སྐྱོ་བྲག་དགའ་དབང་།
ཕ་མའི་བཀའ་དྲིན་བཟང་པོས། །ས་སྟེང་མི་ཡི་མཉམ་པོར། །འདོད་པའི་ཡོན་ཏན་དག་ལ། །ཡུན་རིང་སྤྱོད་རྒྱུ་རེད་སོང༌། །འོན་ཀྱང་ཕྱི་ཡི་གནས་ཚུལ། །ནང་གི་བསམ་པའི་ཁྱེར་སོས། །སྐྱོ་བའི་སྣང་བ་མ་གཏོགས། །དགའ་མོ་ཡོང་རྒྱུ་མི་འདུག །རྣམ་རྟོག་སེམས་ཀྱི་རླུང་གིས། །ང་རང་ཉམ་ཆུང་བྱི་འུ། །ཐག་རིང་མི་ཡི་ཡུལ་དུ། །འགྲིམ་པའི་སྐལ་བ་ཤར་བྱུང༌། །གྲངས་མེད་ཕོ་མོའི་འདུ་ལོང༌། །ནམ་ཡང་འབྲལ་དུ་མེད་ཀྱང༌། །སེམས་པ་གཏད་སའི་གྲོགས་པོ། །སླུ་མེད་འཕྲད་རྒྱུ་མི་འདུག །སྙིང་ནས་ཕན་པར་འདོད་པའི། །དྲིན་ཆེན་ཕ་མ་སྤུན་སྲིང༌། །བྱད་གཟུགས་ཡིད་ལ་འཁོར་བའི། །སྣང་བ་ལྡོག་རྒྱུ་མི་འདུག །མཐོན་པོ་དཔོན་གྱི་བྱ་བཞག །དམའ་མོ་སྤྲང་པོའི་ལས་ཀ། །མཐོང་ཐོས་བྱུང་བ་ཐམས་ཅད། །སྐྱོ་བའི་རྒྱུ་ལས་མི་འདུག །རང་སེམས་འདུལ་བའི་ཐབས་ཚུལ། །མ་ཤེས་ཕྱི་རོལ་སྣང་བ། །འཐོབ་འདོད་སྐྱེ་བོའི་བྲེལ་བས། །ཉ་མོ་གསོན་སྲེག་དྲན་ཡོང༌། །ཐ་སྙད་སྦྱང་བྱའི་རིག་གནས། །སྔར་དང་ད་ལྟར་བྱུང་རྣམས། །ཐམས་ཅད་སྦྱོང་དགོས་འདྲ་ཡང༌། །མི་ཚེས་འདང་ས་མ་རེད། །ཕན་པར་རློམ་པའི་རྒྱུས་ཀྱང༌། །སྡུག་བསྔལ་སྣ་ཚོགས་བསྐྱེད་པའི། །འགྲོ་བ་འདི་ཀུན་མཐོང་ཚེ། །སེམས་ལ་ངེས་འབྱུང་སྐྱེས་ཡོང༌། །སྐྱོ་བའི་འཆར་སྒོ་མང་པོ། །ཉིན་བཞིན་འཚུབ་པའི་ནང་དུ། །དགའ་བ་རེ་གཉིས་མ་གཏོགས། །ཡོང་རྒྱུ་དཀའ་མོ་རེད་གདའ། །ལུས་རྟེན་འདི་ཡི་རིང་དུ། །རྣམ་རྟོག་འདྲེ་མོའི་འཕྲུལ་གྱིས། །སྐྱོ་བའི་སྨུག་ལོང་བསྐྱེད་ནས། །ཕྱི་མར་འགྲོ་དགོས་ཡོད་གདའ། །མདོར་ན་འཇིག་རྟེན་འཁོར་བའི། །ཕྱི་ནང་དངོས་པོ་ཀུན་ཀྱང༌། །སྐྱོ་བའི་རྒྱུ་རུ་མ་གཏོགས། །རྣམ་ཀུན་ཕན་བྱེད་མ་མཐོང༌། །རང་ལ་དར་གུད་ག་འདྲ། །བྱུང་ཡང་ཕན་པའི་གྲོགས་པོ། །དམ་པའི་ལྷ་ཆོས་མ་གཏོགས། །ས་སྟེང་འདི་རུ་མི་འདུག །དངོས་མེད་སེམས་ཀྱི་གཏན་གྲོགས། །ཀུན་གྱིས་སྣ་ཚོགས་འཚོལ་ཡང༌། །འདོད་དོན་སྒྲུབ་པའི་ནུས་ལྡན། །ལྷ་ཆོས་མ་གཏོགས་མི་འདུག །རྒྱུས་མེད་མི་ཡུལ་འགྲིམ་ཚེ། །སློབ་སྟོན་ནར་མར་འབྱུང་བའི། །ལེགས་བཤད་དམ་ཆོས་མ་གཏོགས། །མགོན་སྐྱོབས་སུ་ཡང་མི་འདུག །དེས་ན་ང་ཡི་སེམས་པ། །དབང་མེད་ཤོར་སའི་ཤེས་བྱ། །དམ་པའི་ལྷ་ཆོས་མ་གཏོགས། །མཐོང་ཐོས་ཡོང་རྒྱུ་མི་འདུག །དྲང་པོའི་ལམ་བཟང་ཁོ་ནས། །བདེ་ཆེན་མཆོག་ལ་སྦྱོར་བའི། །སྐྱབས་མཆོག་དོན་ཀུན་གྲུབ་པ། །ནམ་ཡང་རྗེད་ཐབས་མི་འདུག །འབྲེལ་མེད་དོན་གྱིས་དབེན་པའི། །སྐྱོ་གླུ་སྨྱོ་གཏམ་མ་འདི། །གཞན་ཡུལ་ཁེར་རྐྱང་འཕྱན་པའི། །དགའ་དབང་སྨྱོན་པས་བླངས་སོ། །
སྐྱོ་བྲག་དགའ་དབང་ཡང་སྨྱོན་པ་ཆགས་འདུག སྐྱོ་བ་ལ། ད་ནི་མཛད་འཕྲིན་ཞིག་རྒྱས་སྲིད་ཀྱང་གླང་ཆེན་སྨྱོན་པ་ལྟར་རང་གཞན་ཀུན་ཀྱང་བརླག་མི་སྲིད་དམ།
གཞན་ཡུལ་ཁེར་རྐྱང་འཕྱན་པའི། །
དགའ་དབང་སྨྱོ་བ་མ་རེད། །
བོད་རིགས་ཆོས་སེམས་ཅན་ཞིག །
ངེས་འབྱུང་ཡི་སྐྱོའི་རྟགས་རེད། །
དགའ་དབང་ལ་ བློ་བུར་གྱི་ངེས་འབྱུང་སྤུ་སུད་ཅིག་སྐྱེ་འདུག་ཡ་ ངོ་མའི་བཟང་གི་