འདུས་བྱུང་ཕུན་ཚོགས་ཚེ་རིང་།
སྐྱོ་གདུང་གི་དབུས་སུ་རེ་བ་ཡི་ཕུགས་བསམ་ཞིག་ངེས་པར་ཡོད་སྟབས།
རྒྱང་རིང་རྒྱང་རིང་གི་གནས་དེ་ནི།
ཡུན་རིང་ཡུན་རིང་ནས་ཁ་བྲལ་བའི་ས་དེ་ནི།
ཉི་མ་དང་། ཟླ་བ་དང་། སྐར་མ་ལ་མནའ་ཚིག་བཞག་ས་དེ་ནི།
སྐྱིད་ཆུ་དང་། འབྲི་ཆུ་དང། རྨ་ཆུ་ལ་སྙིང་གཏམ་བཅོལ་ས་དེ་ནི།
གངས་དཀར་དང་། རྫ་རི་དང་། བྱེ་ཐང་ལ་རི་མོ་བྲིས་ས་དེ་ནི།
རྨི་ལམ་དང་། ལྷ་སྒྲུང་དང་། རེ་བ་ལ་བགྲོ་གླེང་བྱེད་ས་དེ་ནི།
ངའི་སྐྱོ་གདུང་གི་གཞི་མ་རུ་ཆགས།
༢༠༡༤ ། ༩
ཉི་མ་དང། ཟླ་བ། སྐར་མ་ལ་མནའ་ཚིག་བཞག་ས་དེ་ལ།
རྒྱང་རིང་རྒྱང་རིང་ཞིག་ནས་གཅིག་གྱུར་ལ་ངོས་ལེན་བྱེད་དུས།
ས་མཐའ་ས་མཐའ་ཞིག་ནས་ཐུན་མོང་གི་རྟེན་གཞི་འཚོལ་སྐབས།
ནུབ་ཕྱོགས་ནུབ་ཕྱོགས་ཤིག་ནས་སྲོང་བཙན་སྒམ་པོའི་རུས་རྐང་རྡུང་དུས།
ཧམ་བཤད་ཧམ་བཤད་བྱས་ནས་བོད་ཆེན་པོ་ནག་བསུབ་གཏོང་ཐབས་བྱེད་དུས།
ང་དང་ངའི་གྲོགས་པོའི་བར་གྱི་བརྩེ་སེམས་ལ་རྒྱ་ཡང་ཉི་མ་ནུབ་ལ་ཕྱོགས་པ་ལྟར།
ཟླ་བ་བཟའ་ཡིས་ཟིན་པ་ལྟར།
སྐར་མ་སྤྲིན་གྱིས་སྒྲིབ་པ་ལྟར།
གང་ལ་བློ་གཏོད་མེད་པའི་ངང་ཚུལ་འདིས།
ལྷ་སྲས་དར་མའི་སྙིང་ཁམས་ཀྱི་ཁྲག་མཚོ་དཀྲུགས་ཡོད་ལ།
གླིང་རྗེ་གེ་སའི་ཕ་མཁར་ལ་མདའ་ཁ་སྐོར་ཡོད།
འདི་ནི་འཇིག་རྟེན་གྱི་ཆོས་ཉིད་ཤིག་ཡིན་ནམ།
འོན་ན་དཔལ་འབྱོར་གྱིས་སླུ་ཁྲིད་ཡིན།
མཚན་སྙན་ལ་ཆགས་ཞེན་གྱིས་ཡིན་ནམ།
ཅི་ཡིན་ན་ཡིན།
གང་ཡིན་ཀྱང་ཆོག
རང་གི་རེ་བ་དང་རྨི་ལམ་རང་གིས་འཚོལ།
ཉི་མ་དང། ཟླ་བ། སྐར་མ་ལ་མནའ་ཚིག་བཞག་པ་འདི།
རྡོ་ལ་བཀོད་པའི་རི་མོ་ལྟར།
བོད་བཙན་པོའི་མི་རིགས་ཀྱི་སྙིང་ལ་བཀོད་ཡོད་དོ།།།