ཨ་འདུས་པ།
དོ་ནུབ་དགུང་གི་ཟླ་བ་ཤིན་ཏུ་དཀར།།
དྲི་མེད་སྣང་བ་ཨ་མའི་བརྩེ་འཛུམ་འདྲ།།
བསིལ་བའི་འོད་དང་འཇམ་པོའི་ཕྱག་ཟུང་གིས།།
བདག་གི་གདོང་ལ་ཡང་ཡང་རེག་ན་སྙམ།།
གལ་སྲིད་བདག་ལ་གཤོག་ཟུང་ཐོག་གྱུར་ན།།
ལན་གཅིག་ཟླ་བའི་གོ་ལར་འཕུར་འདོད་ཅིང་།།
ཟླ་བའི་སྲིང་མོའི་ཇ་ཁང་ཡངས་མོ་དེར།།
འོ་ཇ་འཐུང་བཞིན་གནའ་གཏམ་གླེང་ན་འདོད།།
ཟླ་བའི་གོ་ལ་ཧ་ཅང་ཆེ་མོད་ཀྱང་།།
རྒྱང་ནས་བལྟས་ན་བག་ལེབ་ཕྱེད་ཀ་འདྲ།།
ཕལ་བའི་མིག་གིས་ཇི་བཞིན་མི་མཐོང་བ།།
གནས་ལུགས་འདིས་ཀྱང་ཟུར་ཙམ་བསྙད་འདུག་གོ།
ལན་རེར་ཟླ་བའི་ནང་གི་རི་བོང་བཙལ།།
སྐབས་རེར་ཟླ་བའི་ལྷ་མོའི་ཟུར་མིག་མྱུལ།།
འོན་ཀྱང་སྐར་མ་དག་གི་ཕྲག་དོག་གིས།།
ལན་དེ་ད་དུང་བདག་ལ་རྙེད་མ་གྱུར།།
བདག་ནི་ཟླ་བར་དགའ་ཞིང་ཟླ་བར་དད།།
ཟླ་བའི་ཟེར་དང་གཏམ་ལ་ལྷག་ཏུ་དགའ།།
ཧ་ཅང་ལྷིང་འཇགས་ཡིན་པའི་སྒེའུ་ཁུང་ནས།།
གཅིག་པུར་ཟླ་བར་མིག་ཟུང་ཅེར་ནས་ཡོད།།
———ཨ་འདུས་པས་བཅོ་ལྔའི་མཚན་མོར་ཟླ་བར་ཅེར་བཞིན་བྲིས་སོ།།
ང་ཡི་མདུན་གྱི་ནམ་མཁའ་ལ། །
ཟླ་དཀར་དཀར་པོ་ཤར་ནས་འདུག །
བོད་ཚེས་བཅོ་ལྔའི་ཟླ་བ་འདྲ། །
ང་རེའི་སྙིང་སྡུག་མཛེས་མ་འདྲ། །