བྲོ་འཚལ།
དུས་རབས་ཉེར་གཅིག་ལ་ཐོད་འདི་ལ་མཐོ་སྒང་བོད་པ་འདི་བ་ཚང་།།
གསོད་གསོད་རྒྱོབས་རྒྱོབས་ཉིན་མཚན་བསྐྱལ་བ་དམྱལ་བའི་ས་གཞི་ཆེན་པོ་འདྲ།།
གནས་དང་ས་ཆ་དམག་མིས་བསྡམས་ཏེ་མདའ་དང་གྲི་ཁ་བྲང་ཁར་གཏད།།
རྩྭ་དང་རྩི་ཤིང་བརྩད་ནས་བཀོག་སྟེ་སྒང་བ་བོད་ལ་ཟས་ཁ་གཅོད།།
མི་ཕྱུགས་གཅིག་གི་འདུ་ཤེས་བཟུང་ནས་ཡོད་ཚད་མུན་པའི་བཙོན་དུ་འདེད།།
རང་ས་དྲོན་མོ་ལག་མཐིལ་ཙམ་ཡང་རང་ལ་མི་དབང་བཙན་གྱིས་འཕྲོག།
རྟ་དང་བོང་བུའི་རིན་ཐང་མེད་པར་བོད་མི་ཚང་མ་བཤས་རྭར་འཁྲིད།།
རང་གི་ལྟ་བར་མོས་མཐུན་མེད་ན་ཞྭ་མོ་ཆེན་པོ་བསྐོན་ནས་ནི།།
མ་ཉེས་ཁག་འདོགས་འདྲ་མིན་བཀོལ་ནས་གཅེས་སྲོག་ཕྲ་མོ་གཅོད་ལ་རྩོམ།།
རང་དང་གཞན་ཞེས་ཁ་ཁ་དབྱེ་ནས་ཉེས་ཅན་བཞིན་དུ་བཙོན་དུ་འཇུག།
སུ་ལ་བཤད་ན་བསྟོད་པ་རྐྱང་ལས་མི་དགའ་ཚིག་ཟུར་ཙམ་གྱིས་ནི།།
བརྡུང་བརྡེག་ནན་མོས་མགོ་སྔ་མི་ཚང་ཞ་བོ་ཉིད་དུ་གཏོང་བའི་དུས།།
བྱེས་འབྱོར་འདི་ན་བན་བོན་རྩོད་ཅིང་གཅིག་ལ་གཅིག་ཕམ་སྤྱོ་ཞིང་སྡང་།།
ཁ་རྩུབ་ཚིག་རྩུབ་ནང་དུ་བསྐོར་ནས་གཅིག་ལས་གཅིག་ཐུལ་སྨོད་ཅིང་འཕྱ།།
ཁྱོད་དང་ང་ཞེས་ཕྱོགས་སུ་འཐེན་ནས་ཆིག་སྒྲིལ་དཔུང་པ་རྩད་ནས་གཅོད།།
རིག་རིག་ཐུག་ཐུག་གཅིག་ཏུ་བསྡེབས་ནས་རང་སྐྱོན་རི་འདྲ་འགབ་པའི་ཁྲོད།།
གནས་ལུགས་ལོ་རྒྱུས་བདེན་པ་མ་མཆིས་ཁ་ཤེད་དཔུང་གིས་ཚིག་ཕྲེང་གིས།།
གཞན་སྐྱོན་ཤིག་འདྲ་འུར་གྱིས་སྒྲོགས་ནས་བྱེས་པ་ཐམས་ཅད་གཡོས་ལ་སྦྱོར།།
གན་དང་འདི་མིན་མཁས་ཚུགས་བར་ནས་ཐམས་ཅད་རྒྱུ་དང་དཔལ་ལ་རྔམ།།
བླ་དང་སྤྲུལ་སྐུའི་མིང་བྱང་འོག་ནས་འཇིག་རྟེན་ཆོས་བརྒྱད་གཡེང་བའི་གཞིར།།
རྒྱུ་དང་འབྱོར་བས་བསླུ་བྲིད་བཙན་པོས་མི་བུ་དྲང་ཚུགས་རུལ་བར་བྱོས།།
ཁ་ཡག་ངོ་དགའི་ཤ་ཆང་མདུན་ནས་རང་ས་དྲོན་མོའི་ལས་བསྐལ་བཙོང་།།
སྙན་སྙན་གཏམ་གྱི་གཡོ་ཚིག་མདུན་ནས་དྲང་པོའི་གདེན་པ་རིང་ནས་བོར།།
ད་དུང་ཁ་ནས་ཡོད་ཡོད་ཟེར་ནས་རྫུན་མའི་ངོ་གདོང་མཐར་བཀྱེད་དེ།།
གཅིག་གིས་གཅིག་ལ་དགྲ་བོ་བཞིན་དུ་གསར་རྙིང་ཞེས་ནི་སྙིང་ནས་རྩོད།།
གཅིག་གིས་གཅིག་ལ་ཆོས་རྒྱུད་ཟེར་ནས་ཁ་ལག་གཉིས་ཀ་ཁོམ་སྐབས་མེད།།
གཅིག་གིས་གཅིག་ལ་རང་ལུགས་སྒྲོགས་ཞེས་རང་བཙན་དབུ་མའི་ལྟ་བའི་སྣེར།།
གཏད་སོ་མེད་པ་ཁྱི་སྨྱོན་བཞིན་དུ་ངེས་མེད་གང་སར་ཟུག་ཀྱང་རྨུགས།།
དབུ་མ་ཡིན་ཞེས་ཡར་ལ་བཀྱག་ནས་མགོ་བོ་གནམ་ཡང་རལ་བར་བྱེད།།
རང་བཙན་ཡིན་ཞེས་མར་ལ་གཡུགས་ནས་རྐང་པའི་རྡོག་སྣེས་བརྫིས་པའི་ཁྲོད།།
རང་མིང་སྐམ་པོ་ཡང་ཡང་འཁུར་ནས་སྒམ་པོའི་རང་ཚུགས་བཅོས་མ་ཡིས།།
སྲིད་ཁྲི་ཟློས་གར་གཅིག་ལས་གཅིག་ཡག་བྱེས་པ་ཚང་ལ་མང་དུ་སྟོན།།
གཞན་རྗེས་ལག་བསུབ་ཞོར་ལ་འཕྲོས་ནས་རང་མིང་སྐམ་པོ་ཡར་ཡང་བརྗོད།།
གང་ལ་བལྟས་ན་ལག་རྗེས་ཅན་དང་མིང་གིས་བརྗིད་པ་ཏག་ཏག་ཡིན།།
གང་ལ་ཉན་ན་དཔའ་བོ་དཔའ་མོ་རྐྱང་རྐྱང་ཡིན་ཞེས་སྒྲོགས་པ་ཡིན།།
གང་དུ་སོང་ན་ང་དང་ཁོ་ཞེས་ཕྱོགས་འཐེན་རིས་པ་ཁག་ཅིག་ཡིན།།
ལྷ་གཅིག་སྐྱབས་རྗེ་གངས་རིའི་མགོན་པོ་སྒང་པ་བོད་འདི་ག་རེ་རེད།།
ཐོག་མར་རང་བཙན་བརྩད་ནས་ཉི་ཤུ་འདས།།
དེ་ནས་བདེ་སྐྱིད་སྒྲུབ་ཏེ་ལོ་ཤས་འདས།།
བར་དུ་དབུ་མའི་ལྟ་བའི་མྱུ་གུ་འཁྲུངས།།
ད་ཆ་རང་སྲིད་རང་སྐྱོང་ཙམ་ལའང་འཚིམས།།
མི་རྟག་སྒྱུ་མའི་དཔེ་ཞིག་འདི་ན་མཆིས།།
ཐོག་མར་རྒྱ་དང་འབྲེལ་ན་སྲོག་ཉེན་ཡོད།།
བར་དུ་རྒྱ་ཕོགས་ཟས་ན་ནག་ཆེན་བརྩི།།
ད་ཆ་རྒྱ་དང་འགྲོགས་ན་གཟི་བརྗིད་བགྲངས།།
དུས་རབས་དགུ་བཅུར་རང་བཙན་དཔའ་བོའི་དབྱངས།།
དུས་རབས་ཉི་ཤུར་རིམ་བཞིན་ཕྱེད་ཙམ་ཉམས།།
ད་ཆ་རང་བཙན་གླེང་ན་ནག་ཉེས་འགེལ།།
མི་རྟག་སྒྱུ་མའི་ངང་ཚུལ་བརྒྱ་སྦྱིན་གཞུ།།