ཁ་སང་དེ་རིང་བོད་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་སྨྱུག་ཐོགས་པ་ཚོ་གླེང་གཞི་ཞིག་ལ་ཤི་འཐམ་རོ་འཐམ་ཀྱིས་བརྗོད་ཀྱིན་པ་དེ་ནི་བུད་མེད་ཀྱི་ཐོབ་ཐང་དང་བུད་མེད་ཀྱི་རིན་ཐང་སྐོར་རེད། གླེང་གཞི་འདི་ནི་ནུབ་ཕྱོགས་སྤྱི་ཚོགས་སུ་དུས་རབས་བཅུ་དགུ་དང་ཉི་ཤུ་བའི་སྐབས་ནས་རྫོགས་ཚིག་བཀོད་ཟིན་པའི་སྤྱི་ཚོགས་ཀྱི་འོས་ལངས་ཆེན་པོ་ཞིག་རེད་ཅིང་། དུས་རབས་ཉེར་གཅིག་པའི་ནང་ལ་བོད་ཀྱི་བུད་མེད་ཀྱི་འཚོ་བ་དང་ཐོབ་ཐང་གི་སྐོར་ལ་སེམས་འཁུར་དང་གླེང་སློང་བྱེད་པའང་ས་འོག་ནས་ཆུ་མིག་བརྡོལ་བ་བཞིན་སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེ་ནས་ཇེ་མང་ནས་ཇེ་མང་དུ་གྱུར་སོང་། སྤྱིར་བུད་མེད་ཀྱི་ཐོབ་ཐང་དང་འདྲ་མཉམ་གླེང་གཞི་གསར་བ་ཞིག་ཏུ་གྱུར་ཡོད་པའི་བོད་སྤྱི་ཚོགས་དང་ནུབ་ཕྱོགས་སྤྱི་ཚོགས་གཉིས་རྒྱ་ཁ་གཅིག་ལ་འཇོག་འདོད་པ་ནི་ཉིན་མོའི་རྨི་ལམ་ལྟ་བུ་ཞིག་ཆགས་ཡོད་ལ། འགྱུར་ལྡོག་གི་བར་ཁྱད་ཅིག་གིས་ང་ཚོས་ད་དུང་བུད་མེད་དང་འབྲེལ་བའི་སྐད་ཆ་མང་པོ་ཞིག་མི་འདོད་བཞིན་དུ་བཤད་དགོས་བ་དང་། ཕོ་མཆོག་མོ་དམན་གྱི་ལྟ་བ་སྐྱུག་བྲོ་བ་དེ་ད་དུང་ཡང་བུད་མེད་དང་འབྲེལ་བའི་གླེང་གཞི་ཞིག་ཏུ་གྲུབ་ཡོད།
དོན་དངོས་དང་མཐུན་པའི་སྐད་ཆ་ཞིག་བཤད་ན། ཁ་སང་དེ་རིང་བོད་ཀྱི་མ་ཡུམ་ཚོས་རང་གི་གཉུག་གཤིས་ཀྱི་ངོ་རྟགས་དང་འཚོ་བའི་རང་དབང་། ཐོབ་ཐང། གོ་བབ་སོགས་གླེང་བཞིན་དུ། ད་དུང་རང་ཉིད་རིན་གོང་དམའ་པའི་ཚོང་རྫས་སུ་བསྒྱུར་ཏེ་རང་དབང་གི་འཚོ་བ་དང་ཁ་ཐག་ཇེ་རིང་དུ་འགྲོ་བཞིན་པའི་ངང་ཚུལ་དེ་ནི། ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་ཟེར་བའི་གཏམ་བཙན་པོ་ཞིག་གི་རྒྱབ་ལྗོངས་ལྟ་བུའི་འཇིགས་ཉེན་ཅི་བས་ཆེ་བ་ཞིག་རེད་ལ། དེ་ནི་དུས་རབས་ཉེར་གཅིག་གི་བོད་པའི་སྤྱི་ཚོགས་ལ་བྱུང་མ་མྱོང་པའི་ཚོང་ལམ་གསར་བ་ཞིག་དང། བུད་མེད་ཀྱི་རང་དབང་ལ་ཡང་བསྐྱར་ཆགས་འཇིག་བྱུང་བའི་རྟགས་མཚན་ཞིག་ཅི་ལ་མིན། །
སྔ་མོའི་དུས་སུ་བོད་ཀྱི་བུད་མེད་ལ་སྐྲ་རིང་མ་དང་བློ་ཐུང་མ་ཞེས་བུད་མེད་ཀྱི་བསམ་བློ་ནི་ཧ་ཅང་གུ་དོག་པ་དང་ཁོག་རྒྱ་མེད་པའི་ལྟ་ཚུལ་རྙིང་པ་ཞིག་གིས་བོད་ཀྱི་བུད་མེད་ལ་བསམ་བློའི་གོ་ས་ཅི་ཡང་སྤྲད་མེད་པ་དང། ཡང་བུད་མེད་དང་བོང་བུས་སྐྱིད་མི་ཐེག བུད་མེད་ཀྱི་ཁ་ལ་མ་ཉན་སོགས་བུད་མེད་ལ་མཐོང་ཆུང་དང་ཟུར་ཟ་ཡིས་མི་གྲལ་ན་སྐད་ཆ་བཤད་པའི་དབང་ཆ་ཙམ་ཡང་མེད་པ་ཞིག་བཟོས་ཡོད། ད་དུང་བུད་མེད་ཀྱི་འདུག་ས་ཐབ་ཚང་ཡིན། བུད་མེད་ནི་གྱོན་གོས་དང་མཚུངས་ཟེར་བ་ལྟ་བུའི་སྐད་ཆ་རྣ་ལ་མི་རན་པ་དག་གིས་བུད་མེད་ལ་འཇོན་ཐང་དང་ནུས་བ་མེད་པ་ཞིག་དང་ཐབ་ཚང་ཞིག་གི་ཁོར་ཡུག་ལས་ཅི་ཡང་ལྷག་མེད་པ་ཞིག་ང་ཚོའི་མེས་པོ་དག་གི་སེམས་ཁམས་སུ་ཀོ་བ་སྣུམ་གྱིས་སིམ་པ་ལྟ་བུའི་བག་ཆགས་ཤིག་རྒྱུན་འཇགས་སུ་སོང་ཡོད་པ་རེད། མདོར་ན་བུད་མེད་ལ་བསམ་བློའི་རང་ཚུགས་མེད་པ། ཁ་ཕྱོགས་དང་རིན་ཐང་ཅི་ཡང་མེད་པའི་ལྟ་བ་རྙིང་བ་དེའི་དབང་གིས། མི་རབས་གྲངས་མེད་ལ་བུད་མེད་ཀྱིས་གཉའ་གནོན་འཁུར་ཞིང་། གཞན་དབང་གི་འཚོ་བ་སྡུག་པོའི་འོག་ནས་རང་དབང་ལྡན་པའི་འཚོ་བ་ངོ་མ་དེ་རྩ་རུལ་དུ་སོང་ངོ་།།
བུད་མེད་ལ་རང་དབང་མེད་པའི་རྐྱེན་འདི་དག་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་དང་ལེན་བྱེད་མ་འདོད་པར་བོད་རང་གི་དམངས་ཁྲོད་ནས་རོགས་འཐེན་<<རྒན་གྱའི་སྐར་མ་དང་དོན་འགྲུབ་རྒྱལ་ལོ་>>སོགས་ཟེར་བའི་བརྩེ་དུང་གི་རང་དབང་རྩོད་ལེན་བྱེད་འདོད་པའི་བསམ་ཚུལ་ཞིག་གང་སར་ཁྱབ་པ་དང་། དེས་རྩྭ་ཐང་གི་བུད་མེད་མང་པོ་ཞིག་གི་སེམས་སུ་རང་དབང་གི་ས་བོན་ཐོག་མ་བཏབས་ཡོད་སྲིད། དེ་ནས་ སྨྱུག་ཐོགས་པའི་ཕྱོགས་ནས་བུད་མེད་ཀྱི་འཚོ་བ་དང་རང་དབང་གི་སྐོར་ལ་བརྩམས་སྒྲུང་<<ཤ་དང་རུས་པའི་བརྩེ་དུང།>>དང་<<ལོ་མའི་ཟིན་ཐོ།>> <<འབྲོང་སྟག་ཐང་>>སོགས་མང་པོ་ཞིག་བྲིས་ཏེ། བུད་མེད་ཀྱི་གནས་འགྲོ་ལ་རང་དབང་མེད་པར་ཕ་མས་བཙན་གྱིས་རྫོང་བ། སྤྱི་ཚོགས་རང་གི་ངོས་ནས་བུད་མེད་ལ་རིན་ཐང་གང་ཡང་སྤྲད་མེད་པ། རྒྱུ་ནོར་ནི་བུད་མེད་ལས་རིན་ཐང་ལྷག་པ་སོགས་དངོས་ཡོད་ཀྱི་གནས་སྟངས་ཞིབ་འབྲི་བྱས་ཏེ་རྩྭ་ཐང་དང་ཞིང་གྲོང་གི་བུད་མེད་ཚོའི་འཚོ་བ་དངོས་སུ་བརྗོད་ཡོད། གནས་སྟངས་དེ་མྱུར་སེལ་བྱེད་ཆེད་བོད་རང་གི་དཔྱད་བརྗོད་པ་གྲངས་མང་ཞིག་གིས་བུད་མེད་ཀྱི་གནས་སྟངས་ལ་སེམས་འཁུར་འོག་བགྲོ་གླེང་དང་རྩོམ་ཡིག་གང་མང་བྲིས་ཡོད། ༢༠༠༩ལོའི་<<ན་གཞོན་གསར་བ་>>ཞེས་པའི་དེབ་ནང་<<བུད་མེད་དང་ཁེ་དབང་>>ཅེས་པའི་ལེ་ཚན་ཞིག་བཀོད་འདུག དེའི་ནང་ན་བུད་མེད་ཚོ་སྔར་གྱི་གནས་སྟངས་དང་བག་ཆགས་རྙིང་བ་ལས་ཐར་ཏེ་རང་དབང་གི་འཚོ་བ་གསར་བ་ཞིག་རོལ་དགོས་བའི་དགོས་དམིགས་གླེང་ཡོད། དེ་དག་གི་ཁྲོད་ནས་ཁ་དོན་ཚིག་ལ་གནས་པའི་སྨྱུག་ཐོགས་པ་ཞིག་ཡོད་པ་ནི་བུད་མེད་རྩོམ་པ་པོ་ར་རྫ་འཇམ་དབྱངས་སྐྱིད་རེད། ཁོ་མོ་ནི་དུས་རབས་འདིའི་བོད་ཀྱི་བུད་མེད་ལ་ཤ་གསེང་རུས་གསེང་ནས་སེམས་འཁུར་དང་བུད་མེད་ཀྱི་སྐྱིད་སྡུག་འཚོ་བ་རང་གི་ནུས་པ་ལ་རག་ལས་ཡོད་པ་དང་ལེན་བྱེད་མཁན་གྱི་མ་ཡུམ་ཚོས་མིག་དཔེར་ལྟ་ས་ཞིག་ཆགས་ཡོད། ཁོ་མོས་བོད་ཕྱི་ནང་གི་བུད་མེད་མང་པོ་ཞིག་གི་ཕོ་མཆོག་མོ་དམན་གྱི་ལྟ་བ་དེ་རྨང་ནས་དོར་ཏེ་འདྲ་མཉམ་དང་རང་དབང་གི་སྒོ་གླེགས་གསར་བ་ཞིག་ཡུན་གྱིས་འབྱེད་ཀྱིན་འདུག མ་ཟད་མོས་བུད་མེད་དང་འབྲེལ་བའི་བསམ་ཚུལ་མང་པོ་ཞིག་སྤྱི་ཚོགས་དངོས་ལ་བརྟག་ནས་གླེང་སློང་མང་པོ་ཞིག་བྱས་ཡོད་ལ། ཁོ་མོའི་སྒེར་དེབ་<<ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར་>>དང་<<སྐྱེས་མའི་གནས་སྟངས་ཟུར་བལྟས་ལེབ་མཐོང>>གཉིས་ཀྱི་ནང་དུ་བོད་ཀྱི་བུད་མེད་ཚོའི་གནས་སྟངས་དང་བསམ་བློའི་གོ་ས་སོགས་གཙོ་འདོན་བྱས་ཏེ་དགག་སྒྲུབ་བྱས་ཡོད་ལ་དངོས་ཡོད་ཐེར་འདོན་ཡང་གནང་ཡོད། དེའི་ཁྲོད་ཀྱི་<<འཛམ་བུ་གླིང་ཧང་སང་བར་བཏང་བའི་ཨ་རབ་ཀྱི་བུད་མེད་ཅིག་>>ཞེས་པའི་བསྒྱུར་རྩོམ་དེས་མི་རིགས་གཞན་གྱི་བུད་མེད་ཚོས་བུད་མེད་ཀྱི་ཁེ་དབང་ཇི་ལྟར་རྩོད་ལེན་བྱས་ཡོད་པ་དང་། རང་གི་ནུས་བས་སྤྱི་ཚོགས་ལ་ཤུགས་རྐྱེན་གང་ཞིག་ཐེབས་ཡོད་མེད་སོགས་མི་རིགས་གཞན་གྱི་བུད་མེད་ཚོའི་སྙིང་སྟོབས་དང་འཇོན་ཐང་། བོད་སྤྱི་ཚོགས་སུ་མིག་དཔེར་བསྟན་ནས་བོད་ཀྱི་བུད་མེད་ལ་མིག་རྒྱ་སྐྱེད་པ། གཞན་བོད་པའི་ཞིང་གྲོང་གི་བུད་མེད་ཚོ་ལ་གནའ་མིའི་གོམས་སྲོལ་ཀྱི་དབང་གིས་རང་ཉིད་ཀྱི་རང་དབང་དང་རྒྱང་དུ་གྱེས་ནས་སྡུག་བསྔལ་མི་བཟོད་པ་ཞིག་མྱངས་ཟིན་པ་དང་། ད་ལྟ་ཡང་ཡུལ་ལུང་རེ་འགའ་ན་གོམས་སྲོལ་དེ་གནས་ཡོད་པ་སོགས་ཐེར་འདོན་བྱས་ཡོད། ཡང་དེང་རབས་བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་ཚོས་བུད་མེད་ཀྱི་གནས་འགྲོ་ལ་རང་དབང་མེད་པ་དང་གོམས་སྲོལ་རུལ་བ་ཞིག་གིས་མིའི་རང་དབང་རྡོག་བརྫུས་གཏོང་བཞིན་པ་གློག་བརྙན་གྱི་བརྗོད་སྙིང་དུ་བཟུང་ཡོད། དེ་ཡང་<<གླིང་དཀར་སྟོད་ཀྱི་བྱམས་པ།>>ལ་སོགས་སུ་བོད་པའི་བུད་མེད་ཀྱི་དངོས་ཡོད་འཚོ་བ་དེ་ཧ་ཅང་རང་དབང་དང་བྲལ་བ་ཞིག་ཡིན་པར་བསྟན་ཡོད་པ་དེ་དག་གིས། སྔོན་མའི་བག་ལ་ཉལ་བའི་བོད་ཀྱི་བུད་མེད་ཀྱི་འཚོ་བ་དེ་བརྒྱུད་རིམ་དེ་འདྲ་མང་པོ་ཞིག་གི་ཁྲོད་ནས་རང་དབང་གི་ལམ་ལ་ཞུགས་ཀྱིན་པར་ངོས་འཛིན་བྱས་ཆོག་མོད།
དེ་རིང་གི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་ཀྱི་གནས་སྟངས་ལ་བལྟས་ན་སྔོན་མའི་ནད་རྙིང་དང་ཆ་འདྲ་བའི་བུད་མེད་ཀྱི་རང་དབང་ལ་ཕོག་ཐུག་གཏོང་བའི་ནད་གཞི་ཞིག་གིས་བུད་མེད་མང་པོ་ཞིག་གི་འཚོ་བ་ལ་དབང་བསྒྱུར་བྱེད་བཞིན་འདུག དེ་ཡང་ཕ་མས་བུད་མེད་ཀྱི་རང་དབང་ལ་གུས་བརྩི་མ་བྱས་པར་རྒྱུ་ཁོ་ནར་དམིགས་ནས་ནུབ་ཕྱོགས་ཀྱི་དངུལ་ལ་རྗེ་བཞིན་པའི་བུད་མེད་ཀྱི་གནས་སྟངས་སྐྱོ་བོ་རིགས་ཤིག་བྱུང་དང་འབྱུང་གིན་ཡོད་པ་རེད། ཕྱི་གླིང་གི་འཚོ་བ་ལ་ཕྱོགས་པའི་ཞིང་གྲོང་གི་བསམ་བློ་ཞིག་གི་སྐུལ་མའི་འོག་ཕ་མ་མང་པོ་ཞིག་གིས་རང་གི་དབང་ཆ་བེད་སྤྱོད་ཀྱིས་བུད་མེད་ཚོང་རྫས་བཞིན་སྤྲོད་ཀྱི་ཡོད། ནུབ་གླིང་གི་སྤྱི་ཚོགས་ཡར་ཐོན་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཕ་མ་རེ་འགས་བདེ་སྐྱིད་ཡོད་ཚད་ནུབ་གླིང་ལ་བཅོལ་བའི་འདུ་ཤེས་ཤིག་གིས་ཨ་རིར་སླེབས་ན་མིང་གྲགས་ཅན་དང་ཡུ་རོབ་ཏུ་སླེབས་ན་ཕྱུག་བདག་ཡིན་པའི་ལྟ་ཚུལ་ནོར་འཁྲུལ་ཅན་བཟུང་སྟེ་བུད་མེད་ཀྱི་རང་དབང་ལ་བཙན་ཤེད་ཀྱིས་འཇུས་ཤིང། བུད་མེད་མང་པོ་ཞིག་ཕ་མའི་དབང་འོག་དུ་ཚུད་ནས་གཞན་གྱི་ཚོང་རྫས་ལྟ་བུར་གྱུར་དང་འགྱུར་བཞིན་པ་དང། བུད་མེད་རང་ཉིད་ལ་ཡོན་ཏན་མེད་པ་མ་ཟད་ཕ་མ་དག་ལ་ཡང་མཐོང་རྒྱ་ཐོས་རྒྱ་དོག་དྲགས་པས། བུད་མེད་ཀྱི་རང་དབང་ལ་སྣང་ཆུང་བྱེད་པའི་གནས་སྟངས་ཤིག་ད་དུང་ཡང་སྤྱི་ཚོགས་ཀྱི་གྲུ་ཟུར་གང་རུང་ན་ཐོན་བཞིན་འདུག དེ་ནི་བུད་མེད་སློབ་གཉེར་ལ་གསར་དུ་འཇུག་པའི་རིགས་ཀྱི་ཁྲོད་ན་གྲངས་ཀ་མང་ཤོས་ཤིག་ཆགས་ཡོད་པ་དང།
ཡང་བསམ་བློ་ལ་རང་ཚུགས་མ་ཐུབ་པའི་བུད་མེད་མང་པོ་ཞིག་སྣེ་ལེན་ཁང་ལ་སླེབས་རྗེས་ཀྱི་ཟླ་ངོ་འགའི་རིང་ལ་ཨ་སྒོར་གྱི་བསླུ་བྲིད་ཐེབས་ཏེ་ནུབ་གླིང་གི་ཚོང་རྫས་ཆགས་བཞིན་འདུག གསར་དུ་འབྱོར་བའི་བུད་མེད་མང་པོ་ཞིག་ནི་སློབ་སྦྱོང་གི་གོ་སྐབས་མ་རག་པ་དང་། སྤྱི་ཚོགས་ཀྱི་གནས་སྟངས་མང་པོ་ཞིག་ལ་གསར་དུ་གདོང་ཐུག་རྒྱག་དུས། གཞན་ལ་བློ་ཁ་བཅོལ་རྒྱུ་མང་དྲགས་ནས་རང་གི་བསམ་བློས་ལངས་ཕྱོགས་ཤིག་འཛིན་མ་ཐུབ་པས། བུད་མེད་གང་མང་ཞིག་སྲང་ལམ་གྱི་ཚོང་རྫས་བཞིན་སུས་ཀྱང་ཉོས་ཆོག་པ་དང། ནུབ་གླིང་གི་ཤོག་སྒོར་གྱི་དབང་ཤུགས་འོག་ནས་རང་ཉིད་གྱི་བསམ་བློར་མཐོང་གང་ཡང་མ་སྤྲད་པར་ཡོད་ཚད་ཤོག་སྒོར་ཞིག་ལ་བརྗེ་བཞིན་ཡོད། དེ་ནི་འཚོ་བའི་དཀའ་ངལ་ལས་བྱུང་བའི་བཙན་དབང་ཞིག་མིན་ལ། རང་ཉིད་ལ་བསམ་བློའི་ལངས་ཕྱོགས་མེད་པ་དང་རང་ཚུགས་མེད་པའི་རང་གི་རྨོངས་འཐོམ་གྱི་བྱས་པ་ཞིག་ལས་མ་འདས། ཁོ་མོ་ཚོས་རང་གི་ལང་ཚོའི་སྒེག་ཉམས་ནི་སློག་ཧྲུལ་རུལ་བོ་ཞིག་གི་ཚད་དུ་བཟུང་ཞིང་རང་དབང་དང་བརྩེ་དུང་གི་འཚོ་བ་དང་རྒྱང་དུ་གྱེས་ཡོད། དེ་དག་ལས་གྲངས་མང་ཤོས་ནི་ན་གཞོན་བུད་མེད་དག་ཡིན་པ་དང་། ཁོ་མོ་ཚོ་སློབ་སྦྱོང་དང་བསམ་གཞིག་གི་ཤེས་བྱ་ཉུང་དྲགས་པས། གཞན་གྱི་གཡོ་འོག་ཏུ་ཚུད་ཀྱིན་ཡོད་པ་རེད།
ད་དུང་བུད་མེད་མི་ཉུང་བ་ཞིག་ལ་ཡུལ་གྲོགས་དང་ཉེ་སྤུན་གྱི་འདུ་ཤེས་སླ་བོ་ཞིག་གི་བསླུ་བྲིད་ཐེབས་ཏེ་མི་ཚེ་ནུབ་སྒོར་གྱི་རིན་ཐང་ལ་རྗེ་བཞིན་ཡོད། དེ་ནི་རྡ་སའི་གཞོན་ནུ་མ་དག་གཙོས་སློབ་གྲྭ་ཁག་དང་སྤྱི་ཚོགས་འདིའི་གྲུ་ཟུར་གང་སར་ཁྱབ་ཡོད། དེའི་ཁྲོད་ནས་སློབ་གཉེར་བ་མང་པོ་ཞིག་གིས་སློབ་སྦྱོང་གི་གོ་སྐབས་གཡུག་ཅིང་བསླུ་བྲིད་དེ་ལྟ་བུ་འཚུད་བཞིན་ཡོད། བསླུ་བྲིད་ཀྱི་བརྩེ་བ་དེའི་འོག་ནས་ཉམ་ཆུང་གི་བུད་མེད་དེ་ཚོའི་རང་ཚུགས་ཤོར་ཞིང་། ཁོ་མོ་ཚོས་མི་ཚེ་ནི་ནུབ་སྒོར་ཁོ་ནར་བཙོང་སྟེ་རང་ཉིད་རང་ལ་དབང་བའི་ཁོར་ཡུག་་དང་འཚོ་བ་བདག་མེད་དུ་བཞག སྐབས་དེར་ཁོ་མོ་ཚོར་རང་ཉིད་གཞན་གྱི་ཚོང་རྫས་ཡིན་པ་དང་འཚོ་བ་གཞན་དབང་དུ་གྱུར་བའི་སྣང་བ་སྤུ་ཙམ་ཡང་མེད་མོད། མ་འོངས་པར་བསླུ་བྲིད་ཀྱི་འཚོ་བ་ཞིག་གིས་ཁོ་མོ་ཚོ་ལ་སྡུག་བསྔལ་དང་སྐྱོ་སྣང་གིས་མནར་བའི་མི་ཚེ་ཞིག་བསྐྱལ་དགོས་ཐུག་ཡོད།
དེ་བས་ཀྱང་གནས་སྟངས་སྐྱུག་བྲོ་བ་ཞིག་ཡོད་པ་ནི་ནུབ་གླིང་གི་བོད་པ་ཚོས་ཆེད་དུ་བུད་མེད་ཚོང་རྫས་བཞིན་མངགས་ཉོ་བྱེད་ཀྱིན་པའི་སྣང་ཚུལ་ཡ་མཚན་པོ་དེ་རེད་འདུག ཁོ་ཚོས་ཨ་སྒོར་གྱི་དབང་ཤུགས་འཁྱེར་ནས་བུད་མེད་ཚོང་རྫས་བཞིན་མངགས་ཉོ་བྱེད་བཞིན་ཡོད་ལ་། ཁོ་ཚོས་གྲོགས་སྤུན་བརྒྱུད་ནས་བུད་མེད་སློབ་གཉེར་བ་དང་གསར་འབྱོར་བ་དག་ལ་འབྱོར་བའི་དབང་ཤུགས་ཀྱིས་བསླུ་བྲིད་གཏོང་གིན་ཡོད། མ་འོངས་བར་ཅི་ཞིག་སྒྲུབ་མདོག་གི་ཁས་ལེན་བྱེད་པ་དང་།རང་ཉིད་ལ་ཅི་ཡང་ཡོད་མདོག་གི་ཆིག་ལབ་རྒྱག་བཞིན་ཡུན་རིང་སྒུག་ཚུལ་གྱི་རྫུན་གཏམ་གྲལ་དག་པོ་ཞིག་གིས་བུད་མེད་མང་པོ་ཚོང་རྫས་བཞིན་ཉོ་བ་དང། བུད་མེད་གང་མང་ཞིག་བསླུ་བྲིད་དེའི་འོག་ནས་འཚོ་བ་སྡུག་བསྔལ་གྱིས་སྐྱེལ་བཞིན་ཡོད། དེ་ནི་བུད་མེད་ལ་འགྲོ་བ་མི་ཞིག་གི་ལྟ་ཚུལ་མ་བཟུང་བ་དང། དེ་བས་བུད་མེད་ལ་མཐོང་ཆུང་དང་དམའ་འབེབ་བྱེད་པའི་གནད་དོན་ཞིག་རེད་འདུག འདི་ནི་བོད་སྤྱི་ཚོགས་ཀྱི་ཚོང་ལམ་གསར་བ་ཞིག་རེད་ལབ་ཀྱང་མི་ཆོག་རྒྱུ་མི་འདུག དེར་བརྟེན། དངོས་ཡོད་གནས་སྟངས་ལ་རྒྱུས་མངའ་ཅི་ཡང་མེད་པ་དང་མི་ཚེའི་འཚོ་བ་སོགས་ལ་གྲ་སྒྲིག་གང་ཡང་མེད་པའི་བུད་མེད་མང་པོས་ཅི་ཡིན་མ་ཤེས་པར་ཕ་ཡུལ་གཅིག་པའི་ཡིད་ཆེས་དང། བརྩེ་དུང་གི་བསླུ་བྲིད། དཔལ་འབྱོར་གྱི་དབང་ཤུགས་སོགས་ཀྱིས་རང་ཉིད་མི་ཞིག་ཡིན་པའི་འདུ་ཤེས་ཡོངས་སུ་དོར་ཞིང། རང་ཉིད་གཞན་གྱི་ཚོང་རྫས་དང་དགོས་འདོད་སྐོང་བྱེད་ཀྱི་ཡོ་བྱད་ཅིག་གི་རིན་ཐང་ལས་ཅི་ཡང་བཞག་མེད་དུས། ཐ་ན་བུད་མེད་དེས་རང་ཉིད་རང་ལ་དབང་བ་ཡང་རྟོགས་མེད་པ་རེད། མི་ལ་རིན་ཐང་དང་རང་དབང་ཡོད་པས། གཞན་གྱིས་གང་འདོད་ལྟར་མངགས་ཉོ་བྱེད་མི་ཆོག དེ་བས་མི་རང་ཉིད་ཀྱིས་རང་ཉིད་ལ་རིན་ཐང་གི་ལྟ་བ་ཞིག་འཛིན་དགོས་པར་འདོད། འདི་ལྟར་བུད་མེད་ཚོ་ཚོང་རྫས་སུ་ཆགས་པ་ནི་བུད་མེད་ཀྱི་རང་དབང་ལ་ཕོག་ཐུག་གཏོང་བའི་བསྐལ་བ་ཞིག་དུས་ལོག་བརྒྱབ་པ་དང་གཅིག་པ་རེད། ཡིན་ཡང་གནས་སྟངས་འདིའི་སྐོར་ལ་གླེང་སློང་བྱེད་མཁན་དང་དཔྱད་བརྗོད་སྤེལ་མཁན་གཅིག་ཀྱང་མི་འདུག་ལ། ཐ་ན་སྤྱི་ཚོགས་ཁྲོད་འདིའི་སྐོར་ལ་གླེང་སློང་བྱེད་པ་ཡང་གསང་བ་ཞིག་ཆགས་ཡོད། དེ་ནི་བུད་མེད་ཀྱིས་རང་ཉིད་ཀྱི་སྐྱོན་ཆ་རང་གིས་ངེས་ལེན་བྱེད་ཐུབ་ཀྱིན་མེད་པ་དང། རང་ཉིད་སྤྱི་ཚོགས་ཀྱི་ཁ་གཏད་དུ་ལངས་ཐུབ་པའི་སྙིང་སྟོགས་ཤིག་དུར་སྦས་བྱས་ཡོད་པ་རེད་སེམས། མ་ཟད་རང་ཉིད་བག་འཁུམ་ལས་གྲོལ་བའི་ལམ་སྣེ་གསར་བ་ཞིག་ལ་སླེབས་མེད་པ་ཡང་ཤེས་ཐུབ། ང་ཚོས་སྲོལ་རྒྱུན་ལ་ཁ་གཡར་ནས་ད་ལྟའི་གནས་སྟངས་དང་མ་འོངས་འཚོ་བའི་ཐོག་སྐད་ཆ་ཅི་ཡང་མི་བཤད་པ་ནི་འགན་གང་ཡང་མ་འཁུར་པའི་རྟགས་ཤིག་ཡིན་པས། དྲང་གཏམ་ཞིག་བཤད་ན། ད་ལྟའི་བོད་ཀྱི་བུད་མེད་ཚོ་ཚོང་རྫས་སུ་འགྱུར་བཞིན་པ་འདི་དང་སྔོན་ཆད་ཕ་མའི་དབང་ཤུགས་འོག་གི་འཚོ་བ་གཉིས་ལ་ཧེ་བག་གང་ཡང་མེད་ལ། ད་དུང་སྐབས་ཐོག་གི་བུད་མེད་ཀྱི་གནས་སྟངས་འདི་ལ་གཞན་དབང་ཤུགས་ཆེ་བ་དང་བསླུ་བྲིད་ཀྱི་བཙན་གནོན་ཐེབས་ཡོད་པས། བུད་མེད་ཀྱི་ལས་དབང་ལ་དོ་འཁུར་བྱེད་མཁན་ཞིག་གི་ངོས་ནས་བལྟས་ན། དེང་གི་བུད་མེད་ཀྱི་འཚོ་བ་ནི་སྲོལ་རྒྱུན་གྱི་གནས་སྟངས་ལས་ཀྱང་ཉེན་ཚབས་ཅན་དང་། ད་ལྟའི་བོད་ཀྱི་བུད་མེད་ཀྱི་སྐྱོ་གར་ཞིག་མ་རེད་དམ། ༢༠༡༢།༡༢།༢༠
རྩོམ་འདི་ལ་རིན་ཐང་ངེས་ཅན་འདུག འདི་ན་ཞིབ་འཇུག་གི་རིགས་ལམ་ཞིག་ཡོད་ཀི འདི་ན་དཔེ་ཀློག་གི་མིག་རྒྱ་ཞིག་ཡོད་ཀི འདི་ན་སྒྱུ་རྩལ་གྱི་སེམས་ཁམས་ཤིག་ཡོད་ཀི འདི་ནི་དངོས་ཡོད་ཀྱི་བསྒྲགས་གཏམ་ཞིག་རེད།
དཔྱད་རྩོམ་འདི་རུ་སྒྱུ་རྩལ་བརྩམས་ཆོས་དག་དྲངས་ནས་བཤད་ཡོད་པ་འདི་དངོས་གནས་རིན་ཐང་ཆེ་གི དེ་མ་གཏོགས་བཙན་བྱོལ་ནས་སྒྱུ་རྩལ་བརྩམས་ཆོས་ཤིག་གི་ནང་ན་འདི་འདྲ་ཟིག་ཡོད་པར་རྩ་བ་ནས་ཁས་ལེན་གི་མ་རེད་ལ། འདོད་ཀིའང་མ་རེད། འདི་སྒྱུ་རྩལ་གྱི་སེམས་ཁམས་ཤིག་རེད། འདི་གཤིས་ཀི་ཧྲ་གི
དེ་ནས་བུ་མོ་དང་བོང་བུས་སྐྱིད་མི་ཐེག་ཅན་པོའི་གཏམ་དཔེ་ཚོ་དགག་བྱར་བླངས་བ་དེ་དག་ལ་དེ་ཙམ་རིན་ཐང་མ་མཐོང་། དེ་ནི་སྤྱིར་བཏང་གི་སྡོམ་ཚིག་ཤ་སྟག་རེད། དེ་དག་ལ་ཕྱོགས་གང་ས་ནས་བདེན་ཞད་འདྲེས་ཡོད་ནི་རེད། མ་གཞི་ནས་བུད་མེད་ཀྱི་སེམས་ཁམས་དང་སྐྱེས་པའི་སེམས་ཁམས་ཟེར་བ་དེ་ན་དེ་འདྲའི་བར་ཐག་མང་པོ་ཞིག་ཡོད་པ་རེད། དེ་དག་ཚང་མ་ཚེ་སྔོན་ལས་ཀྱི་དབང་གིས་རེད། སྐྱེས་པ་ལ་བུད་མེད་ལས་ཤུགས་ཆེ་བ་དང་སེམས་རྒྱ་ཆེ་བ། དཔའ་སྙིང་ཆེ་བ་སོགས་བུད་མེད་ཐོབ་ཐང་གནམ་གྱི་མཐོང་ལ་བཞག་ཡང་འདྲ་མཉམ་ཡོང་མི་སྲིད་པ་ཞིག་རེད། ཡིན་ནའང་། ཁྱེད་བུད་མེད་ཅིག་གི་ངོས་ནས་འདི་འདྲའི་གནད་འདུས་ཀྱི་རྩོམ་ཡིག་ཅིག་སྤེལ་བ་ལ་དངོས་གནས་དགའ་ཡོད།
ཀླུ་དཀར་མོ་འདིས་དངོས་གནས་རྩོམ་ཡག་ཅིག་བྲིས་ཡོད་ཀི འབྲི་སྟངས་དང་བྲིས་པའི་ཚད་གཞི་ཡང་ཚད་ངེས་ཅན་ཞིག་ལ་ཐོན་འདུག ངར་གི གཅིག་བྲིས་ནས་སྡོད་མ་འཇོག མུ་མཐུད་ནས་ཕྲིས་ཨ།
དེ་འདྲ་ཞིག་མ་རེད། ཁ་ཕྱིན་ཅི་རྐྱང་བྲིས་འདུག། ལྟ་སྟངས་ངན་པ་དེ་འདྲ་འཛིན་དོན་གང་ཡིན་ན། སྐྱོན་བརྗོད་དང་འཁྱོག་བརྗོད་རྐྱང་བས་བུ་མེད་ལ་དཀར་བསང་མི་ཐུབ་པ་རེད། འབྲི་རྒྱུ་མང་པོ་ཡོད། ད་ལྟ་ཁོམ་པ་མེད་ཀི།
ཨ་ཁུ་ལྷ་ཆབ་འདི་ད་ངོ་མ་སེམས་དཀར་ཟིག་རེད་ཀོ སྒྱུ་རྩལ་རིག་གནས་ཀྱི་ཕྱོགས་སུ་འབད་མཁན་ཕོ་མོ་དབྱེར་མེད་སྒོས་ཁ་ཏ་སློབ་གསོ་གནང་གི ་ཞི་མོ་ལྷ་ཆབ་ཀྱི་ཁ་ཉན་ན་ཧྲ་ནི་རེད་་་་་་་་་དེ་མིན་གཞན་གྱིས་མགོ་གཡོག་མགོ་སྐོར་གཏོང་གི་རེད་ད་་་་་་་་་་་ཁྱོད་ཉེ་འཁྲིས་སུ་དེ་རུ་དེ་ན་ཅིག་ཡོད་ཡ
ཁས་མི་ལེན་ཟེར་མི་ཐུག་ཀིི འོན་ཀྱང་་་ཤེད་ཆེན་གྱིས་ཤེད་ཆུང་དབང་དུ་སྡུ་བ་ནི་ཆོས་ཉིད་ཤིག་རེད་བསམ་གི དཔེར་ན། རྒྱ་མིས་བོད་ལ་དབང་བསྒྱུར་བྱས་པ་བཞིན། དེ་ནི་མངོན་བཅོས་མ་བྱས་པའི་རང་བྱུང་གི་ཚུལ་སྣང་ངོ་མ་དེ་རེད །
རེད་རེད་ཡག་པོ་བརྩམས་འདུག
མ་གཞི་ནས་ ཁྱི་མོས་རྔ་མ་མ་གཡུག་ན། ཁྱི་ཕོས་རྣས་སྣོམ་མདོག་མེད། ཅེས་ཤོད་སྲོལ་ཞིག་ཡོད། བུད་མེད་ཚོས་དང་པོ་རང་ནས་རང་ཉིད་དཔལ་འབྱོར་དང་དངུལ་ལོར་གྱིས་བསླུས་པར་དགའ་བོ་མེད་ན་དེ་ལས་གཡོལ་ཐབས་བྱེད་དགོས།
རང་ཉིད་དེ་ལ་དགའ་བ་དང་སེམས་འཐད་ན་དེ་ཡིས་ཁོ་མོ་བསླུས་མི་ཟེར་ཅིང། རང་ཉིད་དེ་ཡི་སྟེང་དུ་མཆོང་བ་ཞིག་ལ་ངོས་འཛིན་བྱེད་དགོས། རྩམ་ཁུག་ལ་ལག་པ་ཕར་མ་བཅུག་ན། རྩམ་ཁུག་ཚུར་ལག་པར་སླེབས་ད྄ོགས་མེད།
ཡིན་ནའང་བོད་ཀྱི་བུད་མེད་ཅིག་གིས་འདི་ལྟར་བྲིས་ཐུབ་པར་དངོས་གནས་welcome ཡོད་དྭ།
མྱི་སྡང་མ། ངས་ཁྱོད་ལ་གཅིག་བཤད།
ཡོ་རོབ་དང་ཨ་རི་སོགས་ནུབ་ཕྱོགས་ལ་བསུ་བཞིན་པའི་བུད་མེད་དེ་ཚོ་ནི་མི་རིགས་ལ་ཤ་ཞེན་ཅན་དང་བརྩེ་བ་ཅན་རྐྱང་ཡིན། བོད་ཀྱི་བུད་མེད་ཀྱི་ངོ་ནས་བོད་ཕྲུག་ཁ་འཐོར་ཞིག་གི་རེ་འདོད་སྤྱིན་པ་དང་། ནུབ་ཕྱོགས་གླིང་གི་སྐྱེ་ཕོ་སུ་ཡིན་ན་ཡང་རང་གི་མི་རིགས་ལ་རིགས་ཞེན་དཀར་པོའི་བསམ་པ་བཟུང་ནས་རང་གི་མི་རིགས་གཅིག་པའི་བོད་མོ་ཞིག་ལ་རྒྱུ་འབྱོར་གྱི་མཐུན་རྐྱེན་སྦྱར་ནས་རང་གི་ཆུང་མར་བསུས་བ་ནི་དགའ་དགོས་པའི་གནས་བབ་ཞིག་མ་ཡིན་ནམ། དེ་ནི་ནུབ་ཕྱོགས་གླིང་ན་སྟུ་ཁུང་ལ་བསོགས་ནོར་གཏོང་ས་མེད་པར་ལྷག་སོང་བ་དེ་འདྲ་གང་ཡང་མ་རེད། འདིའི་རིགས་ཀྱི་བྱེད་ལས་ལ་ཚོང་རྫས་དུ་མཐོང་ནས་བུད་མེད་ཀྱི་བདག་དབང་འཕྲོག་པར་བསམ་པ་ནི་བུད་མེད་ཀྱི་ཐོབ་ཐང་རྩོད་མ་ཤེས་བ་དང་ཤེས་ཡོད་ན་ཕྲོག་དོགས་ཀྱི་གཡའ་ཞུགས་པའི་བསམ་བློ་ཕུགས་ཆུང་ཆུང་ཞིག་མ་ཡིན་ནམ།
ཕ་མ་དང་གྲོགས་པོ། དགའ་བོ་ཉེས་བོ་སོགས་སུ་ཞིག་གིས་བཙན་དབང་གྱིས་གནས་ཡུལ་དེ་ལ་བསྐྱེལ་ཡོད་པའི་ཁུལ་དུ་བྱས་ན་ཡང་། ཡོ་རོབ་དང་ཨ་རི་སོགས་ཕྱི་གླིང་ལ་འབྱོར་ཉིན། རང་རང་སོ་སོའི་འདོད་པ་ལྟར་འགྲིག་ཆོག་ཆོག་དང་འཐོར་ཆོག་ཆོག་ཡོད་པས་བུད་མེད་ཀྱི་རང་དབང་ཐོབ་ཐང་ལ་དེ་བས་ཀྱང་རྡོག་བརྫིས་བཏང་མེད་པས། ཁྱོའི་ཁག་གི་ན་ཚ་དེ་ཅི་ཞིག་ཡིན་པ་ཤེས་མ་སོང་།
དེ་མིན་ཆོས་གཞུང་དང་སྲིད་གཞུང་ནས་བུད་མེད་ལ་གོ་གནས་དང་ལྟོ་ཕོགས་སོགས་ལ་སྐྱེ་ཕོ་མོ་དབྱེར་མེད་དུ་ཡོད་པས་ཕོ་མོ་སུ་ཞིག་ཡིན་ན་ཡང་རང་དབང་གི་རྟ་ཁ་གང་ལ་དཀྱོག་དཀྱོག་ཡོད་པས་མ་ཚད། མཁའ་འགྲོ་མ་དང་སངས་རྒྱས་མ། ལྷ་མོ་མ་དང་གདུགས་དཀར་མ། ཨ་ནེ་མ་དང་སྲིད་སྐྱོང་མ། དེ་འདྲ་རེད།
ཕ་མ་སེམས་མེད་དང་སྐྱེས་པ་ཐ་ཤལ་གྱི་སྤྱོད་པ་ནི་ཐ་ཤལ་རང་ཡོན་པས་ན་ཁོང་ཚོ་ལས་སྐྱབས་གནས་གཞན་ཞིག་འཚོལ་བ་ལས། དེ་ནི་གཞུང་ཕྱོགས་ནས་ཁྱོད་ལ་ཐོབ་ཐང་མ་སྤྲད་པ་དང་མ་ཡོད་པ་གང་ཡང་མིན་པས་ཉིད་གྱིས་ཁྲིམས་སྒོ་ལ་མ་གཏུག་པར་དུ་དེ་ལ་བྱེད་ཐབས་གང་ཡང་པས། འདི་ལྟར་སྐད་བརྒྱབས་པས་ཕན་ཐོག་མི་ཡོང་། ཁྲིམས་ཀྱིས་འཇིགས་པ་ཞིག་མགོ་ལ་མ་ཤར་བར་དུ་ཁོང་ཚོ་ནི་ནམ་ཡང་སྨྱོན་པ་རེད། སྤྱི་ཚོགས་སུ་ལ་ཡང་དེ་འདྲ་བའི་སེམས་ཅན་མང་པོ་རེད།
རྩོམ་ཆག་ཁ་ཤས་ཤིག་བྲིས་བས་བུད་མེད་ཀྱི་ཐོབ་ཐང་རྩི་སྲུང་བྱེད་ཐུབ་ནི་མ་རེད། བུད་མེད་ཀྱི་ཐོབ་ཐང་མ་རེག་པ་དང་མ་འདང་བ་རྣམས་ཁྲིམས་དང་ལུགས་ལ་འབེབ་དགོས་བ་དང་དགོས་བར་སྐུལ་བའི་ལམ་ལ་འགྲོ་དགོས་བ་རེད། བུད་མེད་ལས་ངན་མ་ཚོ་སྲུང་ནིའི་ཁྲིམས་ཞིག་མེད་པར། བུད་མེད་ལ་ཆང་དུད་ཚུན་ཆད་ལ་འདྲ་མཉམ་གྱིས་སྤྱོད་ཆོག་པའི་སྤྱི་ཚོགས་ཀྱི་ལྟ་སྟངས་གཅིག་པ་དགོས་ཟེར་ནས་ཀླུགས་བཤད་བྱས་བསྡད་ན་གང་ཡང་མི་ཕན་པའི་སྐད་ཅོར་རེད།
ད་དུང་ཞུ་རྒྱུ་མང་། དགོས་པ་ཆུང་བས། འདིར་བཤད་མཚམས་འཇོག། བུད་མེད་ནི་ཤ་མཆུན་པའི་གློ་ཡས་དང་ཚེ་གཅིག་གི་སྐྱ་ཡས། བུ་རབས་ཚ་རྒྱུད་ཀྱི་ཨ་མ། རང་ཆེ་དགའ་ས་དང་གུས་ས་ཡིན། མ་སེམས་བུ་དང་བུ་སེམས་རྡོ་ཡིས་མ་ལོག་ན། ཕ་མ་ལ་མ་ཉེས་ཁ་གཡོག་ཞིག་བྱེད་འདོད་དེ་བས་ཀྱང་མེད།
ངས་བསམ་ན་བུ་མོ་འདིའི་གྲོགས་མོ་ཁ་ཤས་ཤིག་ཕྱི་གླིང་ལ་མནའ་མ་འགྲོ་ས་རག་ནས་འདི་ཕྲག་དོག་ལངས་བཞིན་ཡོད་པ་འདྲ།
བུ་མོ་འདི་ཕྲག་དོག་ལངས་ཀི་ཡོད་ནི་མ་རེད། གནམ་དང་སྤོབས་པ་གཉིས་ཀྱིས་ཀྱང་བུ་མོ་རེ་ཉོ་བསམ་གི་ཡོད་པའམ་ཡང་ན་ཉོས་ཚར་བ་གང་རུང་ཡིན་ནི་རེད། ཡིན་ནའང་། དེ་འདྲའི་སྐད་ཆ་ཆོ་མེད་བཤད་ན་ཆོ་མེད་ཀི དོན་སྟེང་ལ་དཔྱད་བསྡུར་རེ་བྱེད་རྒྱུ་ཡོད་ན་ཡག་གི དེ་མིན་གྱི་སྐད་ཆ་དེ་འདྲ་ལ་ཆོ་མེད་ཀི
ངས་ཀུ་རེ་ལབ་པ་ཡིན། ངའི་སྐད་ཆ་འདི་ལ་ཁྱོད་ཚོས་ཆགས་སྡང་གཏན་ནས་བསག་མི་དགོས།
རྩོམ་ཡིག་འདིའི་རིགས་ཀློག་འདོད་ཆེན་པོ་ཡོད། ད་དུང་མང་ཙམ་འབྲི་རོགས་གནང།
ཁམས་བཟང༌། སྤྱིར་ང་རང་ནི་རྩོམ་ཡིག་ཡག་པོ་འབྲི་ཤེས་མཁན་དེ་འདྲ་གང་ཡང་མིན་རུང༌། རྩོམ་པ་རྒན་པ་ཞིག་གི་ངོས་ནས་ཚིག་རེ་གཉིས་བྲིས་ཏེ་གཞོན་སྐྱེས་ཚོར་རོགས་འདེགས་བྱེད་རྒྱུའང་འགལ་གནད་ལ་མཐོང་བཞིན་ཡོད། དགག་ཕྱོགས་དང་སྒྲུབ་ཕྱོགས་གང་ནས་གླེང་སློང་བྱས་ཀྱང་གང་ལྟར་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག དུས་གཅིག་ཏུ་སྒྲུབ་ཕྱོགས་རྐྱང་འབྲི་དགོས་པའི་ངེས་པ་མེད་པས་སོ། བོད་བཙན་བྱོལ་སྤྱི་ཚོགས་ནང་གི་བུད་མེད་ཚོའི་གནས་སྟངས་ལ་ཆ་ཚོན་ན། གོང་གི་རྩོམ་ཡིག་ནང་བྲིས་པ་ལྟར་རེད་མོད་ཀྱང༌། སྤྱིར་དངོས་རྫས་ཞིག་ལ་ཚོན་ན། ཉོ་མཁན་དང་ཚོང་མཁན་གཉིས་བསྡུར་དགོས་པས། ཚོང་མཁན་གྱིས་ཚོང་འདོད་མེད་བཞིན་དུ་ཉོ་མཁན་གྱིས་ཁྲིམ་རྭར་བཙན་འཕྲོག་བྱེད་མི་ཐུབ་པས། དེར་བརྟེན་དེང་གི་དུས་དེར་བུད་མེད་རང་ཉིད་ལ་འདོད་པ་མེད་ན། ཉོ་མཁན་ཚོས་བཙན་གྱིས་འཁྲིད་མི་ཐུབ་པའི་དུས་སྐབས་ཞིག་ཡིན། དེ་སང་བཤད་སྟངས་ཤིག་ཡོད་པ་ནི། ན་གཞོན་བུད་མེད་ཚོས་ཕྱི་གླིང་ལ་འགྲོ་ཐུབ་ན་མག་པ་དེ་ལོ་ན་ཆེ་ཆུང་དང༌། མི་རིགས་གང་ཡིན་དང༌། མི་རྒྱུད་བཟང་མིན་སོགས་ལ་དབྱེ་བ་མེད་ཅེས་པ་དེ་རེད། ད་དུང་ཉོ་མཁན་ཡོད་མེད་ལ་སེམས་ཁྲལ་བྱེད་བཞིན་ཡོད། དེར་བརྟེན་སྐྱོན་ཆ་མང་བ་བུད་མེད་ཚོར་ཡོད་པ་ཞིག་མཐོང༌། (དེ་ནི་འཚོ་བའི་དཀའ་ངལ་ལས་བྱུང་བའི་བཙན་དབང་ཞིག་མིན་ལ། རང་ཉིད་ལ་བསམ་བློའི་ལངས་ཕྱོགས་མེད་པ་དང་རང་ཚུགས་མེད་པའི་རང་གི་རྨོངས་འཐམ་གྱིས་བྱས་པ་ཞིག་ལས་མ་འདས)ཞེས་པ་དེ་ཤིན་ཏུ་ནས་བདེན། ཐུགས་རྗེ་ཆེ། མུ་མཐུད་ནས་ཕེབས་རོགས། ང་ཚོ་དུས་ནམ་ཡང་ཁྱེད་ཚོའི་རྒྱབ་ལ་ཡོད་དོ།
བུད་མེད་མཚན་ཅན་ཞིག་གིས་རྩོམ་སྤེལ་ན་དྲ་གྲོགས་འདི་ཚོ་རུབ་ནས་ཡོང་གི། ཀུ་རེ་ཞུས།
བུད་མེད་ཀྱི་ཐོབ་ཐང་དང་རང་དབང་སོགས་ཀྱི་སྐོར་ལ་བདེན་པའི་སྐད་ཆ་ཡག་པོ་ཞིག་བཤད་འདུག ཡིན་ན་ཡང་སྤྱིར་བཏང་གི་བོད་མི་རིགས་འདི་ཅུང་ཙམ་རྗེས་སུ་ལུས་པ་རེད་མ་གཏོགས། བུད་མེད་རིང་ལུགས་ཀྱི་ལྟ་བ་འདི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སྔ་མོ་ཞིག་ནས་དར་ཞིང་རྒྱས་ཟིན་པའི་རྣམ་གཞག་ཅིག་རེད། ང་ཚོའི་བུད་མེད་ཚོ་དུས་རབས་མང་པོ་ཞིག་ལ་རང་དབང་གི་མགོ་འཕངས་ཡར་འགྱོགས་མ་ཐུབ་པ་དེ་སྐྱེས་པ་ཚོ་ཁོ་ནར་རེག་ལས་པ་ཞིག་མ་རེད། དེ་ནི་བུ་མོ་ཚོ་རང་ངོས་ཀྱི་འགན་འཁྲི་ལ་ཡང་ཐུག་བསྡད་པའི་རྒྱུ་རྐྱེན་ཞིག་རེད། དེ་རིང་ཁ་སང་བོད་ཀྱི་བུ་མོ་ཚོ་ཚོང་རྫས་ལྟར་ཉོ་འཚོང་བྱས་དང་བྱ་བཞིན་པའི་རྣམ་པ་འདི་ཡང་ཉོ་མཁན་ཁོ་ནའི་སྐྱོན་ཆ་ཙམ་མ་ཡིན་པར། འཚོང་མཁན་དང་དེའི་གཡས་གཡོན་ངོ་སྤྲོད་བྱེད་མཁན་དག་དང། དེ་བཞིན་འཚོ་བའི་ཕྱི་ནང་གི་རྒྱུ་རྐྱེན་མང་དག་ཅིག་ལ་ཐུག་ཡོད་པ་ཞིག་ཀྱང་རེད་སྙམ། ད་དུང་བུད་མེད་མང་པོ་ཞིག་རང་ཉིད་ལ་འཚོ་བའི་མཐུན་རྐྱེན་ཆ་ཚང་བ་ཞིག་མེད་དུས་ནས་གཉེན་སྒྲིག་གིས་བྱིས་པ་སྐྱེས་སུ་བཅུག་དང་འཇུག་ཀྱིན་པ་འདིས་ཀྱང་བུད་མེད་ལ་རང་བཞིན་གྱི་དཀའ་ངལ་ཞིག་འཕྲད་ཡོང་གི་ཡོད་པ་རེད། འདི་ནི་གནའ་དེང་གི་ཤེས་ཡོན་ཡག་པོ་ཞིག་མ་སྦྱངས་པའི་ཞན་ཆ་རེད། གལ་ཏེ་བོད་ཀྱི་བུད་མེད་ཚོས་ཀྱང་མ་བསྐུལ་དང་བླངས་ཀྱིས་ཕྱི་ནང་གི་ཤེས་ཡོན་གང་ཙམ་ཞིག་སྦྱངས་ཡོད་པ་ཡིན་ན། གཞན་སུ་ཞིག་གི་དབང་ཤུགས་ཀྱི་མནར་གཅོད་དང་མཐོང་ཆུང། དབྱེ་འབྱེད་སོགས་ཀྱི་སྡུག་ངལ་གྱི་བརྒྱུད་རིམ་འདི་དག་ག་ལ་རྒྱུ་དགོས་སྙམ།
ང་ཚོའི་བོད་གྱི་བུད་མེད་མང་ཆེ་པ་གཞན་བརྟན་གྱི་བསམ་པ་ཤུགས་ཆེན་པོ་ཡོད་པ་རེད། དེ་ལ་འགྱོགས་པོ་བསྒྱུར་བཅས་གཏོང་རྒྱུ་ཁག་པོ་རེད།