མ་ཡུམ་ས་རཱ་སློབ་གྲྭའི་འཁྲུངས་སྐར་ཉིན་བྲིས།
ཨ་འདུས་མི་ཆུ། ཁ་སང།
འདས་ཟིན་པའི་རླབས་ཆེན་གྱི་མེས་པོ་ཁྲི་ཕྲག་གིས་ངལ་བ་ཁྱད་དུ་བསད་ནས་མི་རིགས་ཤིག་ས་ཆེན་པོའི་ཡང་རྩེ་ན་རྒལ་ཚིགས་དྲང་པོར་གནས་ཕྱིར། དགའ་བའི་དགོད་སྒྲ་དང་སྐྱོ་བའི་མིག་ཆུ་མ་བཏོན་པར་རྔུལ་ཆུ་དང་རྔུལ་ཆུ་བསྐྱིལ་ནས་རིག་གཞུང་ཞིག་གི་འོད་སྣང་བཀྱེད་ཀྱང། ཁྱིམ་གཞི་ཞིག་གི་དྲོད་ཁོལ་བསྐྲུན་ནས་ཕྱི་རབས་པ་རྣམས་མགོ་བོ་སྒུར་མི་དགོས་ལ། གཞན་ལ་རེ་མི་དགོས་པའི་ཤུལ་རྟེན་རྩ་ཆེན་རེེ་བཞག་ནས་ཆེས་རྒྱང་ཐག་རིང་ས་རིང་ས་ཞིག་ན་ང་ཚོ་དང་ཁ་གྱེས་སོང་དུས། ཅི་ཡང་བཤད་ལ་གང་ཡང་བསྒྲུབ་མི་ཐུབ་པའི་ཕྱི་རབས་སྐུ་དྲག་དག་གི་སྒོ་ཁར་རྒྱ་དམར་པོའི་བོའུ(མེ་མདའ)་མཆུས་དྲག་རྡུང་བྱེད་དུས། མི་སྨྲའི་རྟུལ་ཞུགས་བཟུང་ཞིང་། རྐུབ་ནས་རྟུག་དྲིའང་ཤོར་ལ་ཁད་བྱེད་པའི་གླེན་པ་ཁྱུ་གཅིག་གིས་དགུང་ལོ་བཅུ་དྲུག་ལས་མ་སོན་པའི་ཁྱིའུ་ཆུང་ཆུང་ཞིག་ལ་ཚིག་གི་མེ་ཏོག་གིས་ཆར་དང་། སྔོན་བྱོན་དམ་པའི་མཛད་བཟང་གིས་གསེར་བྱས་ནས་ཐེད་པོ་ཧྲལ་ཧྲིལ་དུ་གྱུར་བའི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་ལུགས་འདི་བཙན་གྱིས་ཕུལ་བ་ནས་བཟུང་། མི་ལོ་མང་པོ་ཞིག་གི་རིང་ལ་ཁྱིའུ་འདི་ལ་རོགས་འདེགས་ཀྱི་ཀ་ཆེན་ལྟ་བུའི་བོད་པ་ཞིག་དཀོན་ནས་ཡོད་དུས། གྲྭ་བ་གྲྭ་རྐྱང་ཞིག་གིས་སྤྱན་མིག་ཟུང་བཙུམ་མ་ཐུབ་ཅིང་། ཐུགས་ཀྱིས་བཟོད་མ་ནུས་པར་མ་ཎིའི་ཕྱག་ཕྲེང་དབུ་ལ་སྐོན་ཞིང་། སྐུའི་ངུར་སྨྲིག་གི་གཟན་དེའང་རྐེད་ལ་བཅངས་ནས་ཡ་བྲལ་དུ་གྱུར་བའི་ལྷ་མོ་དོན་འགྲུབ་ཅེས་པའི་སྐྱེས་ཆེན་གང་དེར། བོད་མི་རིགས་འདི་ནམ་མཁའི་དབྱིངས་སུ་འདེགས་པའི་བྱ་ཆེན་གྱི་གཤོག་པ་ཡ་གཅིག་བྱས་ཤིང་། བོད་ཀྱི་རིག་གཞུང་གི་ཚེ་སྲོག་རྒྱུན་གནས་རྟག་བརྟན་ཡོང་བའི་འགྱུར་མེད་ཀ་ཆེན་དུ་ལངས་སོང་དུས། སྙིང་ལ་བདུད་ཀྱི་ཆོ་འཕྲུལ་གྱི་གདོན་ཞུགས་ཤིང་། ལག་ཏུ་མདའ་མདུང་གྲི་གསུམ་ཡ་ང་སྙིང་རྗེ་མེད་པར་ཁུར་ནས་འཇབ་ཡོང་བའི་ངུར་སྨྲིག་པ་འགའ་ཞིག་གིས་༸སྐྱབས་མགོན་༸རྒྱལ་བ་མཆོག་གིས་མི་རིགས་ཀྱི་ཚེ་སྲོག་སྐྱོབས་པའི་གཤོག་པ་ཡ་གཅིག་དུམ་སེ་བཅད་སོང་ལ། རིག་གཞུང་གི་སྙིང་བཅུད་སྲུང་ལ་ཀ་ཆེན་དུ་ལངས་པའི་སྐྱེས་ཆེན་ཞིག་ཁྲག་དང་རྣག་གི་ཁྲོད་འགྱེལ་དུ་བཅུག་སོང་ནའང། རྒན་དམ་པ་གང་ཉིད་མི་ཕལ་བ་ཞིག་དང་མི་འདྲ་བར་དཔའ་ངར་ཞུམ་མེད་ཀྱིས་འགྱེལ་སོང་ལ། གཞན་ཕན་ལྷག་བསམ་གྱིས་བཞུད་སོང་བའི་ཤུལ་ལམ་ན། ད་དུང་ནམ་དུ་ཡང་མི་ནུབ་རྟག་བརྟན་ཐེར་གཟུགས་སུ་གྱུར་བའི་དམ་པ་གང་ཉིད་ཀྱི་མཛད་བཟང་དག་མཁའ་དབྱིངས་ཀྱི་ཉི་མའི་འོད་སྣང་ཇི་བཞིན། མཚན་ལྗོངས་ཀྱི་ཟླ་བའི་ཟེར་ཕྲེང་དང་འདྲ་བར་ཉིན་མཚན་དུས་དྲུག་དུ་བོད་མའི་ལོ་རྒྱུས་ཀྱི་དེབ་ཐེར་ན་འོད་ལམ་ལམ། ང་ཚོའི་བོད་ཕྲུག་ཕུ་ནུ་མི་སྲིང་དག་གི་སྙིང་དམར་པོའི་དཀྱིལ་ཐིག་ན་དྲོད་ཤིག་ཤིག་གིས་འབར་བཞིན་པ་མ་ཡིན་ནམ། འདི་ལྟར་དམ་པ་གང་ཉིད་ཞིང་ཁམས་གཞན་གྱི་འགྲོ་བ་གྲངས་མེད་ཀྱི་བདེ་དོན་སླད་དུ་ཕེབས་སོང་ནའང་ང་ཚོ་ལ་ཁོང་གིས་བྱིན་གྱིས་རླབས་པའི་བོད་ཀྱི་མཐོ་སློབ་ཆེན་པོ་འདི་ཤུལ་རྟེན་དུ་བཞག་པ་འདིས་དུས་དང་ནམ་པ་ཀུན་དུ་བོད་ཀྱི་རིག་གཞུང་འདི་ཉམས་འགྲོ་ཨང་སྙམ་པའི་སེམས་ཁྲལ་དེ་ནི་ནམ་མཁའི་མེ་ཏོག་ཏུ་དུ་གྱུར་སོང་བ་མ་ཡིན་ནམ།
དེ་རིང།
མཐོ་སློབ་འདི་རྒྱ་གར་པའི་ཤིང་ནགས་སྟུག་པོ་ཞིག་གི་བར་གསེང་ན་ཁེར་རྐྱང་གིས་འཚོ་ཡོད་ཀྱང་། དམ་པ་གང་ཞིག་གི་རླབས་ཆེན་གྱི་ཐུགས་སྨོན་དྲག་པོ་ཞིག་དང་། ལྷག་བསམ་གྱི་སྣང་བ་དཀར་པོ་ཞིག་གིས་མཐོ་སློབ་འདིའི་སྙན་པ་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་དུ་བྱས་ཡོད་ལ། བོད་པ་སྟོང་ཕྲག་མང་པོའི་སྙིང་གི་ཚི་ལུ་རུ་གྱུར་ནས་ཡོད་པས། བོད་ཀྱི་སྐད་ཡིག་གིས་ལྟོ་མི་སོས་པར་འདོད་པ་དང་། བོད་ཀྱི་རིག་གཞུང་རྩ་བརླག་ཏུ་གཏོང་དགོས་པར་སྨྲ་བའི་ཀླད་མེད་ཅོལ་ཆུང་དག་ཀྱང་ད་སྐབས་མ་བོས་སྦྲང་མའི་ཚོགས་བཞིན་འུ་ཚང་གི་ཁྱིམ་གཞི་འདིར་འཕུར་ཞིང་ལྡིང་ནས་འོང་གི་ཡོད་ཡ། རྒན་ལགས། བློ་བཟང་རྒྱ་མཚོ། འདི་དག་ཀྱང་རྒན་གང་ཉིད་ཀྱི་ཐུགས་སྨོན་ཟབ་མོ་དེའི་བྱིན་མཐུ་ལ་རག་ལས་མ་ཟད། རྒན་གང་ཉིད་ཀྱི་དངོས་བཅར་སློབ་མ་དག་གི་དཀའ་སྤྱད་སྙིང་རུས་ཁོ་ནས་ལས་བྱུང་བ་ཅི་ལ་མིན། ང་དང་ང་འདྲ་བའི་དཔལ་འབྱོར་གྱི་མཁོས་ཀ་ཞན་ཞིང་། ཤེས་བྱ་རིག་གནས་ཀྱིས་བསམ་བློ་དབུལ་བ་གང་མང་ཞིག མ་ཡུམ་སློབ་གྲྭ་འདི་ནས་ཤེས་བྱ་རིག་གནས་ཀྱིས་གསོས་ཤིང་། འཚོ་བའི་མཐུན་སྦྱོར་གྱིས་ནར་སོན་དུ་འཇུག་བཞིན་ཡོད་པས། ང་ལྟ་བུ་དག་སྤྱི་ཚོགས་ཁྲོད་ནས་མགོ་སྒུར་སྒུར་དང་། གཉའ་ཞུམ་ཞུམ་གྱིས་འོང་ནའང། ད་སྐབས་སློབ་གྲྭ་འདིའི་རྒན་རྣམ་པའི་བཀའ་དྲིན་ཉག་གཅིག་གིས་རྒལ་ཚིགས་ཀྲོང་ངེར་བསླངས་ཤིང་། སུ་ལའང་མགོ་སྒུར་མི་དགོས་པའི་མྱི་ཞིག་གི་བཟོ་ལྟ་བཟོས་ཟིན་པས། ད་ནི་བོད་མི་རིགས་ཀྱི་རིག་གཞུང་ཇི་ལྟར་སྲུང་དགོས་པ་དང་། བོད་ཀྱི་ཚེ་སྲོག་གང་ལྟར་སྐྱོབ་དགོས་པའི་སྙིང་སྟོབས་ཀྱི་གོ་ཆ་གནང་ཞིང་། བསམ་གཞིག་གི་སྨྲ་ལྕེ་བསྩལ་བྱུང་ཡ། མ་ཡུམ་ལགས། ས་རཱ་མཐོ་སློབ། ཁྱེད་རང་དབུ་བརྙེས་པ་ནི། མི་རིགས་ཤིག་དང་དེ་མཚོན་པའི་རིག་གཞུང་དེ་སྲུང་ཕྱིར་དབུ་བརྙེས་པ་ཡིན་ལ། དུས་ནམ་དུ་ཡང་འདི་ནས་མཚར་ལོངས་བྱུང་བའི་མི་བུ་སུ་འདྲ་ཞིག་ཡིན་རུང་། མི་རིགས་དང་རྒྱལ་ཁབ། ཡང་ན་དེ་མཚོན་པའི་རིག་གཞུང་སྙིང་ལ་བཅངས་མཁན་ཞིག་ཅེས་ཀྱང་ཡིན་དགོས་ཨང་། རྒྱུ་མཚན་ནི། མི་ལ་མིའི་ཁྱད་ཆོས་ཡོད་དགོས་པ་ཇི་བཞིན་ས་རཱ་མཐོ་སློབ་ཀྱི་སློབ་མ་དག་ལ་ས་རཱ་སློབ་གྲྭའི་ཁྱད་ཆོས་དགོས་ལ། ས་རཱའི་སློབ་མ་དག་གི་ལུས་སྟེང་ན་རྒན་དམ་པའི་དགོངས་གཞི་རྣལ་མ་དེ་ཡོད་དགོས་པས་སོ། གང་ལྟར་ཁྱེད་རང་དབུ་བརྙེས་སྟངས་དེ། འདི་ལྟར་ཀྱག་ཀྱོག་ཆེ་ནའང་མཛད་རྗེས་ནི་བརྗོད་ཀྱིས་མི་ལངས་ན་ད་དུང་འདི་ལྟར་སྐུ་ཚེ་ཡུན་བརྟན་ཤོག། ས་ཆེན་གྱི་མཛེས་རྒྱན་དུ་གནས་པར་ཤོག རིག་གཞུང་གི་ཚེ་སྲོག་སྐྱོབ་པའི་སྐུ་སྲུང་བ་ཞིག་ནས་ནམ་ཡང་མི་འགྱུར་བར་ཤོག
ལྷོ་སྤྲིན་མཁའ་རུ་འཕུར་བའི་འཐུ་འོག་ན།།
ཤིང་ལོའི་གླུ་སྒྲ་སྙན་པའི་གཞི་ཁྱིམ་ན།།
བཅུ་ཕྲག་རིག་གནས་བཀྲ་བའི་ཕ་ཁྱིམ་སྟེ།།
ས་རཱ་ཤེས་བྱའི་སྐྱེད་ཚལ་འོད་དུ་འབར།།
ལྔ་རིག་འདབ་བཟང་ཆུ་སྐྱེས་པདྨ་ལ།།
རབ་ཏུ་སྨིན་པའི་སྲོལ་རྒྱུན་རིག་པའི་བཅུད།།
ཚིམ་མེད་མངོན་པར་རོོལ་བའི་སྦྲང་མའི་ཚོགས།།
མ་བོས་མགྲོན་པོ་ཇི་བཞིན་ངང་གིས་འདུ།།
ལྷག་བསམ་ཆུ་འཛིན་ཕུང་པོ་འདི་ན་འཕྱུར།།
ལེགས་བཤད་ཆར་གྱི་རྒྱུན་བཟང་འདི་ན་འབབ།།
ཤེས་དཔྱོད་བརྩོན་པའི་དྲོད་གཤེར་འདི་ན་འཛོམས།།
རིག་བཅུའི་མེ་ཏོག་མཛེས་པ་འདི་ན་བཞད།
སློབ་གྲྭའི་ལོ་འཁོར་དུས་ཆེན་དང་འབྲེལ་ནས་བོད་སྐད་ཡིག་དང་ལྷག་པར་དུ་ས་རྭ་སློབ་གྲྭའི་འདས་པོ་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་ཏོག་ཙམ་གླེང་བ་དགའ་བོ་བྱུང་། ཡིན་ནའང་། སྐད་ཆ་འདིའི་མཚམས་མཚམས་ན་ <> སོགས་མང་པོ་ཅིག་བཤད་ཀྱི་འདུག་པས་བདེ་བོ་རང་བྱུང་མ་སོང་། སྤྱིར་བཏང་བྱིན་མཐུ་ཟེར་ན་དཀའ་ལས་གང་མང་ཞིག་བརྒྱབས་པའི་འབྲས་བུ་ཞིག་ཏུ་གོ་ཆོག་ནའང་། ང་ཚོའི་བོད་མི་བྱིངས་ཀྱི་སེམས་ནང་ན་དཀའ་ལས་གང་ཡང་མ་བརྒྱབ་པར་བླ་མའི་ཕྱག་མཇལ་གནང་བ་དང་རྟེན་ཙག་ཙིག་རེ་གནང་བ་ལྟ་བུ་ཞིག་ལ་སེམས་ཀྱི་ཡོད་པས་སྐད་ཆ་ཡག་བཙོག་ཅི་ཞིག་བཤད་ཀྱང་ངོ་སྤྲོད་གསལ་བོ་རེ་སྐད་ཆ་འགྲིག་མོ་རེ་བཤད་ཐུབ་ན་ཡག་གི
དགོངས་དག གུག་རྟགས་ནང་གི་ཡི་གེ་སླེབས་མི་འདུག་པས་ཡང་བསྐྱར་བཀོད་པ་ཡིན། སློབ་གྲྭའི་ལོ་འཁོར་དུས་ཆེན་དང་འབྲེལ་ནས་བོད་སྐད་ཡིག་དང་ལྷག་པར་དུ་ས་རྭ་སློབ་གྲྭའི་འདས་པོ་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་ཏོག་ཙམ་གླེང་བ་དགའ་བོ་བྱུང་། ཡིན་ནའང་། སྐད་ཆ་འདིའི་མཚམས་མཚམས་ན་ <> སོགས་མང་པོ་ཅིག་བཤད་ཀྱི་འདུག་པས་བདེ་བོ་རང་བྱུང་མ་སོང་། སྤྱིར་བཏང་བྱིན་མཐུ་ཟེར་ན་དཀའ་ལས་གང་མང་ཞིག་བརྒྱབས་པའི་འབྲས་བུ་ཞིག་ཏུ་གོ་ཆོག་ནའང་། ང་ཚོའི་བོད་མི་བྱིངས་ཀྱི་སེམས་ནང་ན་དཀའ་ལས་གང་ཡང་མ་བརྒྱབ་པར་བླ་མའི་ཕྱག་མཇལ་གནང་བ་དང་རྟེན་ཙག་ཙིག་རེ་གནང་བ་ལྟ་བུ་ཞིག་ལ་སེམས་ཀྱི་ཡོད་པས་སྐད་ཆ་ཡག་བཙོག་ཅི་ཞིག་བཤད་ཀྱང་ངོ་སྤྲོད་གསལ་བོ་རེ་དང་སྐད་ཆ་འགྲིག་མོ་རེ་བཤད་ཐུབ་ན་ཡག་གི
དགེན་དམ་པ་བློ་བཟང་རྒྱ་མཚོ་མཆོག་༧གོང་ས་མཆོག་གི་ཐུགས་དགོངས་བསྒྲུབ་པར་ཁ་ཞེ་གཉིས་མེད་ཀྱིས་འབད་བརྩོན་གནང་མཁན་ཆེས་མཆོག་ཏུ་གྱུར་བ་ཞིག་ཡིན་པ་ཡོངས་གྲགས་རེད། ཁོང་དྲན་དགོས་དང་ཁོང་གི་ཐུགས་སྟོབས་གླེང་སྟེ་ང་ཚོར་ཁོང་ལྟ་བུའི་སྙིང་སྟོབས་སྐྱེ་བར་རེམས་དགོས་སོ།།
མ་ཡུལ་ས་རཱ་སློབ་གྲྭ་དབུ་འཕང་གནམ་དང་། མཚན་སྙན་ཕྱོགས་སུ་ལྡིར་བའི་སྨོན་པ་ཡོད།
ཁྱེད་ཚོ་ཚང་མས་བདག་གི་རྩོམ་ཡིག་འདིར་བསམ་ཚུལ་གསུངས་པར་ཤིན་ཏུ་ནས་དགའ་ཡོད། གང་བཤད་ཀྱང་ས་རཱ་སློབ་བོད་ཡིག་གི་མ་ཡུམ་དང་། བོད་ཡིག་སྲུང་སྐྱོབས་བྱེད་པའི་དམག་མི་ཞིག་ཏུ་བསམ་ནས་དགོངས་ཚུལ་རེ་གསུང་ཐུབ་ན་ཤིན་ཏུ་རྨད་དོ།
བཅུ་ཕྲག་རིག་པའི་གནས་ལ་དབང་འབྱོར་ཞིང་།།
རིས་མེད་འགྲོ་ལ་བརྩེ་བའི་སྤྱན་ཟུང་གིས།།
ཉམ་ངའི་ཐང་ལ་འཁྱམས་པའི་མི་རིགས་འདིའི།།
དོན་ཆེན་བླ་སྲོག་བསྐྲུན་པའི་མཛད་པ་རྨད།།