གནས་ཚུལ་མཁོ་སྤྲོད་པ་ཨཱཅརྱ་ཚུལ་ཁྲིམས་རྒྱ་མཚོ།
༄༅།། འཛམ་གླིང་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་ལྔར་ཕེབས་པའི་༸སྐུ་འཁྲུངས་སྐར་འདི་བཞིན་གནས་དུས་དང་འཚམས་པར་སྲུང་བརྩི་གཟབ་རྒྱས་ཞུས། སྒང་ཏོག་སེར་བྱེས་འགྲོ་ཕན་གླིང་དགོན་དུ་འཚོགས་པའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་དབུ་འཛིན་འབའ་ཉག་རིན་པོ་ཆེ་བཀྲ་ཤིས་གདན་ས་པ་མཆོག་དང་། འབྲས་གཞུང་དྲུང་ཆེ་ཟུར་པ་ཚེ་མཆོག་གླིང་རིན་པོ་ཆེ་བསྟན་འཛིན་དགེ་ལེགས། འབྲས་གཞུང་དྲུང་ཆེ་ཟུར་པ་ཚེ་རྒྱལ་བཀྲ་ཤིས་རྣམ་གསུམ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རྩ་གཞིས་ཚེ་རིང་དབང་ཕྱུག་དང་རྒྱུན་ལས་རྣམ་པ། རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་འགོ་འཛིན་མི་འགྱུར་གཡུ་སྒྲོན། རིས་མེད་དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ། སྒང་ཏོག་བོད་ཀྱི་སྐད་ཡིག་གཅེས་འཛིན་ཚོགས་ཆུང་གི་ཚོགས་གཙོ་མཁན་པོ་ཆོས་དབང་དང་ཚོགས་མི་རྣམ་པ། ས་གནས་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། སྐྱིད་སྡུག་དང་སྡེ་ཚན་ཁག་གི་སྐུ་ཚབ་བཅས་མི་གྲངས་ལྔ་བཅུ་ཙམ་ལྷན་འཛོམས་ཐོག་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས།
དེ་ཡང་ཐོག་མར་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་། རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་མ་ཎི་གསོག་སྒྲུབ་དང་། གསོལ་ཇ་འབྲས་སིལ་ཕུལ་རྗེས་དབུས་བོད་མིའི་སྒྲིག་འཛུགས་༸དཔལ་ལྡན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་བས་མཚོན་ལས་རིམ་ཁག་དང་། འདི་ལོར་དམིགས་བསལ་དཔལ་ལྡན་དབུས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་ཤག་ནས་ཕྱི་ལོ་ ༢༠༢༠ ལོ་འདི་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་བཞིན། སྒང་ཏོག་བོད་ཀྱི་སྐད་ཡིག་གཅེས་འཛིན་ཚོགས་ཆུང་གི་ངོས་ནས་གཙོ་བོར་བློ་གསར་བོད་ཕྲུག་རྣམས་ཀྱིས་༸གོང་ས་མཆོག་གི་བླ་ན་མེད་པའི་ཐུགས་རྗེའི་བཀའ་དྲིན་དང་མཛད་པ་འཕྲིན་ལས་ཤེས་རྟོགས་ཡོང་ཆེད་དང་། གང་གི་རྗེས་འཇུག་ཡིན་པའི་དགའ་སྤོབས་བསྐྲུན་ཐབས་བཅས་ལ་དམིགས་ཏེ་གོ་སྒྲིག་ཞུས་པའི་ <༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་བྱིས་པའི་མངོན་བསྟོད་> ཅེས་པ་སྒང་ཏོག་ཁུལ་གྱི་སློབ་མའི་བརྙན་ཐུང་འགྲན་བསྡུར་བྱུང་བ་ལས་སྡེ་ཚན་གོང་འོག་གི་ཨང་རིམ་སོན་པའི་སློབ་མ་རྣམས་ལ་བྱ་དགའ་གཟེངས་བསྟོད་བསྩལ་བ་དང་། བརྙན་ཐུང་ཁག་གཅིག་མི་མང་ལ་གཟིགས་འབུལ་ཞུས་ཐུབ་པ་བྱུང་། དེ་བཞིན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་༸སྐུའི་འཁྲུངས་སྐར་ཉིན་འབྲས་གཞུང་སྨན་ཁང་དུ་འབུལ་རྒྱུའི་ཁྲག་ཞལ་འདེབས་བསྡུས་པར་མི་གྲངས་བརྒྱ་དང་ཉི་ཤུ་ལྷག་གིས་ཁྲག་སྦྱིན་གནང་བ་དང་། ས་གནས་བོད་མིའི་ཚོགས་པ་དྲུག་གིས་ས་ཁུལ་དྭ་ཕྲུག་གསོ་སྐྱོང་ཁང་དུ་ཟས་སྦྱིན་གནང་བས་མཚོན་དམངས་ཕན་དགེ་སྒྲུབ་ཀྱི་བྱ་བ་བཟང་པོའི་སྒོ་ནས་༸རྒྱལ་བའི་༸སྐུ་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པའོ༎