གྲིབ་གཟུགས།
སྐྲ་ལོ་མེད་ཤུལ་ནས་་
ཁོང་མོ་ཚོའི་འཇིག་རྟེན་ལ་ཁ་དོག་མེད་སོང་བ་ཡིན་ནམ།
སྦས་གནས་གང་ཞིག་ནས།
བཙུན་མ་ཟུར་པ་ཚོས་སྐྲ་ལོ་གསོག་པའི་བརྒྱུད་རིམ་སྙིང་རྗེ་བོ་དེ་ནི།
ཟ་མ་མོའི་སྐྱིད་སྡུག་ལ་གོ་བ་རྣལ་མ་ཕོག་པའི་མི་ཞིག་ལ་མཚོན་ན།
སེམས་པ་མི་འགུལ་བའི་རང་དབང་མེད་དེ།
ཁོང་མོ་ཚོའི་ངང་སྒུག་དང་རེ་སྨོན། སྤྲོ་སྣང་དང་ཡིད་ཆེས།
ཡོད་ཚད་ཞྭ་མོ་དམར་པོའི་འོག་ནས་འཚར་གྱིན་པའི་སྐྲ་ལོ་ཐུང་ཐུང་དེར་བཅོལ་ཡོད།
དེ་ལྟར་བསམས་ན།
ཁོང་མོ་ཚོས་རང་གི་བདག་པོ་ལ་རྩིས་འབུལ་ཞུ་བྱ་ནི།
མཚན་མོ་མང་པོ་མང་པོའི་རྨི་ལམ་སྐྱུར་མོ་དག་མིན་པར།
ཁེར་རྐྱང་དང་སྟོང་ཆས་བསྐྱལ་བའི་ལོ་ཟླ་སྐྱ་བོ་དེ་མིན་པར།
ལང་ཚོར་གཉེར་མས་དགུ་བཏུམས་བརྒྱབས་པ་ལ་ཕུལ་པའི་མིག་ཆུ་དྲོན་མོ་དེའང་མིན་པར།
ངང་སྒུག་དང་རེ་བའི་རྨི་ལམ་གྱིས་བཏུམས་པའི་སྐྲ་ལོ་ནར་མོ་དེ་ཡིན་ནམ།
“སྐྲ་ལོ་གཏུབ་དུས་སེམས་པ་སྐྱོ་སོང་།„
སྐད་ཆ་འདི་ནི་བདག་ལ་གྲོགས་མོ་ཞིག་གིས་བཤད་པ་རེད།
སྐད་ཆ་འདིས་བདག་ལ་སྨྲ་བ་མེད་པར་བྱས་སོང་ལ།
བདག་གི་ཉེ་སར་ཡོད་པའི་མི་ཚོའི་ངོ་གདོང་རེ་རེ་བཞིན་དྲན་དུ་བཅུག་སོང་།
སྐད་ཆ་འདི་ནི་མི་སེམས་རྣལ་མ་ཞིག་གིས་བཤད་པ་རེད་ཨང་།
སྐྲ་ལོ་བོར་ཤུལ་ནས།
ཟ་མ་མོ་ཞིག་ལ་ཡོད་འོས་པའི་སྙིང་སྟོབས་ཀྱང་བོར་སོང་བ་རེད།
སྐྲ་ལོ་བོར་ཤུལ་ནས།
རང་ཉིད་མི་ཡུལ་གྱི་མ་ཡུམ་ཞིག་བྱ་ཆོག་པའི་རང་རྩིའི་འདུ་ཤེས་དེའང་བོར་སོང་བ་རེད།
ཕལ་ཆེར་དེ་འདྲའི་རིགས་ཀྱང་ཡོད་པ་འདྲ་ཨང། བཀླགས་ཡོད།
འདི་ནི་མི་སོ་སོའི་ཕུགས་བསམ་རེད་ལ་མི་སོ་སོའི་རེ་སྙེགས་ཡང་རེད། ང་ཚོའི་བྱུས་གཏོགས་བྱེད་དགོས་ཡ་མི་འདུག་སོ་སོའི་འདམ་ཀ་རེད།