རྔ་སྒྲ
གངས་རིའི་༧མགོན་པོ་ལ་ཁའི་སྨུག་སྤྲིན་གཅིག།
འབངས་མི་འགྱུར་མེད་རང་གཤིས་ཚ་བོ་གཉིིས།།
ཁ་བའི་ལས་དབང་འཆི་གསོན་འཐབ་རྩོད་གསུམ།།
བགྲང་བྱ་ལྔ་བཅུ་འབོད་ཚིག་འོག་ནས་ཐལ།།
ཉམ་ཆུང་གསར་འབྱོར་ཙག་ཙིག་ཚོང་ལས་བྲེལ།།
ཆར་སྤྲིན་དྲག་ཆར་ཁྲོད་ནས་འཚོ་ཐབས་བཙལ།།
ཟས་གོས་གནས་མལ་འཁྱོལ་ཙམ་ཡུལ་གྱར་བ།།
མཐོ་དམའ་མི་མཉམ་ཕྱི་ཡུལ་སྐྱོ་གར་ཞིག །
གཞུང་གི་རྐུབ་སྟེགས་སྟག་སྒོ་བརྒྱུད་ནས་འཚང་།།
སྟོང་གཏམ་མང་པོས་མི་དམངས་རྨོངས་པར་བྱས། །
ཅང་མེད་ཡིག་རྨོངས་མང་པོའི་ཚང་ཁའི་ཁྲོད།།
རང་དབང་སླར་གསོའི་བསྐལ་བ་ཧ་ཅང་ཕྲ།།
བཀའ་དང་བསྟན་བཅོས་ཚོང་གི་རྫས་སུ་གྱུར།།
བླ་མ་སྤྲུལ་སྐུ་དངུལ་ལོའི་བྲན་ཏུ་གྱུར།།
འགོག་མེད་ཨ་གསར་སེམས་ཁམས་རྒོད་པའི་ཁྲོད།།
སྐྱབས་བཅོལ་འཚོ་བ་བྱ་སྤུ་རླུང་འཁྱེར་འདྲ།།
ཤེས་ལྡན་མཁས་པ་དཔལ་འབྱོར་གཡོག་ཏུ་ཚུད།།
མ་འོངས་སོན་རྩའི་སློབ་མར་ལམ་སྟོན་དཀོན།།
སྐད་ཡིག་ལེགས་བྱང་ལ་ཁའི་ཉི་མ་བཞིན།།
གངས་ཅན་པ་ལ་བསམ་བློའི་མུ་གེ་བྱུང་།།
གཞུང་ཞབས་མི་སྣ་རྩ་དགོངས་སོང་བ་གཅིག།
གྲྭ་པ་བཙུན་མས་ན་བཟའ་ཕུད་པ་གཉིས།།
ན་ཆུང་སློབ་མས་སློབ་སྦྱོང་དོར་དང་གསུམ།།
འདི་གསུམ་གངས་ཅན་པ་ཡི་ཕམ་ཁ་ཡིན།།
ལྡི་ལི་ཨ་རིའི་གཞུང་ཚབ་སྒོ་སྔུན་ན། །
སྐྱ་སེར་དབྱེ་མེད་བོད་མི་འཚང་ཁ་རྒོད། །
ནུབ་ཕྱོགས་ཡུལ་དུ་བསྐྱོད་པའི་རྨི་ལམ་ལས། །
གངས་རིའི་ཞིང་དུ་ཕྱིར་ལོག་འདུན་པ་དབེན།།
ལྷོ་ཡི་ཕྱོགས་སུ་དགོན་སྡེ་ཁང་བརྩེགས་འགྲན།།
བྱང་གི་ཕྱོགས་ན་གཞིས་ཁྱིམ་གསར་བརྒྱག་མང་།།
དཔལ་ཡོན་གསར་བ་འདུ་འགོད་འཁྲུག་ཆའི་འོག།
རང་དབང་སླར་གསོའི་བསྐལ་བ་རྨི་ལམ་ཙམ། །
ན་ཆུང་སློབ་མ་དཔལ་འབྱོར་ཟང་ཟིང་གཡེང་། །
རང་གི་སྐད་དང་ཡི་གེ་རྗེས་ལུས་སེམས། །
ཡོད་ཚད་གཞན་དབང་ལད་ཟློས་འཚོ་བའི་ཁྲོད། །
མ་འོངས་སོན་རྩའི་མདུན་ལྗོངས་ཡིད་རེ་མུག །
འདི་ལྟར་བགྲང་བྱ་ལྔ་བཅུ་འཁོར་བའི་དུས།།
མི་རིགས་རྒྱལ་ཁབ་ལར་ཞེན་མགྲིན་པ་ཡན།།
སྐད་ཡིག་ལེགས་བྱང་མར་མེ་སྣུམ་ཟད་བཞིན།།
བོད་ཀྱི་ལོ་རྒྱུས་སྐྱོ་གར་འདི་ལྟར་གླེང་། །
ཁྱེད་ཀྱིས་བཤད་པ་བདེན་པ་རེད་ལ་བཙན་བྱོལ་བའི་གནས་སྟེང་ཡང་དེ་དེ་བཞིན་དུ་རེད། མུ་མཐུད་དུ་འདི་ལྟར་འགྲོ་རྒྱུ་ལས་དམིགས་གསལ་གྱིས་འགུལ་བསྐྱོད་འདྲ་རྒྱག་རྒྱུ་མིན་པ་འདྲ་ལ། འདི་ལྟར་བལྟས་འོང་དུས་འུ་ཅག་གི་འཚོ་བའང་ཧ་ཅང་སྐྱོ་ཙམ་ཡིན་པའང་བདེན་པ་རེད། དེ་ཁྱེད་ཀྱིས་ཀྱང་ཁས་ལེན་ཀི་རེད། གསར་འབྱོར་ཚོའི་ཚོང་ཙག་ཙིག་རེ་དང་ལས་ཀ་རེ་མ་ལས་པར་རང་དབང་ཆེད་དུ་འདུར་བསྡན་ན་ཁོང་ཚོའི་འཚོ་རྟེན་ཁྱེད་ཀྱིས་སྟེར་རྒྱུ་ཡིན་ནམ་ཡང་ན་བོད་གཞུང་གིས་གནང་རྒྱུ་རེད་འདིའང་ཁྱེད་ཀྱིས་ཤེས་ཀི་རེད། ལག་པ་བདེ་ཀི་ཟེར་ནས་བྲིས་བསྡད་ན་དེའང་བྲོ་བ་འདྲ་ཅང་མེད་ཀི གཙོ་བོ་དངོས་ཡོད་གནས་ཚུལ་ཤེས་དགོས་ཀི
རྔ་སྒྲས་ངུ་སྒྲ་སྒྲོགས་པ་ཅིས་མི་བདེན།
རང་དབང་རང་བཙན་སྒྲོགས་ཀྱང་ལོག་སེམས་མེད།
ཆོས་དང་རིག་གཞུང་སྒྲོགས་ཀྱང་སྤྱོད་སེམས་མེད།
གཞན་ཕན་སྒྲོགས་ཀྱང་རྟག་ཏུ་སྐྱོན་འཚང་འདོན།
ཐུན་མིན་ཆོས་རིག་སྒྲོགས་ཀྱང་གཞན་ནས་ལེན།
དག་སྣང་དགོས་པར་སྒྲོགས་ཀྱང་ཆགས་སྡང་བཟི།
ཆོལ་ཆོས་ཆིག་བསྒྲིལ་སྒྲོགས་ཀྱང་རང་རིགས་ཆགས།
དེ་ལྟར་བསམ་ཚེ་མི་རིགས་མདུན་ལམ་བརླག
རྒྱ་མི་དོགས་པས་ཕུང་མིན་མི་ཤེས་ཀྱང་།།
བོད་མི་རེ་བས་ཕུང་སྟངས་དེ་འདྲ་རེད།།
རྒྱ་མིས་བོད་ལ་གནོད་མིན་མི་ཤེས་ཀྱང་།།
བོད་མིས་བོད་ལ་ཕན་ལུགས་དེ་འདྲ་རེད།།
རྔ་སྒྲ་འཇིག་རྟེན་འདིར་སླེབས་པ་ནས་བཟུང་བོད་ཡིག་ལ་དུངས་ཤིང་བོད་ལ་གཅེས་པའི་སློབ་གཉེར་བ་གཅིག་ཡིན། འོན་ཀྱང་། ད་ལྟ་བར་རྩོམ་ཡིག་འདི་རྒྱ་ཆེ་ཀློག་པ་པོའི་སྤྱར་སྔར་འབུལ་པའི་སྤོབས་སེམས་བྱུང་མ་མྱོང་། དེ་རིང་མདུན་མཆོངས་ཤིག་བྱས་པ་ཡིན། རྩོམ་ཡིག་འདི་བཀླགས་རྗེས་ནོར་འཁྲུལ་དང་ཐལ་དྲགས་པའི་གནད་དོན་འགའ་ཤས་མཆིས་སྲིད་པས། རྒྱ་ཆེའི་བསམ་བློ་བ་རྣམས་དང་ཤེས་ལྡན་རྩོམ་པ་པོ་རྣམས་ཀྱི་ལམ་སྟོན་དང་བཀའ་སློབ་གང་མང་ཡོང་བར་ཡི་རངས་ཞུ། འདི་ནི་ཁ་བརྡའི་དྲ་ཚིགས་སྟེང་རྔ་སྒྲའི་ཆེས་ཐོག་མའི་མདུན་མཆོངས་ཤིག
རྔ་སྒྲ་ལགས། ཁམས་བཟང་། ཉིད་ཀྱིས་ཁ་བརྡ་དྲྭ་རྒྱའི་སྟེང་གི་རྩོམ་ཡིག་ཐོག་མ་དེ་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
རྩོམ་ཡིག་ཡག་པོ་དྲིས་འདུག།
རྩོམ་ཡིག་འདི་འབྲི་དོན་ཡང་བོད་ཀྱི་བསམ་བློ་བ་དང་རྩོམ་པ་པོ་མང་པོ་གཅིག་ནུབ་ཕྱོགས་སུ་ཁ་ཕྱོགས་པ་དང་ལྷག་པར་དུ་བོད་ཕྲུག་རྣམས་ལ་སློབ་སྟོན་པ་ཚད་ལྡན་པ་སོགས་ཀྱི་ཡིན། རྩོམ་ཡིག་འདི་བརྒྱུད་ནས་་ཕྱི་ཡུལ་གྱི་བསམ་བློ་རྣམས་ཀྱིས་རང་རེ་སློབ་ཕྲུག་མང་པོ་གཅིག་གསོ་སྐྱོང་ཡོང་བར་རེ་སྐུལ་ཞུ་རྒྱུ་ཡིན།