ཀྱེ་མ་ཧོ།
ཀ་བ་ཀ་གཞི་གཏོར་བའི་མཚན་མོ་ནག་པོ། །
ཁ་བའི་བླ་སྲོག་ཤོར་བའི་ཉིན་ཞག་ནག་པོ། །
ག་ས་གང་དུ་ཁྱབ་པའི་ལྟས་ངན་ནག་པོ། །
ང་ཚོ་བོད་པས་མྱོང་བའི་སྡུག་བསྔལ་དྲག་པོ། །
ཅ་ཅོའི་སྨྲེ་ངག་སྒྲོག་པའི་ས་ཡོམ་ཆེན་པོ། །
ཆ་མེད་ཚེ་སྲོག་འཕྲོག་པའི་མི་རྟག་རྒྱལ་པོ། །
ཇ་ཆང་ལོངས་སྤྱོད་བཅོམ་པའི་འཕོ་འགྱུར་སྡུག་པོ། །
ཉ་ཉོག་དྭ་ཕྲུག་ལྷག་པའི་སྐྱོ་གདུང་མང་པོ། །
ཏ་ལན་ཕྲག་ཏུ་ཁྱེར་པའི་ཡུལ་ཤུལ་སྤྲང་པོ། །
ཐ་དག་གོད་ཆག་ཤོར་པའི་གྲོང་དགོན་ཞིག་པོ། །
ད་ལྟ་དྲན་པས་གདུང་ཚེ་མཆི་མ་དམར་པོ། །
ན་ཚ་བཟོད་ཐབས་བྲལ་བའི་ལས་ངན་བཙན་པོ། །
པ་ར་མི་ཏའི་དགེ་འདུན་འདུས་སྡེ་དང་པོ། །
ཕ་མའི་ཤ་ཁྲག་བསྲེག་པའི་རི་ལུང་ཕུང་པོ། །
བ་བེའུ་ཁ་བྲལ་ལྟ་བུ་ངུ་ངག་གཟེན་པོ། །
མ་ཎིའི་དབྱངས་རྟ་མགུར་བའི་སྨོན་ལམ་སྙན་པོ། །
ཙ་རྡུལ་ཤིང་ཐལ་སྤུངས་པའི་རི་ཤུལ་རིང་པོ། །
ཚ་སྲེག་མེ་མཆོད་འབུལ་བའི་དུ་བ་སྟུག་པོ། །
ཛ་དྲག་དཀྲེས་སྐོམ་མྱོང་བའི་དཀའ་སྤྱོད་ཁག་པོ། །
ཝ་ལེར་སེམས་ལ་དྲན་པའི་སྡུག་བསྔལ་གསོན་པོ། །
ཞ་ལོང་ཆག་གྲུམ་བཟོ་བའི་གཡུལ་ས་དོད་པོ། །
ཟ་གོས་ཁང་ཁྱིམ་རལ་བའི་འཆི་ཁྲལ་སེར་པོ། །
འ་ཅག་སྤུན་ཟླར་མྱོང་བའི་འཇིགས་སྐྲག་དཔོན་པོ། །
ཡ་མེད་ས་ཡོམ་ངན་པའི་གཡོ་འགུལ་ནག་པོ། །
ར་བ་ཁང་གཞིས་བརྡལ་བའི་གཤིན་རྗེའི་དྲག་པོ། །
ལ་ལུང་ཐ་བས་བསྐང་པའི་མཚོན་རྡུལ་ཕུང་པོ། །
ཤ་ཁྲག་དུམ་བུར་བཤིག་པའི་ལན་ཆགས་ཧྲུལ་པོ། །
ས་གཞི་སྟེང་འོག་བསྒྱུར་པའི་བདུད་སྲིན་འཇིགས་པོ། །
ཧ་ཅང་གནོད་ཚབས་ཆེ་བའི་ལོ་རྒྱུས་དམར་པོ། །
ཨ་ཁ་ཟླ་བཞིའི་བཅུ་བཞི་དྲན་པའི་རྡོ་རིང་སྔོན་པོ། །
ལོ་རྒྱུས་སྣོད་བཅུད་ཉམས་པའི་བརྡ་རྟགས་ངན་པ། །
འགྲོ་ཁམས་ཡོངས་ལ་མི་འབྱུང་སྨོན་ལམ་འདེབས་སོ། །
འབྱུང་བ་ས་ཆུ་མེ་རླུང་དགྲ་བགེགས་བྱུང་ཚེ། །
སྒྱུ་ལུས་སྣོད་བཅུད་ཉམས་པའི་ལྟས་ངན་བཟློག་ཕྱིར། །
ཨོ་རྒྱན་སྒྱུ་འཕྲུལ་གསང་སྙིང་དེ་ཉིད་བདག་པོས། །
མཆོག་ཐུན་དངོས་གྲུབ་སྩོལ་བའི་བླ་མས་སྐྱོབས་ཤིག །
ཞེས་པ་སྤྲུལ་སྐུ་དབང་ཆེན་རིན་པོ་ཆེས་བསྐུལ་བར་ལྟར་སྒ་སྐྱེ་རྒུའི་མདོའི་ས་ཡོམ་ཆེན་པོ་རྗེས་དྲན་གྱི་བསྔོ་སྨོན་དུ་གང་ཤར་ཤྲྰི་ཨེ་མ་ཧོས་ཟླ་ཚེས་དེ་ཉིད་བྲིས་པ་དགེའོ། །
ད་བསྐུལ་མཁན་དང་བསྐུལ་ས་གཉིས་ཀ་ཨ། ཨོམ་ཨ་ཧུང་། ་་་
རྣམ་རྟོག་ལྟས་ངན་ནག་པོ་རྐྱང་བྱུང་ཚུལ་བྲིས་འདུག་པས་ཀློག་རྒྱུར་རྣམ་རྟོག་ཟ་བྱུང།