བཟོ་མཁན་བསྟན་འཛིན་བསོད་ནམས་ལྟ་བུ་ཆུང་མ་རྒྱ་གར་བ་ཡིན་ཀྱང་བོད་དོན་ལ་ཁོང་ཚང་གིས་ལེགས་སྐྱེས་ཆེན་པོ་ཕུལ་འདུག་ལ། ལྷག་པར་དུ་ཆུང་མ་རྒྱ་གར་བ་ཡིན་པའི་རྐྱེན་གྱིས་རྒྱ་གར་གྱི་མིང་ཐོག་ནས་བོད་དོན་གློག་བརྙན་དུས་སྟོན་དུ་བསྐྱལ་ཐུབ་པ་བྱུང་ཡོད་པས་མདོ་ཧྲིལ་གྱིས་བསྒྲིལ་ན། ཆེ་བ་རྣམ་མཁྱེན་ནས་ཆུང་བ་འཇིག་རྟེན་གྱི་བྱ་དངོས་ཙག་ཙིག་གང་ཞིག་བསྒྲུབ་དགོས་རུང་ཡོད་ཚད་རང་གི་སེམས་ལ་རག་ལས་པའི་རིག་པ་རང་རེ་ལ་ཡོད་པས་བློ་སྤོམས་མ་ཞུམ་པར་དེ་ཕྱོགས་ནས་ཉམས་མྱོང་ལེན། འདི་ཕྱོགས་ན་དགོངས་པ་བཞེས་ཐུབ་ན་མི་ཚེ་འབྲས་བུ་དང་ལྡན་ངེས།
ཨ་གྲོགས། ཁྱོད་དེ་མོ་འགྱོད་པ་སྐྱེ་རྒྱུ་ཡོད་ནོ་མ་རེད། གཅིག་བྱས་ན་རེ་དྭོགས་མང་དྲག་པས་ཡིན་རྒྱུ་རེད། ཆོག་ཤེས་དགོས་རྒྱུ་ནི་གལ་ཆེན་པོ་མ་རེད་དམ།་
མི་ལུས་དོན་ལྡན།
མི་ལུས་འཐོབ་པས་སྨྲ་ལྕེ་རྙེད། །
བོད་ལུས་འཐོབ་པས་དལ་འབྱོར་ཚང་། །
རང་ཉེས་མཐོང་བས་ཤེས་རྒྱ་རྒྱས། །
ཤེས་རྒྱ་རྒྱས་པས་རང་གཞན་ཕན། །
འབྲོང་ར་སྨུག་པོ་ལགས། སྐུ་ཉིད་ནས་སེམས་གསོ་གནང་བ་སྐུ་དྲིན་ཆེ་ལགས། བདེན་པ་རེད། རྗོའི་ཡི་མི་རིགས་འདིས་བུད་མེད་དེ་ཚོ་བརྩེ་དུང་ཆེན་པོ་ཡོད་ངེས་ཡིན་སྲིད་ཀྱང་། དེང་རབས་ཅན་དུ་འགྱུར་ཟིན་པའི་རྗོའི་བུད་མེད་དག་ནི་ནུབ་ཕྱོགས་ཀྱི་ལྟ་བར་གོམས་ཟིན་པ་ལས། བརྩེ་དུང་ཟབ་མོ་ཞིག་རེག་མིན་བཤད་ཁག་པོ་རེད། འོན་ཀྱང་། བདག་གི་དགའ་རོགས་མ་འདི་དངོས་ནས་ང་ལ་ཧ་ཅང་བཟང་གི དེ་ཡི་སྟབས་ཀྱི་ང་རང་ལ་དྲ་ཐོག་གི་རང་དབང་ཆེན་པོ་འདི་ཐོབ་ནས་སྤུན་ཟླ་དག་ལ་རང་གི་མྱོང་ཚོར་དག་གླེང་བཞིན་ཡོད་པ་རེད།
ལ་ལ་ལགས། མི་རྟག་པ་བསྒོམ་རྒྱུ་མང་དྲགས་པ་ཡིན་ན། ད་ནི་དངོས་ནས་གང་ཡང་བྱེད་འདོད་མེད་པའི་ཚད་ཅིག་ལ་ཡང་ལྷུང་ས་རེད། ཨ་ལ་ཀུ་རེ་ཡིན། དྲན་སྐུལ་དེ་འདྲ་གནང་བ་དགའ་ནི་ཡིན། སྐུ་ཉིད་ནས་གསུངས་མ་ཐག་པའི་སྐུ་ཞབས་བསྟན་འཛིན་བསོད་ནམ་ལགས་ཀྱི་སྐོར་ངས་ཀྱང་ཤེས་ཀྱི་ཡོད། རེད་དེ། ཁོང་གིས་ཕྱག་ལས་དེ་འདྲ་གནང་བ་དེར་དགའ་འོས་པ་ཞིག་ཡིན་ཡང་། ཁོང་གིས་བུ་རབས་ཚ་རྒྱུད་དག་གི་ཁོང་གི་རྗེས་སྐྱོང་བྱེད་ཐུབ་མིན་དེ་ལ་བསམ་བློ་ཞིག་གཏོང་དགོས་པ་མ་རེད་དམ་ལགས། ང་ལྟ་བུ་ཞིག་ཡིན་ན། རང་ཉིད་ལ་འཇོན་ཐང་མེད་པའི་སྒང་ལ་མི་རབས་ཚ་རྒྱུད་དེ་ཡང་བོད་སྐད་མི་ཤེས་ཤིང་། བོད་དོན་བྱེད་མི་ཐུབ་མཁན་ཞིག་དུ་གྱུར་མི་ཡོང་ངམ་སྙམ་ན། རང་གི་ནོར་འཁྲུལ་བྱས་པ་དེར་ཚུགས་པ་ཟ་བ་ཞིག་རེད།
རྡོ་རྗེ་ཧེ་རུ་ཀ་ལགས། མ་ཤི་བར་དུ་རེ་དོགས་ཀྱི་ནང་ནས་ཐར་ཁག་པོ་རེད། འོན་ཀྱང་། ང་རང་ལ་དངོས་ནས་དེ་འདྲའི་རེ་དོགས་ཆེན་པོ་ཞིག་མེད་ལ། ཆོག་ཤེས་བརྟེན་པ་མང་དྲགས་པ་མིན་འགྲོ ང་ལ་འདི་དགོས་བསམ་པ་ཞིག་ཞེ་དྲགས་མི་འདུག་ཀྱང་། རང་གི་ནོར་འཁྲུལ་དེ་ལ་བསམ་དུས། སྐྱེ་བ་ནོར་མེད་ཀྱང་། འཚོ་བ་འདེམས་པ་དེ་ནི་ནོར་བར་མཐོང་གི་འདུག་ལགས།
རྡོ་རྗེ་དྲིལ་བུ་པ་ལགས།
སྐུ་ཉིད་ནས་བསམ་ཚུལ་དང་གདེང་འཇོག་དེར་བཀའ་དྲིན་ཆེ་ལགས། མི་ཟེར་བ་དེ་ནི་དེ་ལྟར་འཚར་ལོངས་བྱུང་བཞིན་ཡོད་སྲིད་ཀྱང་། ང་རང་ལ་དེ་འདྲའི་ནུས་པ་གང་ཡང་མེད་པ་རེད། འོན་ཀྱང་། རང་གི་གང་ཐུབ་ཀྱིས་རང་གི་ནོར་འཁྲུལ་འགྱོད་གཤེགས་བྱེད་སའི་ལམ་ཕྲན་རེ་རེག་མིན་ཐད་དུ་བསམ་གཞིགས་བྱེད་ཀྱི་ཡིན།
བོད་ལྷན་ཀླུ་གཉན་གསུམ་ལགས་ནས་རང་གི་ནོར་འཁྲུལ་དག་གླེང་ཞོར་ལ། འཁོར་ཡུག་གིས་རྐྱེན་པའི་ནོར་འཁྲུལ་སོགས་ཐེར་འདོན་གནང་འདུག་པ་འདི་ལས། ང་དང་ང་འདྲ་བའི་སྤུན་ཟླ་དག་ལ་སློབ་གསོ་དང་ལམ་ཁ་ནོར་མི་ཉན་ཚུལ་གསལ་བོར་བསྟན་འདུག་སྙམ། ཐུགས་རྗེ་ཆེ།
ཁྱེད་རང་བོད་མི་ཚད་ལྡན་ཞིག་རེད་འདུག
རྩམ་དགའ་ལགས། བདག་ལ་ཐུགས་རྗེ་ཆེ་ཞུ་དགོས་ཀྱི་ཡོད་པ་མ་རེད་ལགས། འདི་ལས་སྐུ་ཉིད་ལ་བསམ་གཞིགས་བྱེད་ས་རེ་རེག་ཡོད་ན། དེ་ནི་སྐུ་ཉིད་ཀྱི་ཡོང་འབབ་དང་སྤུན་ཟླ་ཞིག་གི་ལེགས་སྐྱེས་སུ་བསམ་ན་འགྲིག་གི་རེད།
ཀརྨ་དགེ་ལེགས་ལགས། ངས་རང་ཉིད་བོད་མི་ཚད་ལྡན་ཞིག་ཆགས་མེད་པར་ངེས་འཛིན་དང་བློ་འགྱོད་བྱས་པའི་ཁྲོད་ཀྱི་རང་ཉིད་ཀྱི་ནག་ཉེས་དང་ནོར་འཁྲུལ་གླེང་ཁུལ་བྱས་ཀྱང་། སྐུ་ཉིད་ནས་ང་ལ་བོད་མི་ཚད་ལྡན་ཞེས་བོས་པ་དེ་ནི་དངོས་ནས་ངོ་གནོང་བ་ཞིག་རེད་ལགས།