རྫ་ཚེ་རིང་བཀྲ་ཤིས།
གཞིས་དང་བྱེས་སུ་བསྐལ་བའི་ལོ་ཟླ་ལ། །
དྲན་པའི་གདུང་བ་ལྕི་བའི་ལོ་རྒྱུས་ཡོད། །
ལོ་རྒྱུས་ཕལ་ཆེར་ངུས་པའི་མཆི་མ་སྟེ། །
སེམས་ཀྱི་ངོགས་ན་བདག་པོ་མེད་པར་བཞུར། །
བྱམས་བརྩེའི་ཕྱག་ཟུང་སྙིང་གའི་ངོགས་ན་ཟུམ། །
ལོ་ངོ་དྲུག་ཅུར་ས་མཐའི་འཚོ་བ་བསྐྱལ། །
བརྒྱད་ཅུའི་བགྲེས་ཉམས་ཞལ་ཁྱིམ་ངོགས་སུ་བྲིས། །
འདི་ནི་བསམ་མི་ཕོད་ཀྱང་དེ་ལྟར་ལགས། །
གྱང་ལྡེབས་བཀལ་བའི་ལྷ་ས་འཇམ་ཐེང་ངེར། །
ཞིབ་ཏུ་གཟིགས་པའི་རྣམ་འགྱུར་ལྗིད་ཏིག་གེར། །
མི་ཡི་ལུགས་སུ་བསམ་བློ་བཏང་བ་ན། །
འདི་ནི་ཤིན་ཏུ་སྐྱོ་བའི་རབ་བྱེད་ལགས། །
སྤྱི་ལོ་༢༠༡༦ ཟླ་༣ ཚེས་༡༥ ལའོ།།