སྐྱོ་བྲག་དགའ་དབང་།
སྐྱོ་བྲག་ཅེས་པ་ནི་བོད་ཡུལ་གྱི་ལུང་པ་ཞིག་གི་མིང་སྟེ། ཡུལ་སྐད་དུ་སྐྱོབ་རག་ཟེར་བ་ནི་མིང་གཞི་རྗེས་མའི་བ་སྔོན་མའི་རྗེས་འཇུག་ཏུ་སྦྱོར་བའི་ཀློག་སྟངས་ཙམ་ལས་འབྲི་བ་ན་སྐྱོ་བྲག་ཉིད་ཡིན། མིང་འདི་འགྲོ་མགོན་ཏི་ཤྲི་རས་པའི་དག་སྣང་དུ། བུ་ཡར་ལྟོས་ངོ་མཚར་ལྟད་མོ་ལྟོས། །རྫ་ཆབ་བསྟི་ཞིང་སྐྱོང་དཀར་པོའི་མདུན། །ཆབ་ཟླ་ཆུ་སྔོན་མོའི་གཡས་ལོགས་ན། །དཔལ་ཤཱཀ་ཐུབ་ཀྱི་ཐུགས་རྗེས་བྱིན་བརླབས་ཤིང་། །མགོན་སྤྱན་རས་གཟིགས་ཀྱིས་ཐུགས་རྗེ་སྤྲོས། །རྗེ་པད་འབྱུང་ཆེན་པོའི་ཞབས་ཀྱིས་བཅགས། །སེམས་སྐྱོ་བའི་བྲག་རི་དཀར་པོ་འདི། །གནས་སེང་གེ་གནམ་མཆོང་མཚན་གསོལ་ནས། །ཡུལ་སྤྱི་འབྱམས་ཟུང་འབྲེལ་གནས་མཆོག་འདི། །བྲག་དཀར་གསལ་དར་དཀར་ཡོལ་བྲེས་འདྲ། །རྩེ་ལ་ལྷོ་སྤྲིན་འཇའ་སྤྲིན་འཁྲིགས། །ཕ་བརྒྱུད་པ་སུམ་ལྡན་བླ་མ་བཞུགས། །ལོགས་ན་རྩི་ཤིང་ནགས་ཚལ་བརྗིད། །རྒྱུད་སྡེའི་ལྷ་ཚོགས་ཐེམ་མེར་བཞུགས། །ཉིན་བཞིན་རོལ་མོའི་སྙན་དབྱངས་སྒྲོག །མ་གནས་གསུམ་མཁའ་འགྲོས་ཚོགས་འཁོར་སྐོར། །བྲག་ཆུ་ཤིང་གྲམ་ཁྲོད་དུར་ཁྲོད་གནས། །མགོན་ཆོས་སྐྱོང་སྲུང་མ་ཁྲོམ་ལྟར་འཚོགས། །ཞེས་མཁའ་འགྲོའི་ལུང་བསྟན་བྱུང་བའི་ནང་དུ། སེམས་སྐྱོ་བའི་བྲག་རི་དཀར་པོ་འདི། །ཞེས་ཡོད་པ་ལ་བརྟེན་ནས་ཐོགས་པའི་བཤད་སྲོལ་འདུག
དོན་ནི་རྗེ་བཙུན་མི་ལ་རས་པས། མི་མེད་བྲག་གི་ཕུག་པ་ན། །སྐྱོ་ཆད་དེ་བ་ལ་སངས་དུས་མེད། །བླ་མ་དུས་གསུམ་སངས་རྒྱས་ལ། །ཡིད་དུང་ངེ་བ་ལ་འབྲལ་བ་མེད། །ཅེས་གསུངས་པ་བཞིན། ཡུལ་འདིའི་རི་བྲག་རྣམས་སུ་རྒྱུ་འགྲུལ་བྱེད་པའི་བྱ་བཏང་རྣལ་འབྱོར་པ་རྣམས་དགའ་སྐྱོ་འདྲིས་མའི་རིག་པ་གསལ་དྭངས་ཀྱི་ངང་དུ་ཉིན་མཚན་ཁོར་ཡུག་འབྱམས་ཏེ་དགེ་བའི་ཕྱོགས་རྣམས་རང་ཤུགས་ཀྱིས་འབྱུང་བའི་སྒྲུབ་གནས་ཁྱད་པར་ཅན་དུ་བསྟན་པ་ཡིན། སྔ་ནས་ད་བར་སྒྲུབ་པའི་རྒྱལ་མཚན་འཛིན་པའི་སྐྱེས་བུ་ངོ་མཚར་ཅན་རྣམས་ཟམ་མ་ཆད་པར་བྱོན་དང་འབྱོན་བཞིན་ཡོད་པས་དོན་ལའང་གནས་པར་འཁུམས། ས་གནས་གང་དུ་ཡིན་པ་ནི། བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་མདོ་སྟོད་ཀྱི་ནང་ཚན་སྒོམ་སྡེ་ནང་ཆེན་གྱི་དབུས་ཕྱོགས་ཏེ། འཛམ་གླིང་གི་ཡང་རྩེ་མཐོ་སྒང་བོད་ཀྱི་ས་ཆའི་ལྟེ་བ་ཡིན་པར་གྲགས།
ཨེ་ཤ་ཡའི་གླིང་གི་ཆུ་བོ་རིང་ཤོས་ཡིན་པའི་ཟླ་ཆུའི་སྟོད་རྒྱུད་ཀྱི་འགྲམ་ངོགས། རོང་དང་འབྲོག་པའི་འབྲེལ་མཚམས། རི་ཆུའི་བཀོད་པ་མཛེས་ཤིང་རི་ལུང་ཐགས་སུ་བྲེས་པ། བྲག་རི་ཕལ་མོ་ཆེ་དཀར་པོ་དང་། ས་གཞི་ཕལ་མོ་ཆེ་སྤང་ལྗོངས། ཤུག་པ་ལ་སོགས་པའི་རྩི་ཤིང་ནགས་ཚལ་ཡང་གང་སར་སྐྱེས་པ། བྱ་བྱིའུ་རི་དྭགས་རྣམས་བག་ཡངས་སུ་རྒྱུ་བ། རི་སྟོད་རྣམས་ནི་རྟ་ནོར་ར་ལུག་སོགས་ཕྱུགས་ཟོག་འཚོ་བའི་རྩྭ་སྔོན་གྱིས་ཁེབ་པ། རི་སྨད་རྣམས་སུ་ནས་ལ་སོགས་པའི་འབྲུ་རིགས་སྐྱེ་བ། དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་བ་གསལ་བ། བསྟན་པའི་སྙིང་པོ་འབའ་རོམ་བཀའ་བརྒྱུད་པའི་ཟབ་ཆོས་ཉམས་སུ་ལེན་པའི་ཆོས་སྡེ་ཆེན་པོ་སྐྱོ་བྲག་དགོན་པས་སྐྱེ་བོ་རྣམས་སྐྱོང་བའི་ཡུལ་ཕུན་སུམ་ཚོགས་པ་ཞིག་ཡིན་ནོ། །
བཀོད་པའི་དཔར་རེ་ཡོད་ལ་ལེགས་སོ་སྙམ། སྐྱིད་བྲག་འབོད་པར་སྣང་ངོ་། གང་ཡིན་ན་ཤྲི་རས་པའི་དག་སྣང་དུ། བུ་ཡར་ལྟོས་ངོ་མཚར་ལྟད་མོ་ལྟོས། །རྫ་ཆབ་བསྟི་ཞིང་སྐྱོང་དཀར་པོའི་མདུན། །ཆབ་ཟླ་ཆུ་སྔོན་མོའི་གཡས་ལོགས་ན། །དཔལ་ཤཱཀ་ཐུབ་ཀྱི་ཐུགས་རྗེས་བྱིན་བརླབས་ཤིང་། །མགོན་སྤྱན་རས་གཟིགས་ཀྱིས་ཐུགས་རྗེ་སྤྲོས། །རྗེ་པད་འབྱུང་ཆེན་པོའི་ཞབས་ཀྱིས་བཅགས། །སེམས་སྐྱིད་པའི་བྲག་རི་དཀར་པོ་འདི། །གནས་སེང་གེ་གནམ་མཆོང་མཚན་གསོལ་ནས། །ཡུལ་སྤྱི་འབྱམས་ཟུང་འབྲེལ་གནས་མཆོག་འདི། །བྲག་དཀར་གསལ་དར་དཀར་ཡོལ་བྲེས་འདྲ། །རྩེ་ལ་ལྷོ་སྤྲིན་འཇའ་སྤྲིན་འཁྲིགས། །ཕ་བརྒྱུད་པ་སུམ་ལྡན་བླ་མ་བཞུགས། །ལོགས་ན་རྩི་ཤིང་ནགས་ཚལ་བརྗིད། །རྒྱུད་སྡེའི་ལྷ་ཚོགས་ཐེམ་མེར་བཞུགས། །ཉིན་བཞིན་རོལ་མོའི་སྙན་དབྱངས་སྒྲོག །མ་གནས་གསུམ་མཁའ་འགྲོས་ཚོགས་འཁོར་སྐོར། །བྲག་ཆུ་ཤིང་གྲམ་ཁྲོད་དུར་ཁྲོད་གནས། །མགོན་ཆོས་སྐྱོང་སྲུང་མ་ཁྲོམ་ལྟར་འཚོགས། །ཞེས་མཁའ་འགྲོའི་ལུང་བསྟན་བྱུང་བའི་ནང་དུ། སེམས་སྐྱིད་པའི་བྲག་རི་དཀར་པོ་འདི། །ཞེས་ཡོད་པ་ལ་བརྟེན་ནས་ཐོགས་པ་རེད། རྗེས་སུ་ནང་ཆེན་པ་ཡོན་ཏན་མེད་པའི་རྐྱེན་གྱིས་སྒྲ་ཟུར་ཆགས་ནས་སྐྱོ་བྲག་ཡིན་པར་བཤད་འདུག བདེན་པར་སྣང་ངོ་།
་་་་ སེམས་སྐྱིད་པའི་བྲག་རི་དཀར་པོ་འདི། ། ་་་་
སེམས་༼སྐྱིད༽་པའི་༼བྲག་༽རི་དཀར་པོ་འདི། །ཞེས་པ་ལྟར་སྐྱིད་བྲག་རང་དག་པར་སྣང་།
དགའ་དབང་ལགས་ལ་མཚམས་འདྲི་དང་སྦྲགས སྐྱོ་བྲག་ཅེས་པའི་མིང་དོན་འགྲེལ་བཤད་གནང་བར་བཀའ་དྲིན་ཆེ།
སྐྱོ་བྲག་ལ་ཡུལ་སྐད་དུ། སྐྱོབ་བྲག་ཅེས་འབོད་སྲོལ་ཡོད་པ་དེ་ནི། ལུང་པ་གཞན་དུ་ཡང་དེལྟར་འབོད་སྲོལ་ཡོད་པ་དཔེར་ན། བླ་བྲང་ལ་བླབ་བྲང་དང་། རྒྱ་མཚོ་ལ་རྒྱམ་མཚོ་ཞེས་འབོད་པ་གཅིག་པ་ཡིན་པ་འདྲ།
སྐྱོབ་རག་མ་མེད། སྐྱོ་བྲག་མ་རེད། ཡིན་རྒྱུ་ངོ་མ་དེ་སྐྱོ་རག་རེད་འདུག ས་ཆ་འདི་སྔོན་དུས་སུ་རུས་རྒྱུད་སྐྱོ་དང་རག་ཤུལ་ཟེར་བའི་ཚོ་ཁག་གཉིས་ཀྱི་ཆགས་ཡུལ་ཡིན་པས་ཡུལ་ལ་མིང་དེ་འདྲ་ཐོགས་ཚུལ་བཤད་མཁན་བྱུང་བ་དོན་ལ་གནས་པར་སེམས།