སྤོབས་པ་མཐའ་ཡས།
རང་ཉིད་ལོ་དུ་མའི་རིང་ལ་བོད་ཡིག་གི་ཁ་བརྡར་ཞུགས་པའི་ཉམས་མྱོང་དང་། སྐད་ཡིག་གཞན་གྱི་སྟེང་གི་དྲ་བའི་ཁ་བརྡ་བ་ཚོའི་གནས་སྟངས་ལ་ལྟ་ཞིབ། སྤྱི་ཚོགས་ཀྱི་དྲ་བའི་བརྒྱུད་ལམ་གྱི་འཕེལ་ཕྱོགས་ལ་བལྟས་ནས་བསམ་འཆར་དང་འབོད་སྐུལ་འདི་དག་ཞུ་འདོད་བྱུང་། སྤྱིའི་ཆ་ནས་བོད་སྐད་ཀྱི་དྲ་བའི་བརྒྱུད་ལམ་གྱིས་བཟང་ཕྱོགས་ཀྱི་གྲུབ་འབྲས་མང་དུ་ཐོན་བཞིན་འདུག ལོ་རེ་ཟུང་གི་ནང་ལ་དྲ་བའི་བརྡ་ལ་དགའ་མཁན་ཁ་ཤས་རེ་ཐོག་མར་དྲ་ཐོག་ཁ་བརྡར་ཞུགས་སྐབས་ཚིག་གྲུབ་གཅིག་གི་ནང་ན་ཡིག་ནོར་ལྔ་དྲུག་ཡོད་པ་དེ་ཚོ་ད་ལྟ་རྩོམ་ཡིག་ཧྲིལ་པོར་ཡིག་ནོར་ལྔ་དྲུག་ལས་མེད་མཁན་ཁ་ཤས་དངོས་མཐོང་བྱུང་། བྱེ་བྲག་གི་ཆ་ནས་ཡར་རྒྱས་གཏང་དགོས་ས་ཡང་མང་དུ་ཡོད་པར་མཐོང་།
འདི་ནི་རང་ཉིད་སྒེར་གྱི་བསམ་ཚུལ་སྐབས་བབ་ཀྱི་གནད་དོན་དང་ཆ་རྐྱེན་ཁ་ཤས་ཕྱོགས་བསྡུ་བྱས་པ་ཙམ་ལས་ཁ་བརྡ་དྲ་བའི་སྒྲིག་ལམ་མིན་ལ། ཚོགས་སྡེ་གཞན་དང་། མཁས་པ་གཞན་གྱིསལེགས་སྒྲིག་བྱས་པའི་རྩོམ་ཡིག་ལ་དཔེ་བཅད་སྒྱུར་སྒྲིག་བྱས་པ་ཡང་མིན་པས་འགྲིགས་དང་མི་འགྲིགས་དང་སྣོན་འཕྲི་བཅོས་བསྒྱུར་ཀྱི་བླངས་དོར་བྱེད་པར་དགའ་བསུ་ཡོད། བོད་སྐད་ཡིག་གི་སྤྱི་ཚོགས་དྲ་བའི་བརྒྱུད་ལམ་གྱི་འཕེལ་ཕྱོགས་ལེགས་ལམ་དུ་འགྲོ་བ་དེ་ནི་བོད་མིའི་ཆིག་སྒྲིལ་དང་། སྐད་ཡིག་བཀོལ་སྤྱོད། དུས་དང་མཐུན་པའི་བསམ་སྤྱོད་སྤེལ་ཐབས། བསམ་ཚུལ་བརྗེ་རེས་ཀྱིས་ཕན་ཚུན་རོགས་འདེགས་བཅས་ལ་གཡོལ་དུ་མེད་པའི་ཐབས་ལམ་ཞིག་ཡིན་པས་ཚང་མས་ཆ་ཤས་ལེན་པ་དང་འགན་འཁུར་རོགས་འདེགས་གནང་རོགས་ཞུ་བཞིན་ཡོད།
✓ དྲ་འབངས་ཀྱི་བཟང་སྤྱོད། དྲ་བའི་ཐོག་ཏུ་མི་སྒེར་དང་ཚོགས་སྡེ་གང་རུང་གི་བྱ་བ་ལེགས་ཉེས་དང་འབྲེལ་བའི་གླེང་གཞི་སྤེལ་སྐབས་འོས་བབ་ཡོད་པ་དང་། ཚོད་འཛིན་ཡོད་པ། དབྱེ་ཞིབ་ཡོད་པ། དཔང་རྟགས་ཡོད་པ་ཞིག་དགོས། དེ་མིན་པའི་གླེང་ཕྱོགས་སྤེལ་ནས་ཉེས་སྐྱོན་མེད་པ་ཡོད་པར་བྱེད་ཐབས་དང་། ཆུང་བ་ཆེ་རུ་བཟོ་བའི་གཡོ་སྒྱུའི་ལག་ཉེས་ནམ་ཡང་ཐལ་མི་རུང་བ་དེ་ནི་དྲ་འབངས་ཤིག་གི་རྩ་བའི་དམ་ཚིག་དང་པོ་ཡིན། བཟང་བསྟོད་ཀྱི་རིགས་ཀྱང་དེ་མཚུངས་ཡིན།
དྲ་ཐོག་གི་བཅོས་མའི་ཁྱབ་བསྒྲགས་ཀྱིས་འཚོ་བའི་རྐུན་ཇག་ལུང་པ་གང་ཡོད་པས་རང་ཉིད་དེའི་ཆ་ཤས་དང་དེའི་ལག་ཆར་མི་འགྱུར་བ་བྱ་རྒྱུ་དེ་ཡང་དྲ་འབངས་ཤིག་གི་རྩ་བའི་དམ་ཚིག་གཉིས་པ་ཡིན། དྲ་བའི་ཐོག་ཏུ་ཉེས་མེད་ཉེས་འཛུགས་དང་། ཉེས་པ་ཆུང་བ་ཆེ་རུ་བཟོས་པའི་གླེང་ཕྱོགས་ཀྱི་གནོན་ཤུགས་མ་བཟོད་པར་མི་སྒེར་བ་མང་པོའི་སེམས་ལ་དཀའ་ངལ་འཕྲད་བཞིན་ཡོད་ལ། ལྷག་པར་ཡང་དྲ་ཐོག་ནས་སྙད་རྐོ་བའི་མ་རབ་ཐ་ཤལ་གྱི་སྤྱོད་ངན་ལ་བརྟེན་ནས་ཁོག་རྒྱ་དང་ཉམས་མྱོང་ཆུང་བའི་གཞོན་ནུ་མང་པོས་རང་སྲོག་གཅོད་རྐྱེན་ཚུན་དུ་འགྱུར་བཞིན་ཡོད་པས་མི་སྒེར་གྱི་འདྲ་པར་དང་། མི་སྒེར་གྱི་གནས་ཚུལ་ཞིབ་ཕྲ། མི་སྒེར་གྱི་མིའི་བར་གྱི་འབྲེལ་བའི་གནད་དོན། སྒེར་གྱི་མི་ཚེ་དང་འབྲེལ་བའི་གནས་ཚུལ་རིགས་ལ་ལག་པ་འཆངས་བར་ཧ་ཅང་གཟབ་དགོས།
རང་རེ་ཡང་ས་སྟེང་འདིའི་དྲ་འབངས་ཀྱི་ཆ་ཤས་སུ་གཏོགས་ཟིན་པས་ན་དྲ་འབངས་ཀྱི་བཟང་སྤྱོད་ནི་མེད་དུ་མི་རུང་བ་ཞིག་ཡིན། དྲ་འབངས་ཀྱི་བཟང་སྤྱོད་ནི་མིའི་སྤྱི་ཚོགས་ཀྱི་ཡ་རབ་དཔལ་ཡོན་ཟེར་བ་འདིའི་ཆ་ཤས་ཡིན་སྟབས་འཇིགས་སྐུལ། དམོད་ངན་བོར་བ་དང་། ཆགས་ཚིག་དམར་རྗེན་སོགས་སྤྱི་ཚོགས་ཀྱི་གུས་ལུགས་དང་མི་མཐུན་པའི་བརྗོད་ཚིག་མི་སྤེལ་བ་སོགས་ཀྱང་ཚུད་ཡོད། མདོར་ན་དྲ་ཐོག་གི་ཡ་རབ་བཟང་སྤྱོད་ཀྱང་མིའི་རིགས་ཀྱི་ཡ་རབ་དཔལ་ཡོན་སྤྱི་མཚུངས་བཞིན་མི་རང་རང་སོ་སོས་ལེགས་ཉེས་དབྱེ་འབྱེད་ཀྱི་རྣམ་དཔྱོད་བེད་སྤྱད་ནས་ཕྱིར་མངོན་དགོས་པ་ཞིག་ལས་ཁྲིམས་དང་སྒྲིག་ལམ་ཁོ་ནས་སྟངས་འཛིན་ནུས་པ་ཞིག་མིན།
✓ རང་དབང་། ཁ་བརྡ་ངོ་མ་ཞིག་བྱེད་པ་ལ་རང་དབང་ནི་མེད་དུ་མི་རུང་བ་ཞིག་ཡིན། རང་དབང་འདིའི་ནང་དུ་ཤེས་ཡོན་སློབ་སྦྱོང་གི་གནས་ཚད་མི་འདྲ་བ་དང་། བསམ་བློ་གཏོང་སྟངས་མི་འདྲ་བ། ཡིད་ཆེས་བྱེད་སྟངས་མི་འདྲ་བ་ཚང་མར་ཁ་བརྡ་བྱེད་པའི་ཐོབ་ཐང་ཡོད་དགོས། ཁ་བརྡའི་རང་དབང་ཞེས་པ་དེ་ནི་རྒྱུ་མཚན་གླེང་བའི་ཆ་རྐྱེན་བསྐྲུན་པ་དང་གོ་སྐབས་ཡོད་པ་ཁོ་ན་ལ་གོ་དགོས་པ་ཡིན། མདོར་ན་རྒྱུ་མཚན་ནི་ཁ་བརྡའི་སྲོག་ཡིན།
✓ གདེངས་ཚོད། ཁ་བརྡའི་ནུས་པ་ངོ་མ་དེ་ནི་དྲ་འབངས་ལ་འུར་སློང་བ་ཙམ་མིན། དྲ་མཆན་འབོར་ཆེན་ཞིག་སླེབས་པ་ཙམ་གྱིས་རང་གི་ང་རྒྱལ་འཕེལ་བ་དང་དྲ་མཆན་ཉུང་ངུ་ལས་མ་སླེབས་པས་རང་གི་བརྗོད་གཞི་དེ་ནུས་མེད་དུ་ངོས་འཛིན་པ་ནོར་འཁྲུལ་ཡིན། དྲ་འབངས་ཕལ་ཆེ་བ་ནི་འབྲོག་པའི་ཁྱི་ཚོགས་དང་མཚུངས་པར་རྐུན་མ་སྡུག་པོ་དེ་ཚོ་མ་གཏོགས་འཛིན་མི་ཐུབ། ཁ་བརྡ་ཡིད་ཚིམ་པ་ཞིག་ཡོང་བ་ལ་གདེངས་ཚོད་གཅིག་དགོས་པ་དེ་ནི་བདེན་པ་གླེང་བའི་ཡིད་ཆེས་ཡོད་དགོས་པ་དེ་ཡིན། རང་ཉིད་ཀྱིས་གང་གླེང་བ་དེ་རྒྱུ་མཚན་ལ་དཔང་པོ་བཅོལ་བ་དང་། བདེན་པས་སྲོག་ཤིང་བྱས་པ། རྒྱུ་འབྲས་ལ་མངོན་ལྐོག་ཐུབ་པའི་ཁ་བརྡ་ཞིག་ཡིན་ཕྱིན་ཚིག་རེ་རེ་བཞིན་གསེར་གྱི་ཏོང་ཙེ་རེ་རེ་ཡིན་པས་ལེགས་པའི་རིན་ཐང་དེ་སུས་ཀྱང་དམན་དུ་གཏོང་མི་ནུས།
✓ འགྱུར་བ། ཁ་བརྡ་བ་ལ་འགྱུར་བ་ཡོད་ཆོག མི་ཡིན་ན་ནོར་འཁྲུལ་ཡོད་པས་ཁྱབ་ཅིང་ནོར་འཁྲུལ་ལ་འགྱུར་བར་འཛེམས་མི་རུང་། ཡར་རྒྱས་ཞེས་པ་དེ་ཡང་འགྱུར་བའི་ཆ་ཤས་ཤིག་ཡིན། ཐ་ན་རང་གིས་གང་བཤད་པ་སྔ་ཕྱི་འགལ་བ་ལ་ཡང་སྐྲག་མི་རུང་། ལོ་ཤས་སྔོན་དང་། ཟླ་ཤས་གོང་། ཐ་ན་ཉིན་ཤས་སྔོན་ལ་བཤད་པ་ལ་ཡང་འགྱུར་བ་གཏོང་དགོས་སར་གཏོང་ཕོད་དགོས། ཡིན་ན་ཡང་སྔ་མ་ལས་ཕྱི་མ་གལ་ཆེ་བའི་ཡིད་ཆེས་རྒྱུ་མཚན་ངེས་པར་དུ་དགོས། དེ་ལྟ་བུའི་འགྱུར་བ་ཕྱིན་པ་རང་ཉིད་ཀྱིས་ངོས་ལེན་ཐུབ་པ་དང་གཞན་ལ་ཤོད་ཕོད་དགོས། དེ་བཞིན་དུ་འགྱུར་བ་ནི་འགྲུལ་བཞུད་ཅིག་དང་མཚུངས་པར་རང་ཉིད་མི་སྒེར་གྱི་བློ་ཡིད་ཚིམ་པ་དང་། མི་ཚེ་ཡི་ཉམས་མྱོང་རག་པ། ནང་བསམ་པའི་ངོ་མཚར་ལྟད་མོ་མི་འདྲ་ཞིག་ལ་རོལ་བ་ཡིན་པས་ནང་སེམས་ཀྱི་ལྟ་ཚུལ་འགྱུར་བ་ནི་ནམ་ཡིན་ཡང་བདེ་སྐྱིད་བླ་ན་མེད་པ་ཞིག་ཡིན།
✓ ངོ་ལོག་པའི་རང་གཤིས། ཁ་བརྡ་བ་ཁྱད་ཆོས་ཡོད་པ་ཞིག་བྱེད་པ་ལ་ངོ་ལོག་པའི་རང་གཤིས་ངེས་པར་དུ་ཡོད་དགོས། གལ་ལ་ཐུག་ན་དཔེ་མཛོད་བསྲེག་ཕོད་པ་དང་འགག་ལ་ཐུག་ཉིན་མཆོད་ཁྲི་བཤིག་ཐུབ་པའི་ངོ་ལོག་གི་གཤིས་ཀ་དེ་མེད་ན་བློ་ཡིད་ཚིམ་པོ་ཞིག་མེད། དེ་ནི་རྙིང་བ་ཐམས་ཅད་འདོར་དགོས་པ་དང་གསར་བ་ཐམས་ཅད་ལེན་དགོས་པའི་དོན་མིན་པར་རུལ་སུང་གི་ཆ་འདོར་ཕོད་པའི་སྙིང་སྟོབས་ཤིག་ཡིན། ངོ་ལོག་པ་མེད་པའི་སྤྱི་ཚོགས་ནི་མཆོད་རྟེན་ལ་སྐོར་བ་བྱས་པ་བཞིན་དུ་དལ་བྲེལ་གང་ཞིག་གིས་འགྲོ་ཁུལ་བྱས་རུང་སླེབས་འགྲོ་ས་ཞིག་མེད་པར་ཡང་བསྐོར་བསྐྱར་འཁོར་བྱས་ནས་འདུག་པ་ལས་མེད་པས་ཁ་ཕྱོགས་གཞན་འཚོལ་ཕོད་པའི་སེམས་ཤུགས་ཡོད་དགོས།
✓ རིང་ཐུང་འཚམས་པོ། དྲ་ཐོག་གི་ཁ་བརྡའི་བརྗོད་གཞི་ལ་མེད་ཐབས་མེད་པའི་ཆ་རྐྱེན་གཅིག་ནི་རྩོམ་ཡིག་རིང་ཐུང་འཚམས་དགོས། འདི་ནི་ཤོག་ཐོག་གི་རྩོམ་ཡིག་དང་མི་འདྲ། གློག་འཕྲུལ་གྱི་བཅོས་མའི་འོད་ལ་ཡུན་རིང་པོར་མིག་གི་ནུས་ཤུགས་བསྒྲིམས་དྲགས་ན་ལུས་ལ་གནོད་པས་རྩོམ་ཡིག་རིང་དྲགས་ན་དྲ་འབངས་མང་པོས་དགའ་མོས་མི་བྱེད། དྲ་ལམ་ལ་རིན་སྤྲོད་དགོས་པས་དྲ་ཐོག་ཏུ་དུས་ཚོད་སྐྱེལ་བ་ནི་དྲ་འབངས་མང་པོའི་དངུལ་ཁུག་དང་འབྲེལ་བ་དམ་པོ་ཡོད་སྟབས་དྲ་ཐོག་ཏུ་དུས་ཚོད་དམ་འཛིན་དེ་གལ་ཆེན་པོར་བརྩི།
ད་ེབཞིན་དུ་དྲ་ཐོག་གི་དཔེ་ཀློག་ནི་དཔེ་དེབ་བཞིན་དུ་འགྲོ་འདུག་འགུལ་སྐྱོད་མང་བའི་དུས་སུ་སྟབས་བདེ་མེད་པ་སོགས་ལ་བརྟེན་དྲ་ཐོག་གི་བརྗོད་གཞི་རིང་དྲགས་པ་དེ་སྐྱོན་ཆེན་པོ་ཡིན། འོན་ཀྱང་རང་གི་བསམ་ཚུལ་བརྗོད་གཞི་དེ་ལ་འགྲེལ་བཤད་ཡག་པོ་ཞིག་ཐུབ་དགོས། དྲ་ཐོག་ན་བདམ་ཀ་མང་སྟབས་དྲ་དམངས་ཕལ་མོ་ཆེའི་ཁྱོད་ཀྱི་རྩོམ་ཡིག་ལ་མིག་ཤར་གཅིག་བྱས་རྗེས་ནང་དོན་བློ་ངོར་མ་འཇགས་ན་བརྗོད་གཞི་གཞན་ཞིག་ལ་འཚོལ་སྙེགས་བྱས་ནས་འགྲོ་བ་ཡིན་པས་རང་གི་བརྗོད་གཞི་དེ་ཁ་གསལ་པོས་ཤོད་ཐུབ་དགོས་སྟབས་ཧ་ཅང་ཉུང་དྲགས་ཀྱང་མི་རུང་། རྩོམ་ཡིག་རིང་པོའི་རིགས་རྣམས་དུམ་ཚན་དུ་བགོས་ནས་རིམ་པར་བཏང་ན་བཟང་།
✓ སྐབས་བབ་ཀྱི་བརྗོད་གཞི་མི་བོར་བ། དྲ་ཐོག་གི་ཁ་བརྡ་ལ་དཀའ་ངལ་ཞིག་ཡོད་པ་དེ་ནི་དྲ་འབངས་ཕལ་མོ་ཆེས་བརྗོད་གཞི་ངོ་མ་དོར་ནས་བརྗོད་གཞི་དང་འབྲེལ་བ་མེད་ས་ཞིག་ལ་ཤོར་འགྲོ་བ་དེ་རེད། ཁ་བརྡའི་བརྗོད་གཞི་ངོ་མ་དེ་བོར་བརླགས་སུ་ཤོར་མི་འཇུག་པའི་ལས་འགན་ནི་ཁ་བརྡའི་བརྗོད་གཞི་སྤེལ་བ་པོ་རང་ཉིད་དང་། དྲ་འབངས་དཔྱོད་ལྡན། དྲ་བདག་བཅས་ཀྱི་འགན་གཙོ་བོ་ཞིག་རེད། དྲ་ཐོག་གི་ཁ་བརྡའི་ནུས་ཤུགས་གཏོར་བཤིག་ཏུ་གཏོང་མཁན་ཚོའི་འཐབ་ཇུས་ཡོད་ན་མེད་ན་དེ་ནི་སྐབས་བབ་ཀྱི་བརྗོད་གཞི་དང་མ་འབྲེལ་བའི་ལམ་ལ་ཁྲིད་ཐབས་བྱེད་པ་དང་། ཚིག་ཉོགས་མང་པོ་སྤེལ་ནས་དོན་གནད་གཙོ་བོ་སྒྲིབ་པ། དོན་གནད་ཕྲན་ཚེགས་ལས་གླེང་བསླངས་ནས་བརྗོད་གཞི་གཙོ་བོ་བོར་ཐབས་བྱེད་པའི་གདུག་རྩུབ་ཅན་གྱི་གཡོ་ཇུས་དེ་ཚོ་ཡིན་པས་ཁ་བརྡ་ངོ་མ་ཞིག་བྱེད་བསམ་ན་དེ་ལྟ་བུའི་འགལ་རྐྱེན་ལ་གདོང་ལེན་འཐབ་འཛིངས་བྱས་ནས་རང་གི་བརྗོད་གཞི་ངོ་མའི་སྟེང་དུ་ཁྲིད་པར་འབད་བརྩོན་བྱེད་དགོས།
ཡ་ཡ་། ཁྲ་ཁྲ་འུག་པའི་སྒྲོའདྲ་འདྲ། མི་རྟག་སེག་ལས་ཁ་འདྲ་འདྲ། མྱི་ཁྱོད་ལ་བཤད་རྒྱུ་མང་གི། ཁ་སང་དེ་རང་ཞིག་ལ་སྤོབས་པ་མཐའ་ཡས་ཟེར་ན། མགོ་ནས་བཟུང་ངས་སྤྲུག་རྒྱུ་ཟེར་ནི། ཞབས་ནས་བཟུང་ངས་སྐྱོབས་རྒྱུ་ཟེར་ནི། འཇིག་རྟེན་རྒན་པོར་བློ་མི་འདྲི་ཟེར་ནི། ཡར་ལྷ་ཤམ་བྷོར་མཆོད་མི་བཀུར་ཟེར་ནི། བོས་ན་མྱིང་ཅན་ཡིན་ཟེར་ནི། བགོས་ན་སྐལ་ཅན་ཡིན་ཟེར་ནི། མྱི་ཆེན་བླ་མར་ཐུགས་དཀྲུག་ཕོད་ནི། ཟོག་ཆེན་གཏེ་ཚོགས་ཁ་སྐྱིལ་ཐུབ་ནི། མྱི་ནུས་བ་ཅན། ཁ་འདྲ་མིན་ཅན། ཁྱོ་སུ་ཞིག་ཡིན་ནི་མི་ཤེས་འི། ཁྱོས་ཅི་ཞིག་བཤད་ཡོང་མི་ཚོར་ཀི། རྒྱུ་མཚན་དེའི་ཆེད་དུ། ངས་ཁྱོད་ལ་མཆོད་རྟེན་ལ་གཡོན་སྐོར་རེ་མ་བྱེད་ཟེར་རྒྱུ་ཡིན།
བདེན་པ་རི་འདྲ་བ་ཞིག་བཤད་འདུག རྣམ་དཔྱོད་ཅན་གྱི་ཤེས་ཡོན་པ་ཟེར་ན་དེ་འདྲ་རེད། སོ་སོའི་མ་མཐའི་འགན་འཁྲི་དེ་གང་ཡིན་ཤེས་འདུག་པས་མ་ཚད། རང་གི་འགན་འཁྲི་དེ་ལྟར་ལངས་ཕྱོགས་བརྟན་པོའི་ངང་སྒྲུབ་མཁན་ཞིག་ཀྱང་རེད།
ངས་ཁ་བརྡ་དུས་ཡུན་རིང་པོར་བཀླགས་པའི་མྱོང་ཚོར་ལ། སྤོབས་མཐའ་ནི་དྲ་འབུ་གཏིང་ནག་ཅན་ཚོ་ལྟར་དོན་མེད་ངང་མི་གཞི་ལ་དམའ་འབེབས་ཁྱད་གསོད་རིགས་བྱེད་མཁན་དེ་འདྲ་ཡེ་ནས་མ་ཡིན་པར། བརྗོད་གཞི་དང་འབྲེལ་ཡོད་ཐོག་ནས་རང་གི་བསམ་ཚུལ་གང་ཡིན་ཐད་ཀར་གླེང་མཁན་གྱི་དྲ་གྲོགས་ལེགས་གྲས་ཤིག་རེད། དངོས་གནས་དྲ་འབངས་ཀྱི་བཟང་སྤྱོད་དེ་ཧ་ཅང་གལ་ཆེན་ཞིག་རེད།
སྤོབས་མཐས་ཡག་པོ་བཤད་འདུག བརྗོད་གཞི་ཡང་རྒྱ་ཆེན་པོ་རེད། རེད་ཁས་ལེན་སྔ་ཕྱི་འགལ་བ་དང་ལག་ལེན་སྔ་གཞུག་འགལ་བ་སོགས་ནི་ཡར་རྒྱས་ཀྱི་གོམ་པ་ཡིན་ཟེར། སྤོབས་མཐའང་དེ་བཞིན་རེད། སྔོན་མ་ཡིན་ན་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱིས་བཟི་སྟེ་རྩོམ་མཆན་མང་པོ་སྤེལ་ཡོད། མ་ཟད་སེང་རྡོར་དྲ་བའི་ནང་དུ་རྩོམ་མཆན་སྤེལ་མཁན་བོང་རྫི་ཟེར་བ་དེ་དང་སྤོབས་མཐའ་ཟེར་བའི་སྨྱུག་མིང་འོག་ནས་རྩོམ་སྤེལ་མཁན་གཉིས་ཀ་མི་གཅིག་རེད་ཟེར། ཡིན་ནའང་ཁ་བརྡའི་ནང་དུ་ཡོང་མཁན་སྤོབས་མཐས་སྔར་ཆོས་ལུགས་རིས་སུ་ཕྱེ་བའི་གཏམ་མང་དུ་སྨྲས་མོད། དེང་སང་ག་རབས་དྲག་ཏུ་ཕྱིན་ཏེ་་་་མཐོ་སའི་དཔོན་རིགས་བླ་ཆེན་སྤྲུལ་སྐུ་བཅས་ལ་ཁ་བསྒྱུར་བྱས་སོང། བོང་རྫི་ཟེར་བ་དེ་ནི་ད་ལྟའང་སེང་རྡོར་དྲ་རྒྱའི་ནང་གི་ཆོས་ལུགས་ཀྱི་ཕྱོགས་རིས་ཀྱིས་བཟི་བའི་སྤྱང་ཀི་ཞིག་ཏུ་བརྩི་བཞིན་འདུག གང་ལྟར་ཁྱེད་ནས་དྲ་ཉུལ་བ་དག་གི་བཟང་སྤྱོད་ལ་སྐད་ཆ་བཤད་པ་དེ་ལ་དགའ་བསུ་ཡོད་ལ་རང་གིས་ཀྱང་དེ་ལྟར་ལག་ཏུ་ལེན་པའི་རེ་བ་ཡོད།
ཆོས་རྒྱུད་དང་གྲུབ་མཐའི་སྐོར་ནས་བགྲོ་གླེང་དང་དྲི་བ་ཁ་ཤས་རེ་འདོན་མྱོང་། ལ་ལ་ལ་ནི་ལན་རེ་རག་གི་འདུག ལ་ལ་ལ་ནི་རག་མ་སོང་། གང་ལྟར་གནས་སྐབས་རིང་ཁ་རོག་གེར་བསྡད་ཡོད། དྲི་ས་རེ་རྙེད་ན་ད་དུང་ཡང་དྲི་བ་ལུང་པ་གང་ལུས་བསྡད་ཡོད། དེང་སང་བསྟན་པ་གྲུབ་མཐའི་ལ་རྒྱ་འཛིན་མཁན་མང་དྲགས་སོང་བ་མ་གཏོགས་རིགས་པ་འཚོལ་མཁན་ཉུང་དྲགས་སོང་བས་ད་ནི་ང་ཡི་ཆད་བསྡད་ཡོད།
ཡར་རྒྱས་ཀྱི་སྐོར་ནས་བདེན་པ་རེད། མི་ཡིན་ན་ནོར་འཁྲུལ་ཡོད་པས་ཁྱབ་པ་ཡིན་སྟབས་ངས་ཀྱང་དྲ་ཐོག་འདི་ནས་ཉེས་པ་མང་པོ་བསགས་ཡོད་པ་གཏན་ཁེལ་བ་རེད། ཡིན་ན་ཡང་ཡར་རྒྱས་གཏོང་བའི་སེམས་ཤུགས་བཅོས་མ་མ་ཡིན་པ་ཞིག་ཡོད།
སྤྲུལ་སྐུའི་ལམ་ལུགས་ཡིན་ན་འདྲ། བོད་སྐད་ཡིག་གི་ཉནས་རྒུད་དོན་རྐྱེན་ཡིན་ན་འདྲ། བོད་རྒྱའི་ན་ན་ཚ་ཚ་དེ་ཡིན་ན་འདྲ། བོད་དང་བོད་ལ་འབྲེལ་བའི་མི་མང་གི་སྐྱིད་སྡུག་གླེང་དགོས་དུས་མི་འདོད་བཞིན་དུ་བླ་ཆེན་སྤྲུལ་ཆེན་ཁྱིམ་ཆེན་དེ་ཚོ་མི་གླེང་ཐབས་མེད་འདྲ་བ་ཞིག་ཆགས་ཡོང་གི་འདུག དགའ་བཞིན་སྤྲོ་བཞིན་དུ་གང་ཡང་མིན། མཚམས་མཚམས་ལ་སྐྲག་ཀྱང་སྐྲག་གི་འདུག
ཤེས་ཡོན་པའི་འགན་འཁྲིའི་སྐོར་ནས་གཟབ་དགོས་པའི་སྐད་ཆ་མང་པོ་ཞིག་བཤད་པ་དགའ་བསུ་དང། མུ་མཐུད་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་སྤོ་རྒྱུ་ནི་ང་ཚོ་ཚང་མའི་འགན་དུ་འཁུམས་སོ།
འདི་ལྟར་བོད་ཡིག་ལ་སྐྱབས་སུ་སོང་ན་ཁྱེད་ཅག་སྐྱོབ་ཐུབ་ངེས་ཡིན། དེ་ནས་ཁྱེད་ཅག་གིས་ཀྱང་བོད་ཡིག་སྐྱོབ་ཐུབ། དེས་ན་དོན་གྱིས་རང་ཉིད་སྐྱབས་པར་མ་ཟད་མི་རིགས་ཀྱང་སྐྱབས་པའོ།
གང་ལྟར་སྤོབས་མཐའི་བསམ་ཚུལ་གྱི་ལྟ་བ་དང་ཁ་ཕྱོགས་བསྒྱུར་ནས་ཡུན་རིང་ཕྱིན་མེད། ད་ནི་ཁ་ཕྱོགས་དེ་མཐོ་རིམ་གྱི་དཔོན་རིགས་དང་བླ་ཆེན་མི་ཆེན་དེ་ཚོར་ཕྱོགས་པ་ནི་བོད་མི་རིགས་འདི་ཡིས་དམངས་གཙོ་ཅུང་གོ་རྟོགས་ཆེ་རུ་འགྲོ་བ་དང་ཀླད་པ་གསར་པར་བཤགས་བཅོས་བྱས་ཏེ་ཅུང་འགྱུར་བའི་རྟགས་མཚན་རེད། ཡིན་ནའང་ད་དུང་ཀླད་པ་གཤགས་བཅོས་བྱས་པ་དང་མ་བྱས་པ་གཉིས་ལས་མ་བྱས་པ་གང་འཚམས་མང་བ་ཡོད་པས་ཀླད་གསར་དུ་ཁས་འཆེ་བ་དག་འཕག་འཚག་ཆེན་པོ་རྒྱབ་མི་ཐུབ། དེ་ལའང་དུས་ཚོད་གང་འཚམས་འགོར་སྲིད། མ་གཞི་ནས་འགྱུར་བ་འགྲོ་ཚུལ་ལའང་བཟང་ཕྱོགས་ཀྱི་འགྲོ་ཚུལ་དང་ངན་ཕྱོགས་ཀྱི་འགྲོ་ཚུལ་ཡོད་པ་རེད།
ལེགས་པོ་གསུངས་འདུག་་་རྒྱབ་སྐྱོར་ཡོད་་་
ཁ་བརྡའི་ནང་བོད་ཡིག་ཡར་རྒྱས་སོང་བ་དངོས་འབྲེལ་ཡིན། ང་རང་ལ་མཚོན་ན་ཚིག་མཛོད་མདུན་དུ་བཞག་པ་སྔོན་སོང་ཐོག་མཆན་བྲིས་ཀྱིས་ཡོད། ཁྱེད་རྣམ་པར་གུས་ཞབས་ཡིན་ནམ། གང་ལྟར་དངངས་སྐྲག་ངང་འབྲི་བཞིན་ཡོད།
སྤོབས་པ་ལགས་ནས་ཡག་པོ་བྲིས་འདུག ཇི་སྲིད་དྲ་འབངས་ནང་ཡོད་པ་དེ་སྲིད་མེ་ལོང་དང་། དུང་ཆེན་གཉིས་ཀ་ཕྱག་མཚན་དུ་གཟུང་བའི་རེ་སྨོན་ཞུ།
བསམ་ཚུལ་ཞིག་ལ། ཁྱེད་རྣམ་པས་མཆན་རྒྱབ་སྐབས་དོན་གནད་དང་གོ་རྒྱུ་ཡོད་པའི་ཐོག་བསམ་ཚུལམང་ཙམ་དང་མཆན་མང་པོ་ཡོང་ཐུབ་ན་གཞན་རྣམས་རང་བཞིན་གྱི་ཡལ་འགྲོ་ཡི་རེད་སྙམ། རེ་གཉིས་ནས་རང་གིས་བྲིས་པ་འདིར་མཆན་མང་པོ་ཡོང་བར་བསམ་ནས་གནས་ཚུལ་འདྲ་མིན་འབྲི་བཞིན་ཡོད་པའང་སྲིད།
བཟང་གི ཤུགས་རྒྱོབ། བོད་ཀྱི་མ་འོངས་བའི་ཆེད་དུ་ང་ཚོ་མང་མས་ཤུགས་རྒྱག་ངེས་ཡིན། སུ་ཁ་གཏད་ལང་དགོས་ཀྱང་ལང་ངེས་ཡིན།
ཁ་བརྡ་ལ་ཡར་རྒྱས་འདོད་ན། མ་རབས་ཀྱི་སྤྱོད་པ་སྤང་། ཡ་རབས་ཀྱི་སྤྱོད་པ་བླང་།
སྤོབས་པ་མཐའ་ཡས་ལ་གདེང་དངོས་མ་ཡོད་ན། གཟུ་བོར་གནས་པའི་སྒོ་ནས། གཤམ་གསལ་གྱི་བརྗོད་པ་དེའི་ནང་གི ཤོད། ཅེས་པ་དེ་འཆད་ཅེས་པའི་བྱ་ཚིག་ད་ལྟ་བའི་བསྐུལ་ཚིག་ད་ལྟ་བ་བཞིན་བཀོལ་བ་ལ་ཁ་ནས་གང་འཐོན་པ་དེ་གཙོ་ཆེར་འཛིན་པ་མ་གཏོགས། དེ་ལྟར་བཀོལ་སྤྱོད་བྱེད་པ་ལ་རྒྱུ་མཚན་ཡང་དག་ཅིག་ཡོད་དམ།
གཞན་ལ་ཤོད་ཕོད་དགོས།
རང་ཉིད་མཁས་པར་རློམ་པ་འགའ་ཞིག་ལ་དྲི་བ་དང་། རྒྱུ་མཚན་ཡང་དག་རེ་འབྲི་བ་ན། གར་སོང་ཆ་མེད་དུ་གྱུར་ནས། འདི་ཡིན་དང་། འདི་མ་ཡིན་གྱི་ལན་འབྲི་བ་ལ་བློ་ཞུམ་པ་རེ་ཡང་མཐོང་།
སྤོབས་པ་མཐའ་ཡས་དེ་ལྟར་མ་ཡིན་པར་ཡིན་པ་ལ་ཡིན་པ་དང་། མ་ཡིན་པ་ལ་མ་ཡིན་ཞེས་གསལ་པོར་སྟོན་ཐུབ་མཁན་ཞིག་འདུག ཅེས་སེམས་སོ།