སྤོབས་པ་མཐའ་ཡས།
གངས་རིའི་མུ་ཁྱུད་གཅིག་གི་ཕ་མཁར་གྱི་ནང་དུ༎
སྐྱིད་སྡུག་ལས་དབང་མཐུན་པའི་གདུང་དྲུག་གི་བུ་རྒྱུད༎
འཇིགས་རུང་འབྱུང་བ་འཁྲུགས་པའི་དགྲ་གཤེད་ཀྱིས་བཅོམ་ཚེ༎
མྱ་ངན་མཆི་མའི་རྒྱུན་ལ་འགོག་ཐབས་ཤིག་མི་འདུག །
ཁམས་སྟོད་སྐྱེ་རྒུའི་ལྗོངས་ན་བདེ་དགེ་ཡིས་འཚོ་བའི༎
ཁྲི་ཕྲག་གྲངས་ལས་བརྒལ་བའི་སྤུན་སྲིང་གི་ཚོགས་ལ༎
ས་ཆེན་གཡོས་པའི་ཆད་ལས་ཞིག་འབབ་དོན་ཞིག་མེད་པས༎
སྲིད་པ་ལས་གྱི་རྒྱ་མ་འཁྱོགས་པོ་རུ་གྱུར་ཏམ༎
བདེ་དགའི་དཔལ་གྱི་མཛེས་པའི་ཁ་སང་གི་སྐྱེ་རྒུ༎
དེ་རིང་ཉམས་མི་དགའ་བའི་དུར་ཁྲོད་དུ་བསྒྱུར་བའི༎
སྲིད་པ་གནམ་གྱི་རྒྱལ་མོའི་ཁྲོ་འཛུམ་གྱི་འགྱུར་ལྡོག །
འདུས་བྱས་མི་རྟག་སྟོན་པའི་སློབ་དཔོན་དུ་གྲུབ་འདུག །
ཤེས་རིག་འོད་ཀྱིས་ཁེངས་པའི་མདུན་ལམ་རེ་དམིགས་ནས༎
ད་ནང་སློབ་གྲྭར་འཛུལ་བའི་ན་གཞོན་གྱི་སློབ་ཚོགས༎
དོ་ནུབ་བེམ་རོའི་གྲལ་ཕྲེང་དུར་ཁྲོད་དུ་དྲངས་ན༎
ཀྱེ་མ་བསིལ་ལྡན་ལྗོངས་ཀྱི་ཕ་ཆུས་དེ་སུས་འཛིན༎
ངལ་བའི་རྔུལ་གྱི་ཐིག་ཕྲེང་ས་ངོས་སུ་ཐིམས་ཤིང་༎
དུབ་པའི་ལག་ངོས་རྣག་དང་ཆུ་སེར་གྱིས་ཟིན་བཞིན༎
ལོ་དང་ཟླ་བར་བརྩིགས་པའི་ལྷགས་སྐྱོབ་ཀྱིས་ཁང་ཁྱིམ༎
སྲོག་གི་གཤེད་མར་ཆས་པའི་མྱ་ངན་དེ་སུས་སེལ༎
བསིལ་ལྡན་བོད་ཀྱི་མངའ་རིས་ཇེ་ཆུང་དུ་གྱུར་ཅིང་༎
གདོང་དྲུག་སྤྲེལ་ཚའི་རིགས་རྒྱུད་ཇེ་ཉུང་འགྱུར་དུས༎
ཁྲི་སྟོང་སྲོག་གི་རྒྱུན་ཐག་དུས་གཅིག་དུ་འགག་ན༎
མཐོ་སྒང་ཕ་ཁྱིམ་འདི་ཡི་དེ་བདག་པོ་དེ་སུས་བྱེད༎
བསྟན་སྲིད་དབུ་འཕངས་ཀླ་ཀློའི་ལྡོག་འོག་དུ་ཚུད་ཅིང་༎
སྤུན་སྲིང་ཚེ་སྲོག་ས་གཞིའི་གཏིང་རུམ་དུ་ནོན་ཀྱང་༎
ཉམས་ཆུང་བོད་མིའི་སེམས་ཁམས་གདངས་གཅིག་ཏུ་སྦྲེལ་ནས༎
སྐྱོ་ཞིང་དུང་བའི་ཡིད་འདི་སྐྱེ་རྒུ་རུ་ཕྱོགས་ཡོད༎
སྐྱིད་དུས་རྒྱགས་དུས་རྩེ་ཞིང་རྩོད་པ་ཡིས་གཡེངས་ནས༎
ཕྱོགས་དང་རིས་སུ་བཅད་ནས་ང་ཁྱོད་ཅེས་གླེང་ཡང་༎
སྐྱོ་དང་སྡུག་པའི་ཉི་མ་ནག་པོ་འདིའི་འོག་ཏུ༎
སྤུན་སྲིང་དུང་བ་ཟབ་མོའི་རང་ངོ་ཞིག་འཕྲོད་བྱུང་༎
མཁའ་རྒྱ་རླབས་ཀྱིས་གཅོད་པའི་བྱ་རྒྱལ་འདི་བཞིན་དུ༎
ཀྱེ་མ་ང་ལ་འཕུར་བའི་གཤོག་པ་ཞིག་ཡོད་ན༎
ཁམས་སྟོད་སྐྱེ་རྒུའི་ལྗོངས་སུ་སྐད་ཅིག་གིས་བསྐྱོད་ནས༎
ཤུལ་ལུས་སྤུན་ཟླའི་མིག་ཆུ་འབྱིད་རོགས་ཤིག་ལོས་བྱེད༎
རི་ཆུ་སྟོང་གིས་ཆོད་པའི་ས་མཐའ་ན་ལུས་ནས༎
ཕན་པའི་སྲི་ཞུ་བསྒྲུབ་པའི་ནུས་པ་དེ་དམན་ཡང་༎
རང་ཡུལ་ཕུ་ནུའི་དཀའ་སྡུག་སྙིང་དབུས་སུ་འཁོར་ནས༎
གཉིད་ཀྱི་བདེ་དང་ཟས་ལ་བྲོ་བ་ཡང་མི་འདུག །
དབུལ་ཕྱུག་ཀུན་གྱིས་དངུལ་ཁུག་ཁ་ཆིངས་རེ་བཀྲོལ་རོགས༎
ཡོད་ན་ཁྲི་དང་འབུམ་གྱིས་བམ་ཁ་རེ་བརྩེགས་རོགས༎
མེད་ན་གཅིག་དང་གཉིས་ཀྱི་གྲངས་ཀ་རེ་བགྲང་རོགས༎
སྡུག་པའི་སྤུན་སྲིང་རྣམས་ལ་ཞལ་འདེབས་རེ་གནང་རོགས༎
གཤིན་པོའི་དབུགས་རྔ་གསོ་བའི་མཐུ་ནུས་ཤིག་མེད་མོད༎
གསོན་པོའི་སེམས་ཁ་གསོ་བའི་རོགས་རམ་རེ་ནུས་ན༎
འཛམ་གླིང་ས་ཡི་ཕྱོགས་མཐའ་གང་ཞིག་ན་གནས་ཀྱང་༎
ཐབས་བརྒྱ་ཇུས་སྟོང་འབད་པ་བརྒྱ་འགྱུར་དུ་བསྐྱེད་རོགས།
མཁའ་ཁྱབ་སྙིང་རྗེ་འབྱོངས་པའི་འཕགས་པ་ཚོ་བཞེངས་ཤིག །
མི་རིགས་ལ་རྒྱ་གླེང་བའི་དཔའ་བོ་ཚོས་དགོངས་ཤིག །
སྤྱི་ཚོགས་བདེ་སྡུག་མཁྱེན་པའི་དམ་པ་ཚོས་གཟིགས་ཤིག །
ས་རྡོའི་འོག་གིི་སྤུན་ཟླའི་ལག་པ་ནས་འཐེན་རོགས༎
སྲིད་པའི་འདམ་གྱིས་མ་གོས་པད་དཀར་གྱི་གདན་ལ༎
ཐབས་ཤེས་སྤྱན་ཟུང་མི་ཟུམ་གངས་ལྗོངས་ཀྱི་ལྷ་གཅིག །
བར་དོའི་འཕྲངས་རིང་འགྲིམས་པའི་མགོན་མེད་ཀྱི་སྤུན་ཟླ༎
བདེ་ཆེན་དག་པའི་ཞིང་དུ་དབུགས་དབྱུངས་ཤིག་མཛོད་ཅིག །
རི་བོ་རལ་ནས་མེ་ཡི་ཞུན་རླབས་རེ་བཞུར་ཡང་༎
རྒྱ་མཚོ་འཁྲུག་ནས་རྦ་འཁོར་མཁའ་དབྱིངས་སུ་འཕྱུར་ཀྱང་༎
ས་གཞི་གཡོས་ནས་གོ་ལར་སེར་ཀ་རེ་དོད་ཀྱང་༎
བོད་མིའི་མཛའ་མཐུན་སེམས་པ་ཇེ་བརྟན་དུ་གྱུར་ཅིག །
ཕ་མེས་སྤྲེལ་རྒན་བྲག་སྲིན་མི་འདྲའི་སྤྲེལ་དྲུག་དྲུག །
མིའུ་གདུང་དྲུག་རིགས་རུས་འདྲ་བ་ཕྱོགས་འཚམས་གྱེས། །
གཡུང་དྲུང་བོན་དང་ནང་ཆོས་བོད་སྐད་མ་བརླགས་པར། །
གཞིས་བྱེས་གཅིག་མཐུན་གཅིག་གིས་གཅིག་ལ་སྐྱོབས་རན་འདུག །
་
ཆོས་སྲིད་ཟུང་དུ་སྦྲེལ་ནས། །བོད་ཡུལ་རྒྱ་མིར་ཤོར་སོང་།
ཆོས་སྲིད་ཟུང་དུ་སྦེལ་ནས། །ཆོལ་གསུམ་དུམ་བུར་བཏང་སོང་།
ཆོས་སྲིད་ཟུང་དུ་སྦྲེལ་ནས། །ཆོས་ལུགས་ཁྲག་ལྟར་དཀྲུགས་སོང་།
ཆོས་སྲིད་ཟུང་དུ་སྦྲེལ་ནས་། །དམ་ཉམས་ལུང་པར་བཀང་སོང་།
ཆོས་སྲིད་ཟུང་དུ་སྦྲེལ་སྟངས་ནོར་ནས་རྒྱ་མི་བོད་ནང་ལམ་ནོར་ཐེབས།
ཆོས་སྲིད་ཟུང་དུ་སྦྲེལ་སྟངས་ཞེན་ནས་ཆོལ་གསུམ་དུམ་བུར་སོང་ལ་ཉེ།
ཆོས་སྲིད་ཟུང་དུ་སྦྲེལ་སྟངས་འཁྲུགས་ནས་ཆོས་བརྒྱུད་ཆོས་བླ་འགའི་དགོངས་པ་འཁྲུགས།
ཆོས་སྲིད་ཟུང་དུ་སྦྲེལ་སྟངས་ཉམས་ནས་དམ་ཉམས་ལུང་པའི་ཕུ་མདའ་དཀྲུགས།
བོད་ཀྱི་ཆོས་དང་སྐད་ཡིག་ཁོར་ཡུག་གསུམ། །
བོད་ལ་ཡོད་པའི་རིན་ཆེན་རྣམ་གསུམ་རེད། །
གསུམ་པོ་དེ་ལ་བདག་པོ་མ་ཐུབ་ན། །
བོད་མིའི་གཟི་བརྗིད་དེ་ནས་ཉམས་པར་འགྱུར། །
ཡག་པོ་འདུག་ཐུག་རྗེ་ཆེ