བཅར་འདྲི་ཞུ་ཡུལ། སྡོམ་པ་ཚེ་རིང་དབང་མོ།
བཅར་འདྲི་ཞུ་མཁན། རིག་འབྱུང་དོན་གྲུབ་བཀྲ་ཤིས།
༡ ཕྱི་ཚེས་༡༤ཉིན་གྱི་ཞོགས་པར་སྐྱེ་རྒུ་མདོར་ས་ཡོམ་བྱུང་བའི་གནས་ཚུལ་དེ་གོ་བ་དང་ཁྱེད་ཀྱིས་ཕ་ཡུལ་དུ་འབྲེལ་བ་བྱེད་ཐུབ་སོང་ངམ།
ལན། གནས་ཚུལ་དེ་གསར་འགྱུར་ལས་མཐོང་བ་དང་ངས་མགྱོགས་པོར་ཕ་ཡུལ་དུ་ཁ་པར་བཏང་བ་ཡིན། ཨ་སྲི་ལགས་ཀྱི་ལག་འཁྱེར་ཁ་པར་དེ་སྒོ་བརྒྱབ་འདུག
སྤུན་མཆེད་གཞན་གསུམ་ལ་འབྲེལ་བ་བྱེད་ཐུབ་སོང་། ང་ཚོའི་ནང་མི་དང་སྤུན་མཆེད་ཚོའི་་ཁང་པ་བཤིག་འདུག་མ་གཏོགས་མི་སྲོག་ལ་སྐྱོན་བྱུང་མི་འདུག
ཁོང་ཚོར་སྐད་ཆ་དམིགས་བསལ་བཤད་རྒྱུ་མི་འདུག སེམས་པ་འཚུབ་བེ་འཚུབ་བེ་ཆགས་ནས་འདུག “ཚེ་རིང་དབང་མོ། ད་སྐྱེ་རྒུ་ཚར་སོང་། སྐྱེ་རྒུ་ཚང་མ་ཚར་སོང་། ” ཟེར་བ་མ་གཏོགས་སྐད་ཆ་མང་པོ་བཤད་གི་མི་འདུག
༢ ས་ཡོམ་བྱུང་བའི་ཉིན་དང་པོ་རང་ལ་རོགས་བྱེད་དུ་ཡོང་མཁན་གཙོ་བོ་སུ་རེད་ཟེར་གྱི་འདུག
ལན་། ངའི་ཨ་སྲི་ལགས་ཀྱིས་གསུངས་ན། ཐོག་མར་རོགས་བྱེད་དུ་ཡོང་མཁན་དགེ་འདུན་པ་ཚོ་རེད་ཟེར། དགེ་འདུན་པ་ཚོས་རོགས་པ་ཡག་པོ་བྱས་སོང་ཟེར། ལྷག་པར་དུ་།
འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་རོ་ས་འོག་ནས་ལེན་པ་དང་མེར་བསྲེགས་གཏོང་བ་སོགས་ཀྱི་ལས་ཀ་ཚང་མ་དགེ་འདུན་པ་ཚོས་བྱས་སོང་ཟེར།
རྒྱ་ནག་ནས་རོགས་སྐྱོར་དམག་མི་ཡང་མང་པོ་སླེབས་འདུག་ཟེར། དམག་མི་ཚོས་ཀྱང་ནད་གཡོགས་དང་ཆུ་ལེན་པ། ཁ་ལག་བཟོ་བ་སོགས་ལ་རོགས་རམ་གནང་གི་འདུག་ཟེར།
༣ གོ་ཐོས་ལ་ཐོག་མའི་ཆར་རོགས་བྱེད་དུ་ཡོང་མཁན་དགེ་འདུན་པ་ཚོ་གཞུང་གིས་ཕྱིར་སོ་སོའི་ས་གནས་ལ་བསློགས་འདུག་ཟེར། དེའི་སྐོར་ལ་སྐད་ཆ་འདྲི་རྒྱུ་བྱུང་སོང་ངམ།
ལན་། ངས་ཨ་སྲི་ལ་དྲིས་བ་ཡིན། ཨ་སྲི་ལགས་ནས་དམིགས་བསལ་བཤད་རྒྱུ་མི་འདུག ཨ་སྲིས། དགོན་པ་མང་པོ་ཞལ་འདེབས་རྒྱག་དུ་སླེབས་འདུག། རྩམ་པ་དང་མར། སྒོར་མོ་སོགས་ཞལ་འདེབས་མང་པོ་རྒྱག་གི་འདུག་ཟེར།
༤ ད་ལྟ་ཡུལ་མི་ཚོར་བཟའ་འཐུང་སོགས་ཡག་པོ་རག་གི་ཡོད་མེད་གོ་སོང་ངམ།
ལན། གཞུང་གིས་ཕུབ་པའི་གུར་གྱི་ནང་དུ་སྡོད་མཁན་ཚོར་ཁ་ལག་ཡག་པོ་རག་གི་འདུག་ཟེར། ཡིན་ན་ཡང་། གནམ་གཤིས་གྲང་རུ་ཕྱིན་ནས་ནངས་དགོང་ལ་མི་རྒན་འཁོགས་དང་བྱིས་བ་ཚོར་དཀའ་ངལ་འཕྲད་ཀྱི་འདུག་ཟེར། ངའི་སྤུན་མཆེད་ཚོ་གུར་གྱི་ནང་དུ་བསྡད་འདུག གུར་ཕུབ་ས་དེ་རྟ་རྒྱུགས་ཐང་ཟེར་བ་དེ་རེད་འདུག དབྱར་ཁ་རྟ་རྒྱུགས་ས་དེ་རེད།
ཁང་པ་བརྒྱ་ཆ་༨༠ཙམ་བཤིག་འདུག་ཟེར། ཡུལ་མི་ཉུང་ཤས་ཤིག་ད་དུང་ཡང་སོ་སོའི་ཁང་པའི་ནང་དུ་བསྡད་ཡོད་ས་རེད། གུར་གྱི་ནང་དུ་མ་བསྡད་པར་ཁང་པའི་ནང་དུ་འདུག་མཁན་ཚོར། དམིགས་བསལ་ཁ་ལག་སྐྱེལ་མཁན་མི་འདུག་ཟེར། ངའི་ཨ་སྲིས་ཁང་པ་གཅིག་དེ་སྲུང་ནས་བསྡད་ཡོད་ཟེར།
༥ གོ་ཐོས་ལྟར་ན། རོགས་སྐྱོར་བྱེད་དུ་ཡོང་མཁན་རྒྱ་མི་ཚོས་ཁྱི་རྐུན་མ་རྒྱག་གི་འདུག་ཟེར། སྐྱེ་རྒུ་མདོའི་་ཁྱི་དང་ཡུལ་མིའི་འབྲེལ་བ་ཇི་འདྲ་རེད།
ལན། སྐྱེ་རྒུ་མདོའི་་ཡུལ་མི་རྣམས་ཀྱི་འཚོ་བའི་རྟེན་ས་གཙོ་ཆེ་བ་གཉིས་ཡོད་པ་དེ། དབྱར་རྩ་དགུན་འབུ་དང་ཁྱི་འཚོང་གཉིས་རེད།
སྐྱེ་རྒུ་མདོའི་ཁྱི་དེ་རྒྱ་ནང་ལ་སྐད་གྲགས་ཡོད་པ་རེད་ལ་རིན་གོང་ཡང་ཧ་ཅང་ཆེན་པོ་རེད། ཁྱི་འཚོང་བརྒྱབ་ནས་ཕྱུག་པོ་ཆགས་བསྡད་མཁན་མང་པོ་ཡོད་རེད། ཡུལ་མི་ཚོས་ཁྱི་ལ་ཧ་ཅང་བརྩེ་བ་ཆེན་པོ་བྱེད་གི་རེད། ཁྱི་དེ་སོ་སོའི་ནང་མི་ནང་བཞིན་བརྩི་གི་རེད། ཁྱི་ལ་བདག་པོ་ཡང་ཡག་པོ་རྒྱག་གི་རེད། ཁྱི་འཚོང་རྒྱག་མཁན་གྱི་ནང་མི་དེ་ཚོར་ཉུང་མཐར་ཡང་ཁྱི་བཅུ་ཉི་ཤུ་དེ་འདྲ་ཡོད་རེད། ན་ནིང་ང་ཕ་ཡུལ་དུ་འགྲོ་དུས། ཁྱི་ལ་བལྟ་རུ་ཕྱིན་པ་ཡིན། ད་ཐེངས་ས་ཡོམ་གྱིས་ཁྱི་མང་པོ་བསད་ཚར་འདུག་ཟེར།
༦ ད་ལྟ་ཤུལ་དུ་ལྷག་ཡོད་པའི་བུ་ཕྲུག་ཚོར་སློབ་སྦྱོང་གི་མཐུན་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་མེད་གོ་སོང་ངམ།
ལན། ད་ལྟ་འཕྲལ་སེལ་ལྟ་བུར་གུར་གྱི་ནང་ལ་འཛིན་གྲ་ཚོགས་གི་འདུག་ཟེར། ཡིན་ན་ཡང་། བུ་ཕྲུག་མང་པོ་རྒྱ་ནང་གི་སློབ་གྲ་ཁག་ལ་གཏོང་འགོ་ཚུགས་འདུག་ཟེར།
ཕ་མ་ཁ་ཤས་ཀྱིས་དེ་ལ་མོས་མཐུན་བྱེད་ཀྱི་མི་འདུག་ཟེར། ཁ་ཤས་ཀྱིས་མོས་མཐུན་བྱེད་ཀྱི་འདུག་ཟེར།
༧ ད་ལྟ་གལ་ཆེ་ཤོས་དེ་རོགས་སྐྱོར་བྱེད་རྒྱུ་དེ་ཡིན་ཙང་། རོགས་སྐྱོར་བྱེད་སྟངས་ཀྱི་སྐོར་ལ་དགོངས་ཚུལ་ག་རེ་ཡོད།
ལན། རེད། ད་ལྟ་གལ་ཆེ་ཤོས་དེ་རོགས་སྐྱོར་བྱེད་རྒྱུ་དེ་རེད། ངས་ཀྱང་ཚོགས་པ་འདྲ་མིན་ལ་འབྲེལ་བ་བྱས་ནས་རོགས་སྐྱོར་སློང་བ་ཡིན། ཁོང་ཚོས་རོགས་སྐྱོར་ཡག་པོ་བྱེད་ཀྱི་འདུག ཡིན་ན་ཡང་། གལ་ཆེ་ཤོས་དེ། བོད་མི་ཚང་མས་མཉམ་རུབ་ཀྱི་སྒོ་ནས་རོགས་སྐྱོར་བྱེད་རྒྱུ་དེ་རེད། རོགས་སྐྱོར་གྱི་བརྒྱུད་ལམ་དེ་ཡང་གཅིག་བྱེད་ཐུབ་ན་ཡག་པོ་ཡོད་རེད། རོགས་སྐྱོར་བྱེད་པ་ལ་ཡིན་གཅིག་མིན་གཅིག་སོ་སོར་དངུལ་མང་པོ་མེད་ན་ཡང། གཞན་ལ་འབྲེལ་བ་བྱས་ནས་རོགས་སྐྱོར་སློང་རྒྱུ་གལ་ཆེན་པོ་རེད།
ད་དུང་། རོགས་སྐྱོར་དེ་ཡང་གནས་སྐབས་གཅིག་པོ་ལ་མ་ཡིན་པར་ཕུགས་རྒྱང་རིང་པོརལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། དཀའ་ངལ་མང་ཆེ་བ་དང་རོགས་སྐྱོར་དགོས་ས་མང་བ་དེ་དང་རྗེས་ན་ལྷག་ཡོད་རེད། རོགས་སྐྱོར་དེ་དག་མུ་མཐུད་ནས་བྱེད་ཐུབ་པ་ཞིག་ལ་བསམ་བློ་གཏོང་རྒྱུ་ཡང་གལ་ཆེན་པོ་རེད་།
༨ ཁྱེད་ཀྱིས་ཕ་ཡུལ་ནང་ཆེན་གྱི་ཡུལ་མིའི་འཚོ་བ་སྐྱེལ་སྟངས་སོགས་ཀྱི་སྐོར་ལ་དེབ་ཞིག་བྲིས་ཚར་ནས་དཔར་བསྐྲུན་ཁང་ལ་བཏང་ཚར་ཡོད་རེད། དེབ་དེའི་ནང་དུ་སྐྱེ་རྒུ་མདོའི་སྐོར་ལ་བྲིས་ཡོད་དམ།
ལན། ངའི་དེབ་ཀྱི་ནང་དུ་སྐྱེ་རྒུ་མདོའི་སྐོར་ལེའུ་བཞི་ལྔ་ཞིག་བྲིས་ཡོད། གཙོ་བོ་དོན་ཚན་གསུམ་གྱི་སྒང་ལ་རེད། སྐྱེ་རྒུ་མདོའི་རྒན་འཁོགས་རྣམས་ཀྱི་སྐོར་ཅུང་ཙམ་བྲིས་ཡོད།
ང་སྐྱེ་རྒུ་མདོར་འགྲོ་དུས། རྒན་འཁོགས་ཚོ་དང་མཉམ་དུ་དུས་ཚོད་མང་པོ་སྐྱེལ་བ་ཡིན། ཁོང་ཚོས་རྟག་པར་མཆོད་རྟེན་ལ་བསྐོར་བ་རྒྱག་གི་རེད། སེམས་ཕངས་བ་ཞིག་ལ། ཁ་སང་ས་ཡོམ་རྒྱག་དུས་མཆོད་རྟེན་བཤིག་ནས་སྐོར་བ་རྒྱག་མཁན་གྱི་རྒན་འཁོགས་ཚོ་གྲོངས་འདུག་ཟེར། ས་ཡོམ་དེ་ཞོགས་པར་རྒན་འཁོགས་ཚོས་མཆོད་རྟེན་ལ་སྐོར་བ་རྒྱག་བཞིན་པའི་དུས་ཚོད་དང་སྟབས་འཁེལ་འདུག དེ་ནས་སྐྱེ་རྒུ་མདོའི་ཁྱི་དེ་ཚོའི་སྐོར་ཅུང་ཙམ་བྲིས་ཡོད། གཙོ་བོ་ཁྱི་དང་ཡུལ་མིའིདབར་གྱི་འབྲེལ་བ་དང་ཡུལ་མི་ཚོས་ཁྱི་ལ་བདག་པོ་རྒྱག་སྟངས། ད་དུང་ཁྱིའི་འཚོང་གི་སྐོར་བཅས་ཡིན། གཞན་པ་གཅིག་དེ་སྐྱེ་རྒུ་མདོའི་ཡུལ་མིའི་སྐོར་ཡིན། དེ་དམིགས་བསལ་བ་ཞིག་ཡིན། ང་བོད་ལ་འགྲོ་དུས་ཁམས་ཀྱི་ས་ཆ་ཕལ་ཆེ་བར་ཕྱིན་པ་ཡིན།
ངའི་སེམས་ལ་ཁམས་པའི་མི་ངོ་མ་དེ་སྐྱེ་རྒུ་མདོ་ན་འདུག་བསམ་པའི་ཚོར་བ་དེ་ཆེན་པོ་སླེབས་སོང་། སྐྱེ་རྒུ་མདོའི་ཡུལ་མི་རྣམས་ཀྱིས་ཕྱུ་བ་གྱོན་སྟངས་དང་འགྲོ་སྟངས་འདུག་སྟངས། སྐད་ཆ་བཤད་སྟངས་སོགས་ཁམས་པའི་གཤིས་ཀ་དང་རིག་གཞུང་དེ་མ་ཉམས་པར་འདུག དེ་ཚོའི་སྐོར་ཡང་བྲིས་ཡོད་རེད།
བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ།
དོམ་པ་ཚེ་རིང་དབང་ལགས་ལ་བཅར་འདྲི་བྱས་པར་ཐུགས་རྗེ་ཆེ། ཡིན་ནའང་མོ་རང་གི་ཚོར་བའི་སྐོར་ནས་ཅི་ཡང་དྲིས་མི་འདུག གོང་གི་དྲི་བ་འདི་དག་ནི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ལས་རྒྱུན་དུ་མཐོང་བ་དང་ཐོས་པ་ཤ་སྟག་རེད།
གང་ལྟར་རིག་འབྱུང་བས་བཅར་འདྲི་བྱས་པར་ཐུགས་རྗེ་ཆེ།
བུ་མོ་དེས་གང་ཤེས་པ་དེ་བཤད་འདུག་དགའ་བསུ་ཡོད་
ད་དུང་ཁྱོད་ཚོ་ཡུལ་ཤུལ་བའི་ས་ཡོམ་ལས་འཕྲོས་པའི་དོན་དག་འདྲ་རག་ན་རིམ
༥ གོ་ཐོས་ལྟར་ན། རོགས་སྐྱོར་བྱེད་དུ་ཡོང་མཁན་རྒྱ་མི་ཚོས་ཁྱི་རྐུན་མ་རྒྱག་གི་འདུག་ཟེར། དར་རྩེའི་མདོའི་ཁྱི་དང་ཡུལ་མིའི་འབྲེལ་བ་ཇི་འདྲ་རེད།
ལན། དར་རྩེ་མདོའི་ཡུལ་མི་རྣམས་ཀྱི་འཚོ་བའི་རྟེན་ས་གཙོ་་་་་་་་་་་་་་་་་་་་
་་་་་་་་་་་་་་འདི་དར་རྩེ་འདོ་ཟེར་བ་ནོར་བ་མིན་གྲང་། སྐྱེ་དགུ་མདོ་ཡིན་རྒྱུ་རེད་བསམ་་་་་་་་གཞན་འབྲེལ་བ་མི་འདུག
རེད་ལགས་།་དར་རྩེ་མདོ་དང་སྐྱེ་དགུ་མདོ་གཉིས་ཀྱི་ཁྱད་པར་ནོར་འདུག་།
དེ་གཉིས་ས་ཆ་མི་གཅིག་པ་གཉིས་རེད་།དར་རྩེ་མདོ་ལ་ས་འགུལ་བྱུང་མི་འདུག་།
གནམ་གྱིས་སྲུང་རྒྱུ་ཁྱོད་གཉིས། བཀའ་དྲིན་ཆེ། ང་ནོར་འདུག ནོར་བ་དེ་བཅོས་ཡོད། དེ་ལ་བཟོད་པར་གསོལ། སླད་ཕྱིན་མི་བྱེད་དོ། མཚམས་མཚམས་ལ་ྐླད་པའི་ནང་ལ་གཅིག་དྲན། ལག་པའི་ནང་ནས་གཞན་ཞིག་ཤོར་འགྲོ་གི
གནམ་ལྕགས་ལ་ཞུ་རྒྱུར། བཅར་འདྲི་ཐུང་ཐུང་འདི་གླེང་མོལ་གྱི་ཞོར་ནས་དྲིས་བ་ཞིག་ཡིན། སྡོམ་པ་ཚེ་རིང་དབང་མོའི་ཚོར་བའི་ཐོག་ལ་དྲིས་མེད། བོད་པ་ཚོའི་ཚོར་བའི་སྐོར་ལ་དྲིས་ན་རྫོགས་རྒྱུ་ཡོད་ནི་མ་རེད།
ངས་ཀྱང་འདི་ཆི་ཟིག་རེད་ཀོ་བསམས་སོང་། ཡང་ངས་ང་ལ་ཀླད་རྡིབ་བྱུང་ཡོད་ས་རེད་དྲན་སོང་། དར་རྩེ་མདོ་དར་རྩེ་མདོ། འུམ། དར་རྩེ་མདོ་ན་ཡོད་པ་ཚོས་ཀྱང་སེམས་ཆུང་བྱོས། སེམས་ཆུང་བྱོས།
དོམ་པ་ཚེ་རིང་དབང་མོ་ལ་བཅར་འདྲི་བྱས་པ་ཡོངས་རྫོགས་བལྟས་ཟིན། ངས་ཁོང་གི་སྙན་ངག་འགའ་བཀླགས་མྱོང་ཡང་དེ་ཙམ་དོན་རྟོགས་ཀྱི་མི་འདུག ད་དུང་དབྱིན་ཡིག་ལ་སྦྱོང་བ་མི་དམན་པ་དགོས་ས་རེད།
གཞན་ཞིག་ཞུ་རྒྱུར་ཨ་སྲི་ཞེས་པ་ཨ་སྲུ་མིན་འགྲོ ཁམས་དང་མ་མདོ་བས་ཀློག་སྐབས་ཧ་མི་གོ་ཡང་དབུས་གཙང་བས་ཀློག་སྐབས་རྦད་དེ་ཁ་ཁ་རེད།
དམ་པ་ཚེ་རིང་དབང་མོ་ནི། ང་ཚོ་དེང་དུས་ཀྱི་བུ་འཁྱམས་རྣམས་དང་མི་འདྲ་བའི་བོད་ཀྱི་མཛངས་མ་དངོས་གནས་དེ་ཆགས་འདུག གང་ཐད་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།